bayul

སྦས་ཡུལ་པདྨ་བཀོད་ཀྱི་ལོ་རྒྱུས།

ལོ་རིམ་ལྔ་པའི་སློབ་གཉེར་བ། སྤྲུལ་སྐུ་བསྟན་པ་རྒྱལ་མཚན།

མཐིང་གའི་མདོག་ཅན་གཞི་གྲོལ་གདོད་མའི་མགོན།།
རྫུས་སྐྱེས་སངས་རྒྱས་རིག་སྔགས་འཆང་བའི་ཚུལ།།
མཚན་དཔེའི་འོད་འབར་བརྟུལ་ཞུགས་གྲུབ་པའི་དཔལ།།
རང་བྱུང་ལྷུན་གྲུབ་པདྨ་ཐོད་ཕྲེང་འདུད།།

སྦས་ཡུལ་རྒྱལ་པོ་པདྨ་བཀོད་ལྗོངས་ཞེས།།
རྡོ་རྗེའི་གསུང་ལས་ཡང་ཡང་བསྔགས་པ་སྟེ།།
གནས་དེའི་ལོ་རྒྱུས་རྒྱ་མཚོ་ཆེན་པོ་ལས།།
ཆུ་ཐིགས་ཙམ་ཞིག་འདི་ན་གླེང་བར་བྱ།།

ཞེས་རིགས་འདུས་ཨོ་རྒྱན་ཆེན་པོ་ལ་མི་ཕྱེད་དད་ཕྱག་སྔོན་དུ་བཏང་ནས་འདིར་སྐབས་སུ་བབས་པ་སྦས་ཡུལ་ཡོངས་ཀྱི་རྒྱལ་པོ་པདྨ་བཀོད་ཀྱི་ལོ་རྒྱུས་རགས་ཙམ་གླེང་བར་བྱའོ།།

གང་དུ་ཆགས་པའི་ཡུལ།

སྦས་ཡུལ་རྒྱལ་པོ་པདྨ་བཀོད་ཅེས་ཡོངས་སུ་གྲགས་པའི་འོག་མིན་ས་སྤྱོད་ཀྱི་ཞིང་ཁམས་ཆེན་པོ་འདི་ཉིད་གང་དུ་ཆགས་པའི་ཡུལ་ནི། དབུས་འགྱུར་མ་ག་དྷ་རྡོ་རྗེ་གདན་གྱི་བྱང་ཕྱོགས་བསིལ་ལྡན་བོད་ཁ་བ་ཅན་གྱི་ལྗོངས་ཞེས་འཕགས་མཆོག་མིག་མི་ཟུམ་པའི་གདུལ་ཞིང་། ཨོ་རྒྱན་མཚོ་འཁྲུངས་དབང་པོ་སོགས་རྒྱལ་བློན་བྱང་ཆུབ་སེམས་དཔའ་དུ་མས་ཐུགས་རྗེའི་ཕྱག་གིས་བྱིན་གྱིས་བརླབས་པའི་ས་གནས་ཁྱད་པར་ཅན་འཛམ་གླིང་ཡང་རྩེར་གྲགས་པའི་ནང་ཚན། རི་བོ་གངས་དཀར་ཏི་སེ་དང་ཙ་རི་ཏྲ་སོགས་ཀྱི་དཀྱིལ་དུ་མངོན་པར་མཐོ་བ། འཁོར་དུ་ཤར་ཕྱོགས་གཡག་ལུང་། ལྷོ་ཕྱོགས་འབྲས་མོ་གཤོངས། ནུབ་ཕྱོགས་ཨོ་རྒྱན། བྱང་ཕྱོགས་མཁན་པ་ལྗོངས། ཤར་ལྷོ་སྦ་ལྕགས་ཤེལ་ལྗོངས། ལྷོ་ནུབ་གྲོ་མོ་ལྗོངས། ནུབ་བྱང་བྲག་གད་ལྗོངས། བྱང་ཤར་དགའ་པོ་ལྗོངས། ཤར་ལྷོ་ནུབ་བྱང་དུ་ཤར་ཕྱོགས་རི་བོ་རྩེ་ལྔ། ལྷོ་ཕྱོགས་མ་ལ་ཡ། ནུབ་ཕྱོགས་ཙ་རི་ཏྲ། བྱང་ཕྱོགས་མ་ཡི་ཀོང་ལུང་སོགས་སྦས་ཡུལ་གནས་མཆོག་དེ་དག་ཀུན་ཀྱི་དབུས་སུ་སྟེ། སྦས་ཡུལ་ཆེན་པོ་བཅུ་དྲུག་གི་ཡ་གྱལ། དེ་དག་ཐམས་ཅད་ཀྱི་རྒྱལ་པོར་གྱུར་པ། དེ་ཡང་གཏེར་ཆེན་རྡོ་རྗེ་ཐོགས་མེད་ཀྱི་གཏེར་བྱོན་སྦས་ཡུལ་ལམ་ཡིག་ལས། རྡོ་རྗེ་བཙུན་མོའི་སྐུ་ཡི་ཁྱིམ༔ གནས་ཡུལ་དུར་ཁྲོད་ཀུན་འདུས་དཔལ༔ ས་སྤྱོད་གྲོང་ཁྱེར་པདྨ་བཀོད༔ འདི་ནས་ཤར་ལྷོའི་ཕྱོགས་དག་ཏུ༔ ཞེས་དང་། རིག་འཛིན་ནུས་ལྡན་འགྲོ་འདུལ་རྡོ་རྗེའི་གཏེར་བྱོན་པདྨ་བཀོད་ཀྱི་གནས་ཡིག་ལས། པདྨ་བཀོད་ཅེས་བྱ་བའི་གནས་མཆོག་ནི༔ ལུང་པའི་དབྱིབས་ནི་པི་ཝང་ལྟ་བུ་ཡོད༔ ཀོང་པོ་སྤོ་མི་མཐའ་ཟད་ས་ཆ་དེར༔ ཞེས་གསུངས་པ་ལྟར། ཀོང་ཡུལ་གྱི་ཤར་ལྷོ་དང་སྤོ་ཡུལ་གྱི་ལྷོ་ནུབ་སྤོ་ཀོང་གཉིས་ཀྱི་མཐའ་ཟད་དམ་ཡར་ལུང་གཙང་པོ་བྱང་ནས་ལྷོ་ཕྱོགས་སུ་རྒྱུག་པའི་རྒྱུད་དུ་ཆགས་པའི་བོད་ཀྱི་ཀློ་ཡུལ་ཡིན། བོད་ཡུལ་སྤྱིའི་ཆགས་ཚུལ་སྲིན་མོ་གན་རྐྱལ་དུ་འགྱེལ་བའི་སྟེང་ཆགས་རབས་ཡོད་པ་ལྟར། དེ་ལས་བྱེ་བྲག་ཏུ་གནས་མཆོག་འདི་ཉིད་ཀྱང་། གཏེར་སྟོན་དྲག་སྔགས་གླིང་པའི་གཏེར་བྱོན་གནས་ཡིག་ལས། རིག་འཛིན་པདྨ་ཐོད་ཕྲེང་ངས༔ སྦས་ཡུལ་རྒྱལ་པོ་པདྨ་བཀོད༔ རྡོ་རྗེ་ཕག་མོའི་སྐུའི་དཀྱིལ་འཁོར༔ འཁོར་ལོ་ལྔ་ཡི་བཀོད་པ་རུ༔ བྱིན་རླབས་སྨོན་ལམ་རྒྱ་ཡིས་བཏབ༔ ཅེས་གསུངས་པ་ལྟར། རྒྱལ་ཡུམ་རྡོ་རྗེ་ཕག་མོ་ཀླུ་འདུལ་མ་གན་རྐྱལ་ཚུལ་དུ་བཞུགས་པ་དེའི་སྐུའི་རྣམ་པར་ཆགས་པའོ།།


ཁོར་ཡུག

རི་ལུང་ཐམས་ཅད་དབྱར་དགུན་མེད་པར་འཇའ་ཟེར་གྱི་གུར་ཕུབ་པ། རི་མགོ་གངས་ཀྱིས་བསྐོར་བ་སེང་གེ་དཀར་མོ་འགྱིངས་པ་དང་འདྲ་བ། དེ་འོག་གི་རི་ཐམས་ཅད་བྲག་གིས་བསྐོར་བ་སྟག་མོ་ངར་བ་འདྲ་བ། དེ་འོག་གི་རི་ཐམས་ཅད་རྫ་སྤང་གིས་བསྐོར་བ་གཟིག་མོ་མཆོང་འཛུམ་བྱེད་པ་འདྲ་བ། དེ་འོག་གི་རི་ཐམས་ཅད་ནགས་རིས་བསྐོར་བ། སྐྱེད་མོས་ཚལ་སོགས་བདེ་ཆེན་ལྷ་གནས་འདྲ་བ། དེ་འོག་ཤིང་ཀླུང་ཐམས་ཅད་ལོ་ལེགས་པ། རྩི་ཏོག་ཤིང་འབྲས་ཀྱིས་ལེགས་པར་བརྒྱན་པ་དཔའ་བོ་མཁའ་འགྲོས་གར་ཐབས་འཁྱུག་པ་འདྲ་བ། རྩི་ཤིང་ནགས་ཚལ་ཐམས་ཅད་སྲིན་མོས་རལ་པ་གསིག་པ་འདྲ་བ། བྲག་རི་ཐམས་ཅད་མཚོན་ཆ་གཟིངས་པ་འདྲ་བ། ཆུ་ཀླུང་སོགས་འབྱུང་བའི་སྒྲ་སྐད་རྣམས་བཛྲ་གུ་རུའི་འཛབ་དབྱངས་དང་ཞི་ཁྲོའི་ལྷ་སྔགས་ཀྱི་སྒྲ་དི་རི་རི་རང་བྱུང་དུ་གྲག་པ། གནམ་གཤིས་ཉི་ཆར་གཉིས་ལས་ཆར་པ་ཕྲན་བུ་མང་ཞིང་། ཚ་གྲང་སྙོམ་པོ་ཡོད། དབྱར་ཟླ་བ་ལྔ་པ་དང་བརྒྱད་པ་གཉིས་ལ་ཉི་མ་ཤར་བ་དཀོན། དགུན་ཟླ་བ་བཅུ་གཅིག་ནས་དང་པོའི་བར་ཁ་བ་ཤུགས་ཆེར་འབབ་ཀྱི་ཡོད། གུར་གུམ་མེ་ཏོག སྤང་རྒྱན་དཀར་སྔོ། རྒྱ་སེ་མེ་ཏོག་སོགས་ལྷན་སྐྱེས་དང་། སྟོང་ལྡན་མེ་ཏོག ཀུན་བཟང་མེ་ཏོག་སོགས་སྦྱར་བྱུང་གི་མེ་ཏོག་མང་པོས་མགོ་ལྕོག་ལྡེམ་ལྡེམ་བྱེད་པ། ཨར་བར་སྐྱུར་གསུམ། དབྱར་རྩྭ་དགུན་འབུ། ཀླུ་བདུད་རྡོ་རྗེ། པི་པི་ལིང་། སྤོས་དཀར་སོགས་སྨན་ལྡུམ་མང་པོའི་དྲི་བསུང་འཐུལ་བ། པདྨ་བཀོད་དུ་རྩམ་པའི་ཕུག་པ། ཤིང་གི་ཤ འོ་མའི་རྒྱ་མཚོ་ཡོད་ཅེས་ཁ་རྒྱུན་ལ་ཤོད་སྲོལ་ཡོད་གཤིས། གཏེར་ལུང་ཁག་ལས་གསལ་བ་ལྟར་ན། རྩི་ཤིང་རྣམས་ཙན་དན་ཨ་ཀ་རུ་དང་། རྐང་རེ་བཟས་པས་ཀྱང་མི་མདའ་ལྔ་ཙམ་འགྲང་བའི་གྲོ་མ། བག་ཕྱེ་ལས་གྲུབ་པའི་ཕུག་པ། མ་རྨོས་པའི་ལོ་ཏོག དབང་པོ་སྐྱེ་མཆེད་སྟོབས་རྩལ་རྫོགས་པར་བྱེད་པའི་སོལ་མ་དང་། བདུད་རྩི་མ་གལ་ཞེས་པའི་བཅུད་ལེན་གྱི་ཟས། མང་ཤིང་ཞེས་པ་ཁུ་བ་ཆང་འདྲ་ལ། ལོངས་སུ་སྤྱད་པས་སེམས་ལ་བདེ་སྐྱིད་འདྲེན་པ། མ་རྨོས་པའི་ལོ་ཏོག་འབྲུ་སྣ་ཐམས་ཅད་ཚང་བ། ཏ་མན་ཏ་ཞེས་པ་རྡོག་པོ་རེ་རེས་མི་མདའ་ལྔ་ཙམ་འགྲང་བ་སོགས་བཟའ་བཏུང་ཤིང་ཏོག་བརྒྱ་དང་སོ་བརྒྱད། གསེར་དངུལ་ཟངས་ལྕགས་དང་། གཡུ་དང་བྱི་རུ་སོགས་གཏེར་ཁ་མང་པོས་ས་གཞི་གཏམས་པ། ཤ་ཤུག་དང་། སྨྱུག་ཤིང་རྩེ་མོ་གནམ་ལ་བསྙེགས་པ་འདྲ་བ་རྣམས་སུ་སྤྲ་དང་སྤྲེའུ། སྤུ་མདོག་དང་ཆེ་ཆུང་སོགས་མི་གཅིག་པའི་བྱ་རིགས་འདབ་ཆགས་མང་པོས་རྩེད་འཇོ་གར་སྟབས་སྒྱུར་ཞིང་ཆོས་སྒྲ་འབྱིན་པ་སྟེ། ཨོ་རྒྱན་སྦས་ལུང་དང་། སྒམ་པོ་སྤྲུལ་སྐུ། ཆོས་རྗེ་གླིང་པ་ཞེས་གནས་དང་བླ་མའི་མཚན་ནས་སྒྲོག་མཁན་གྱི་བྱ་རིགས་ཀྱང་མང་དུ་ཡོད། གཞན་ཡང་སྟག་གཟིག་དོམ་དྲེད་སོགས་སྡེར་ཆགས་གཅན་གཟན་གྱི་རིགས་དང་། རི་དྭགས། ཤྭ་བ། གླ་བ། ར་རྒོད། ཙིམ་ཉག ཕག་རྒོད་སོགས་མང་དུ་ཡོད། སྦྲུལ་རིགས་ལ། སྦྲུལ་ཆེན་རིགས་བཞི་དང་། དུག་སྦྲུལ་སོགས་མང་དུ་ཡོད།


གནས་བཤད།

གཏེར་ཆེན་བདུད་འདུལ་རྡོ་རྗེའི་གཏེར་བྱོན་གནས་ཡིག་ལས། བདེ་ཆེན་པདྨ་བཀོད་ཅེས་པདྨ་ཁ་ཕྱེས་འདྲ༔ ཞེས་དང་། རྒྱལ་སྲས་བདེ་ཆེན་གླིང་པའི་གཏེར་བྱོན་གནས་ཡིག་ལས། པདྨ་འདབ་མ་བཞི་པ་བརྡལ་བའི་ཚུལ༔ ཞེས་ཕྱིའི་བཀོད་པ་མེ་ཏོག་པདྨ་འདབ་མ་བཞི་པ་བཞད་ཁ་བྱེ་བ་དང་འདྲ་བ་ཡོད་པས་ན་པདྨ་བཀོད་དུ་གྲགས་ཤིང་། ཨོ་རྒྱན་ཆེན་པོ་ལོ་གསུམ་ཟླ་དྲུག་བར་དུ་བཞུགས་པའི་གནས་མཆོག་འདི་ཉིད་ཆགས་ཚུལ། གཏེར་སྟོན་དྲག་སྔགས་གླིང་པའི་གཏེར་བྱོན་གནས་ཡིག་ལས། སྦས་པའི་གནས་མཆོག་པདྨ་བཀོད་པའི་ཞིང་༔ རྡོ་རྗེ་བཙུན་མོའི་སྐུ་ཁྱིམ་འཁོར་ལོ་ལྔ༔ ཞིང་ཁམས་དགུ་དང་ཡང་གསང་ཆེན་པོ་བཞི༔ ཕྱི་ནང་གསང་བ་ཁོར་ཡུག་རྣམ་པར་བཀྲ༔ ཞེས་པ་ལྟར། རྡོ་རྗེ་ཕག་མོའི་སྐུའི་དཀྱིལ་འཁོར་འཁོར་ལོ་ལྔ་དང་། ཞིང་ཁམས་དགུ། ཡང་གསང་ཆེན་པོ་བཞི་སོགས་ཀྱི་བདག་ཉིད་དུ་གྲུབ་པ་སྟེ། དེ་ཡང་ཕག་མོའི་སྤྱི་གཙུག་རྒྱ་ལ་དཔལ་གྱི་རི་བོ། མགྲིན་པ་དུང་རི་འཇའ་འོད་འཁྱིལ་བ། ཐུགས་ཀ་རིན་ཆེན་དཔལ་གྱི་བོད་ལུང་སྟེ། ཕ་བོང་གུར་ཕུབ་འདྲ་བ། ཕྱག་གཡས་ལྕགས་སྡིག་འཛིན་པ་ཀོང་པོའི་ཡུལ་དང་། ཕྱག་གཡོན་སྦལ་སྦྲུལ་བསྣམས་པ་སྤོ་བོའི་ཡུལ། ལྟེ་བ་གནས་ཆེན་པདྨ་འབྲས་སྤུངས། ནུ་མ་གཡས་པ་རི་བོ་གནམ་ལྕགས་འབར་བ། ནུ་མ་གཡོན་པ་འཛུམ་ཆེན་གངས་ར། མཁལ་ཁུང་གཡས་པ་བུདྡྷ་ཚེ་ཡི་ཕུག་པ། མཁལ་ཁུང་གཡོན་པ་ཨེ་ཝཾ་དགའ་བ་འཁྱིལ་བ། གསང་བ་ཀཱི་ལ་ཡང་རྫོང་། ཡང་གསང་དེ་བཱི་ཀོ་ཊ། ཞབས་གཉིས་འབའ་རོང་དང་གཏམ་ཤུལ་གྱི་བར་ཁྱབ་པ། མོན་དང་ཀློ་ཡི་ས་མཚམས་ཡན་ཞབས་གཉིས་ཀྱིས་ཁྱབ་ཅིང་ཆུ་བོ་རྟ་མཆོག་ཁ་འབབ་ཁ་ཊྭཱཾ་གྱི་ཚུལ་དུ་འབབ་པར་གསུངས། སྔོན་སྨོན་ཐུགས་བསྐྱེད་ཀྱི་མཚམས་སྦྱོར་དང་ཕྲིན་ལས་དུས་བབས་ལ་བརྟེན་ཨོ་རྒྱན་ཆེན་པོ་དང་མཁའ་འགྲོས་ལུང་བསྟན་ཅིང་། སྦས་ཡུལ་སྐྱོང་བའི་གནས་སྲུང་གིས་བསྐུལ་བ་ལས་སྦས་ཡུལ་གནས་སྒོ་འབྱེད་པ་ལ་དབང་བའི་སྤྲུལ་པའི་གཏེར་སྟོན་དང་སྐྱེས་ཆེན་དུ་མ་ཞིག་སྔ་རྗེས་སུ་ཕེབས་ཏེ་གནས་ཞལ་འབྱེད་པར་མཛད་པ་སྟེ། དེ་ཡང་ཐོག་མར་རིག་འཛིན་འཇའ་ཚོན་སྙིང་པོས་གུ་རུའི་སྒྲུབ་གནས་ཀོང་རོང་ཕུག་ནས་པདྨ་བཀོད་ཀྱི་ལམ་ཡིག་ཆེ་ཆུང་གཉིས་གཏེར་ནས་བཞེས་ཤིང་། རིམ་པར་གཏེར་ཆེན་བདུད་འདུལ་རྡོ་རྗེ། སྟག་ཤམ་ནུས་ལྡན་རྡོ་རྗེ། ཆོས་རྗེ་གླིང་པ་འཛམ་གླིང་རྡོ་རྗེ་སོགས་སྤོ་བོ་དང་། ཀོང་པོ། པདྨ་བཀོད་སྟོད་ཕྱོགས་སུ་ཕེབས་ནས་ཟབ་གཏེར་བཞེས་ཤིང་གནས་སྒོ་ཕྱེ། དེ་རྗེས་རབ་བྱུང་བཅུ་བཞི་པའི་ནང་སྒམ་པོ་འགྲོ་འདུལ་གླིང་པ་དང་། གཏེར་ཆེན་རྡོ་རྗེ་ཐོགས་མེད། ཆོས་གླིང་གར་དབང་འཆི་མེད་རྡོ་རྗེ་སྟེ་སྦས་ཡུལ་རིག་འཛིན་རྣམ་གསུམ་ཕེབས་ཏེ་ཀུན་འདུས་རྡོར་སེམས་ཕོ་བྲང་གིས་གཙོས་གནས་སྒོ་དུ་མ་ཞིག་ཕྱེ་བར་མཛད། སྒམ་པོའི་སྲས་རྒྱལ་སྲས་བདེ་ཆེན་གླིང་པ། ཆབ་མདོ་འཕགས་པ་ལྷ་བདེ་ཆེན་རྡོ་རྗེ། རྡོ་རྗེ་ཐོགས་མེད་ཡང་སྲིད་རྡོ་རྗེ་དྲག་སྔགས། རི་ཆེ་རྗེ་དྲུང་བྱམས་པའི་འབྱུང་གནས། གཏེར་སྟོན་དྲག་སྔགས་གླིང་པ་སོགས་ཕེབས་ཤིང་གནས་སྒོ་ཕྱེ།

དེ་ཡང་སྤྱི་གཙུག་བདེ་ཆེན་འཁོར་ལོའི་གནས་མཆོག་ནི། རྒྱ་ལ་དཔལ་རི་ཞེས་པ་ཕག་ཞལ་གནམ་ལ་བསྟན་པ་འདྲ་བར་འཇའ་འོད་དཔལ་རིའི་སྒྲུབ་གནས་ཡོད། རྩ་བ་སུམ་བརྒྱ་དྲུག་ཅུ་ལ་བུདྡྷ་དཔའ་བོ་ཡབ་ཡུམ་བཅུ་བཞུགས། ཉེ་བའི་ཚན་དོའིི་འདུ་བ་རུ་དག་པ་རབ་འབྱམས་ཞིང་ཁམས་ཀྱིས་བརྒྱན་པ། ཤེལ་དཀར་མཁའ་འགྲོ་འདུ་བའི་གླིང་དུ། ཨོ་རྒྱན་ཡབ་ཡུམ་དང་རྗེ་འབངས་གྲུབ་ཆེན་རྣམས་ཀྱི་སྒྲུབ་ཕུག་ངོ་མཚར་ཅན་དང་། བདུད་རྩིའི་ཆུ་བོ། མཁའ་འགྲོའི་ཚོགས་ཁང་དང་བྲོ་ར། ཚོགས་ཐབས། ཚོགས་གཞོང་། ཚོགས་འབུམ་རིན་པོ་ཆེའི་དབྱིབས། ས་ཞག་རོ་མཆོག་བརྒྱ་ལྡན་སོགས་མང་དུ་ཡོད།

མགྲིན་པ་ལོངས་སྤྱོད་འཁོར་ལོའམ་རོ་འདུས་འཁོར་ལོའི་གནས་མཆོག་ནི། གནམ་ས་རལ་གྲི་གཞུ་རྒྱུད་ཀྱི་དབྱིབས་འདྲ་བ། སྤོས་གཙང་ཡར་ཆབ་ཀྱི་འདུས་མདོ་དེར། དུར་ཁྲོད་མཚན་མོ་མེ་འབར་ཞེས་དཔལ་མགོན་བདུན་ཅུའི་བཀོད་པ་ལྷུན་གྱིས་གྲུབ་པ། མཚན་མོར་མེ་འབར་བའི་སྒྲ་གྲགས་པས་ན་མཚན་མོ་མེ་འབར་དུ་གྲགས། དེའི་ཤར་དུ་དགྲ་བཅོམ་ཉི་མ་གུང་པའི་ཕྱག་ཞབས་ཀྱི་རྗེས་སོགས་དང་། གཞན་ཡང་གོང་དང་མཚུངས་པར་ཨོ་རྒྱན་ཡབ་ཡུམ་རྗེ་འབངས་རྣམས་ཀྱི་སྒྲུབ་གནས། མཁའ་འགྲོའི་ཚོགས་ཁང་སོགས་མང་དུ་ཡོད།

སྙིང་ག་ཆོས་ཀྱི་འཁོར་ལོའི་གནས་མཆོག་ནི། ངོ་མཚར་ཕ་བོང་ཤེལ་གྱི་གུར་ཕུབ་ཅེས་ཕྱོགས་བཞི་ལོགས་རེ་ལ་འདོམས་པ་ཉི་ཤུ་རེ། ཕྱི་ལྟར་ཤེལ་གྱི་ཕ་བོང་གུར་ཕུབ་འདྲ་བ། ནང་ལྟར་ཧེ་རུ་ཀ་ཡི་འདུ་ཁང་། གསང་བ་ཀུན་བཟང་ཞི་ཁྲོའི་ཕོ་བྲང་། ཡང་གསང་པད་འབྱུང་ཀུན་བཟང་རྡོ་རྗེ་འཆང་གི་ལྷ་ཚོགས་ཉིས་བརྒྱ་བརྒྱད་ཀྱི་ཕོ་བྲང་ཡིན་པར་གསུངས། ཕ་བོང་དེ་ཉིད་ས་ལ་མ་རེག་པར་བར་སྣང་དུ་ལྡིང་བའི་ཚུལ་གྱིས་ཡོད་པས་ན་ཕ་བོང་ཤེལ་གྱི་གུར་ཕུབ་ཏུ་གྲགས། གུ་རུ་མཚན་བརྒྱད་དང་། རྟ་ཕག་ཡབ་ཡུམ་སོགས་སངས་རྒྱས་བྱང་སེམས་དང་རྩ་གསུམ་དཔའ་བོ་མཁའ་འགྲོའི་དཀྱིལ་འཁོར་རང་བྱོན། བཀའ་གཏེར་སྲུང་མ་རྒྱ་མཚོ་དང་། ལྷ་ཆེན་དབང་ཕྱུག་ཆེན་པོའི་རང་བྱོན་སོགས་མང་དུ་ཡོད།

ལྟེ་བ་སྤྲུལ་པའི་འཁོར་ལོའི་གནས་མཆོག་ནི། ཕག་མོའི་སྐུ་ཡི་ལྟེ་བ་ཡིན་པའི་ཕྱིར་རྩ་འདབ་ལུང་ཆེན་མང་པོ་ལྡན་པ་དང་། ལུང་ཆེན་རེ་ལ་སྤྲུལ་པའི་དཀྱིལ་འཁོར་སྟོང་གིས་བརྒྱན་པ། ལུང་ཆུང་རེ་ལ་སྤྲུལ་པའི་དཀྱིལ་འཁོར་བརྒྱ་རྩ་བརྒྱད་རེ། གནས་ཆེན་གནས་ཕྲན་བྱེ་བ་བརྒྱ་སོགས་བསམ་གྱིས་མི་ཁྱབ་པ་ཡོད། རིན་ཆེན་སྤུངས། དོ་བོ་པདྨ་འབྲས་སྤུངས་སམ་འབྲུག་ལྷ་མར་མེ་སྐུ་འབུམ་ཞེས་བཀའ་བརྒྱད་ཕོ་བྲང་ཟངས་མདོག་དཔལ་རིའི་དབྱིབས་ཅན། ནད་གདོན་སྦྱོང་བྱེད་ཀྱི་རིགས་ལྔ་ཡབ་ཡུམ་གྱི་སྦྱོར་མཚམས་ནས་བྱང་སེམས་བདུད་རྩིའི་རྒྱུན་བཟང་ཁྲུས་ཆུ་རྣམ་ལྔ་འབབ་པ། སྦས་ཡུལ་རིག་འཛིན་རྣམ་གསུམ་གྱི་གཏེར་གནས་ཀུན་འདུས་རྡོར་སེམས་ཕོ་བྲང་ཞེས་ཕྱི་ལྟར་ཞི་བ་རྡོ་རྗེ་སེམས་དཔའི་གནས། ནང་ལྟར་ཆོས་སྐུ་ཀུན་ཏུ་བཟང་པོའི་ཞིང་ཁམས། གསང་བ་རྣམ་པར་སྣང་མཛད་ཀྱི་ཞིང་ཁམས། དབུ་རྩེ་དེ་བཞིན་གཤེགས་པ་ཀླུ་དབང་རྒྱལ་པོའི་ཕོ་བྲང་ཡིན་པར་གསུངས། གཞན་ཡང་ཀུན་འདུས་བླ་མཚོ་སོགས་གླིང་ཆེན་གླིང་ཕྲན་མང་དུ་ཡོད། ཕན་ཡོན་འོག་ཏུ་འཆད་པར་འགྱུར་རོ། །ནུ་མ་གཡས་པ་གནམ་ལྕགས་འབར་བའི་རི་ནི། པདྨ་འདབ་བརྒྱད་ཟེའུ་འབྲུའི་དབུས་སུ་ཤེལ་གྱི་མཆོད་རྟེན་བཞག་པ་འདྲ་བ། ལོགས་ལ་མཆོད་རྟེན་བརྒྱ་རྩ་བརྒྱད་བསྐོར་བ་ལྟ་བུའི་བཀོད་པ་ཡོད། ཕྱི་ལྟར་གངས་ར་རྟ་མགོའི་དབྱིབས་ཅན། ནང་ལྟར་མཆོད་རྟེན་གནྡྷོ་ལའི་ཚུལ། གསང་བ་རྒྱལ་བ་རྒྱ་མཚོའི་གནས་སུ་གསུངས། གནས་དེར་ཨོ་རྒྱན་ཡབ་ཡུམ་གྱི་འཆི་མེད་ཚེ་ཡི་སྒྲུབ་གནས་མཱ་ར་ཏི་ཀ་དང་། ཨོ་རྒྱན་ཆེན་པོའི་ཞབས་རྗེས་སོགས་ཀྱིས་མཚོན་མང་དུ་ཡོད། ནུ་མ་གཡོན་པ་འཛུམ་ཆེན་གངས་ར་ནི། སྤང་ལྗོངས་ནགས་ཚལ་མཚོ་དང་ཆུ་ཀླུང་སོགས་གཡོ་བ། མཁལ་ཁུང་གཡས་པ་བུདྡྷ་ཚེ་ཡི་ཕུག་པ་ནི། ཨོ་རྒྱན་ཧེ་རུ་ཀའི་ཕོ་བྲང་དུ་གསུངས། མཁལ་ཁུང་གཡོན་པ་ཨེ་ཝཾ་དགའ་བ་འཁྱིལ་བ་ནི། དུས་གསུམ་སངས་རྒྱས་ཀུན་ཀྱིས་བྱིན་གྱིས་བརླབས་ཤིང་། གནས་དེར་དུར་ཁྲོད་ཚང་ཚིང་འཁྲིགས་པ་ཞེས་པ་རང་བཞིན་ཐོད་པ་བོར་མཆོག་ལྷུན་གྱིས་གྲུབ་པའི་གནས་སུ་གསུངས་སོ།།

གསང་བ་བདེ་སྐྱོང་འཁོར་ལོའི་གནས་མཆོག་ནི། ཀཱི་ལ་ཡང་རྫོང་ཞེས་དཔལ་ཆེན་རྡོ་རྗེ་ཕུར་བུའི་གནས་ཏེ། རྡོ་རྗེ་ཕུར་བུའི་ཞིང་གི་བཀོད་པ་བཀྲ་བ་དང་། བདེ་དྲོད་རང་འབར་བདུད་རྩིའི་སྦྲང་ཆར་འཐོར་བ་སོགས་ཡོད། གནས་དེའི་མཐིལ་དུ་བྱ་ཁྱུང་གི་གནས་རྡོ་སྐུ་རང་བྱོན་ཡང་བཞུགས།

ཡང་གསང་སྙིང་འདུས་དེ་བཱི་ཀོ་ཊ་ནི། དེའུ་རིན་ཆེན་དཔལ་གྱི་བེའུའི་དབྱིབས་ཅན། མཐའ་ནས་གསེར་ལྡན་གཙང་ཆབ་སྔོན་མོས་བསྐོར་བ། དེའུའི་དབུ་རྩེར་ཨོ་རྒྱན་ཆེན་པོའི་བཞུགས་ཁྲི་དང་། གཏེར་སྒྲོམ་འཛམ་གླིང་སྙིང་ནོར་ཡོད། བླ་གཡུ། བླ་གཏེར། ནོར་བུ་ཆ་བདུན་སོགས་གཏེར་ཁ་ཉེར་ལྔས་གཏམས་པ། ནང་གི་ཕྱོགས་བཞིར་ཟང་ཐལ་གྱི་སྒྲུབ་ཕུག་བཞི། མཚམས་བཞིར་དུར་ཁྲོད་བཞི་དང་བླ་ཤིང་བཞི། བྱང་ཤར་གསང་བ་བདེ་ཆེན་དབྱིངས་ཕྱུག་ཕུག་ཅེས་པ་དེར་ཕག་མོའི་བྱང་སེམས་དམར་པོ་སིནྡྷུ་རའི་ཚུལ་དུ་ཡོད་པ་མྱོང་བས་བདེ་སྟོང་གི་ཡེ་ཤེས་སྐྱེས་པ། ནད་གདོན་མ་ལུས་ཞི་ཞིང་ཚེ་དཔལ་ལང་ཚོ་སོགས་རྒྱས་པ། ནུབ་བྱང་མཱ་ར་ཏི་ཀའི་ཚེ་ཕུག་ཏུ་ཚེ་ཆུ་ཟླ་བ་ཡིད་བཞིན་དབང་གི་ཆུ་ཞེས་པ་ཁྲུས་འཐུང་མྱོང་བས་ཚེ་དཔལ་གཟི་བྱིན་རྒྱས་པ་ཡོད། ཆོས་སྐུ་འོད་དཔག་མེད་ཀྱི་གནས་པདྨ་ཤེལ་རི་ཞེས་པ་རི་བོ་ལྷུན་ཆགས་རྒྱལ་མཚན་བཙུགས་པ་འདྲ་བ། གནས་དེར་ཆོས་སྐུ་སྣང་བ་མཐའ་ཡས་ཀྱི་ལྷ་ཚོགས་བཞུགས། བླ་མཚོ་མྱོང་གྲོལ་དང་། དམོད་པ་དྲག་སྔགས་ཀྱི་ཕྲིན་ལས་འགྲུབ་པའི་བླ་མཚོ། སྒྲུབ་པས་ཏིང་འཛིན་ཉམས་རྟོགས་ཤུགས་ཀྱིས་འཕེལ་བར་བྱེད་པའི་སྒྲུབ་ཕུག་སོགས་མང་དུ་ཡོད། ལོངས་སྐུ་ཐུགས་རྗེ་ཆེན་པོའི་གནས་རི་བོ་ཏ་ལ་ཞེས་གངས་རི་དཀར་པོ་དཀར་མདངས་འཕྲོ་བ། གནས་དེར་སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོ་དང་། རྩ་བརྒྱུད་བླ་མ་སངས་རྒྱས་བྱང་སེམས་ཀྱི་ཚོགས་བཞུགས། སྡིག་སྒྲིབ་དག་བྱེད་རྡོར་སེམས་བླ་མཚོ་དང་། བཀའ་བརྒྱད་བླ་མཚོ་སོགས་མང་དུ་ཡོད། སྤྲུལ་སྐུའི་གནས་མཆོག་ཙི་ཏ་པུ་རི་ཞེས་ལ་ལུང་པདྨ་ཁ་བྱེ་འདྲ་བ་ལ། རྒྱལ་བ་རིགས་ལྔའི་བླ་མཚོ་ལྔ་དང་། ཨོ་རྒྱན་དཱ་ན་ཀོ་ཥའི་མཚོ་སོགས་ངོ་མཚར་མང་དུ་ཡོད། དེ་བཞིན་རྟགས་གྲོལ་རང་བྱོན། དྲག་པོ་བཀོད་ཆུང་། བྱ་རྒོད་ཕུང་པོའི་རི། རྣམ་ཐོས་སྲས་ཀྱི་བང་མཛོད། ཕྱག་རྡོར་གནས། རྟ་ཕག་དང་བཀའ་བརྒྱད་རྡོ་སྐུ་རང་བྱོན་སོགས་བསམ་བརྗོད་མི་ལང་བ་ཡོད།


སྐྱེས་ཆེན་རྣམ་པས་གདན་ས་བཏབ་པ།

གདན་ས་བཏབ་པའི་ཚུལ་ཡང་། ཐོག་མར་རབ་བྱུང་བཅུ་གསུམ་པའི་ནང་ཀ᫸ཐོག་རྡོ་རྗེ་གདན་ནས་གྲུབ་ཆེན་ཀརྨ་འཇམ་དཔལ་བྱོན་ནས་ཀློ་སྟོད་ཁེན་ཁེན་དགོན་མཁྱེན་བརྩེ་འོད་དཀར་གླིང་ཕྱག་བཏབ། དེ་ནས་བཟུང་རིམ་གྱིས་ཆོས་གླིང་གར་དབང་ཀུན་བཟང་འོད་ཟེར་གྱིས་ཀློ་སྟོད་བརྒྱ་དཔུང་དགོན། དྭགས་སྒམ་ནས་སྒམ་པོ་འགྲོ་འདུལ་གླིང་པ་བྱོན་ནས་དང་པོ་ཀློ་སྟོད་བྲག་ལྡེམ་དགོན་པ། གཉིས་པ་རིན་ཆེན་སྤུངས་དགོན་པ། གསུམ་པ་ཕུག་པ་རོང་དགོན་པ། བཞི་པ་མཎྜལ་སྟེང་དགོན་པ་བཅས། ཀོང་པོ་བྲག་གསུམ་ནས་གཡུ་སྒྲ་སྙིང་པོའི་སྐྱེ་སྲིད་གཏེར་ཆེན་རྡོ་རྗེ་ཐོགས་མེད་དམ་གར་དབང་ཚེ་མཆོག་རྩལ་བྱོན་ནས་ཏ་རྔམ་དགོན། རྒྱལ་སྲས་བདེ་ཆེན་གླིང་པས་ལོ་སྤང་དགོན། ཆོས་གླིང་འཆི་མེད་རྡོ་རྗེས་བོད་ལུང་དགོན་དང་གོང་ལྡེམ་གསང་སྔགས་ཆོས་གླིང་། རྡོ་རྗེ་ཐོགས་མེད་ཀྱི་ཡང་སྲིད་རྡོ་རྗེ་དྲག་སྔགས་ཀྱིས་བཙན་ཕྱུག་དགོན། རྡོ་རྗེ་དབྱིངས་རྫོང་དགོན། སྤྱན་འབྲུག་དགུ་ཐང་དགོན། ཀརྨ་འཇམ་དཔལ་གྱི་སྐྱེ་སྲིད་འཇམ་དཔལ་ཐུགས་མཆོག་དབང་པོས་ཀློ་སྟོད་འབྲུག་དགོན། ཨ་འཛོམས་འབྲུག་པའི་དངོས་སློབ་གྲུབ་དབང་སངས་རྒྱས་ཐོགས་མེད་ཀྱིས་སྤྱན་འབྲུག་ཤིང་ཀི་དགོན། མར་སྤུངས་སྤྲུལ་སྐུས་མར་སྤུངས་དགོན། ཆབ་མདོ་འཕགས་པ་ལྷ་བདེ་ཆེན་རྡོ་རྗེ་དང་། ཆོས་གླིང་སྤྲུལ་སྐུ་རྟ་མཆོག་རྡོ་རྗེ། དཔལ་འབར་གཏེར་སྟོན་བདུད་འདུལ་གླིང་པ་བཅས་ཀྱིས་བྱ་ཁྱུང་དགོན། ཁེན་སྤྲུལ་གསུམ་པས་གཏེར་ཁོག་ཨེ་ཝཾ་ཐར་གླིང་དགོན། དེ་ཉིད་ཀྱི་རིགས་སྲས་༸སྐྱབས་རྗེ་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་དགོན་སྡེ་དེ་ཉིད་རྒྱ་སྐྱེད་གཏོང་གནང་གིས་མདོ་སྔགས་གྲྭ་ཚང་གཉིས་ལྡན་ཨེ་ཝཾ་བདེ་ཆེན་ཆོས་འཁོར་གླིང་དགོན། ནང་ཆེན་གཏེར་སྟོན་ངང་དགེ་འམ་དྲག་སྔགས་གླིང་པས་ཡང་གསང་དེ་བཱི་ཀོ་ཊ་ཐེག་ཆེན་ཆོས་གླིང་དགོན་དང་། མ་ཧཱ་ཀོ་ཊ་དགོན་བདེ་ལྡན་ཆོས་གླིང་། ངམ་མི་བཀྲ་ཤིས་འབུར་དགོན་བཅས་ཕྱག་བཏབ། གཞན་ཡང་ཕྱིས་སུ་སྐྱེས་ཆེན་མིང་དུ་གྲགས་པ་དང་མ་གྲགས་པ་དུ་མས་གདན་ས་བཏབ་ཚུལ་ཡང་བོད་ལྗོངས་ཁུལ་དུ་རིག་གསར་རྗེས་སུ་ཅི་འདྲ་ཡིན་མིན་གནས་དུས་དབང་གིས་རབ་རིབ་ཙམ་ལས་གསལ་ཁ་ཤེས་རྟོགས་མ་བྱུང་བས་འདིར་འགོད་ཐབས་བྲལ། པད་བཀོད་སྨད་ཕྱོགས་ཡང་གསང་ཁུལ་དུ་དུ་མ་ཞིག་ཡོད་སྐད་འདུག་ཀྱང་ཡིག་ཚོགས་མང་བར་དོགས་པས་འདིར་འདི་ཙམ་གྱིས་འཐུས་པར་བྱས་སོ།།
ཞར་བྱུང་དུ་པདྨ་བཀོད་རྡོ་རྗེ་ཕག་མོའི་སྐུའི་རྣམ་པར་ཆགས་པའི་ཁུལ་རང་དུ་འཁྲུངས་པའི་ཨོ་རྒྱན་ཆེན་པོའི་གདུང་འཚོབ་ཉེ་བའི་ལོ་རབས་ནང་གྲགས་ཆེ་བའི་སྐྱེས་ཆེན་ལ། ཕག་མོའི་གསང་བའི་ཞིང་ཁམས་གཏེར་ཁོག་ཏུ་སྤོ་བོ་ཀ᫸གནམ་རྒྱལ་པོའི་གདུང་རིགས་ལས་༸སྐྱབས་རྗེ་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་འཁྲུངས། ཕག་མོའི་ཕྱག་གཡོན་སྤོ་བོའི་ཡུལ་དུ་༸སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་འཁྲུངས། དེ་བཞིན་ཕག་མོའི་ཕྱག་གཡས་ཀོང་པོ་ལྗོན་པ་ལུང་དུ་སྨྱོ་ཤུལ་མཁན་ཆེན་ངག་དགའི་ཡང་སྲིད་སྤྲུལ་པའི་སྐུ་སངས་རྒྱས་ཚེ་རིང་བཅས་འཁྲུངས། སྤོ་ཀོང་པད་གསུམ་ཞེས་གྲགས་པ་ལྟར་སྤོ་ཀོང་གཉིས་ཀྱང་པདྨ་བཀོད་ཀྱི་གནས་ལག་ཏུ་གསུངས་སོ།།


ཆོས་ལུགས།

གདོད་མའི་མི་རིགས་ཀློ་ཁ་ཁྲ་དང་གྲྭ་ནག་པ་སོགས་ནི་རང་རང་གི་མེས་པོའི་ཆོས་ལུགས་གདོལ་བོན་འདྲ་བ་རེ་ཡོད། གཞན་སྤོ་ཀོང་ཁམས་རིགས་དང་། མོན་པ་རྣམས་ནི། སྤྱིར་གནས་འདིར་ཞབས་ཀྱིས་བཅགས་ཤིང་གནས་སྒོ་འབྱེད་མཁན་སྐྱེས་ཆེན་ལ་བོད་ཀྱི་ཆོས་བརྒྱུད་ཅི་རིགས་ནས་ཕེབས་པ་ཡོད་གཤིས། འོན་ཀྱང་དེ་དག་ཐམས་ཅད་ཨོ་རྒྱན་ཆེན་པོའི་ཕོ་ཉ་སྤྲུལ་པའི་གཏེར་སྟོན་ནམ་ཨོ་རྒྱན་ཆེན་པོས་ལུང་བསྟན་གནང་ནས་བྱོན་པ་ཤ་སྟག་ཏུ་སོང་། གནས་འདིར་ཨོ་རྒྱན་མཚོ་འཁྲུངས་དབང་པོའི་རིང་ལུགས་ཆེས་ཆེར་དར་ཞིང་སྔ་འགྱུར་རྙིང་མའི་གཏེར་ཆོས་ཁག་ལ་དད་མོས་དང་ཉམས་བཞེས་བྱེད་པ་ཡིན་ཏེ། གོང་ཞུས་དགོན་པ་སོ་སོས་སྒམ་པོ་འགྲོ་འདུལ་གླིང་པ། ཆོས་རྗེ་གླིང་པ། རྡོ་རྗེ་ཐོགས་མེད་གོང་འོག འཇའ་ཚོན། རཏ་གླིང་། བདུད་འཇོམས་གོང་འོག དྲག་སྔགས་གླིང་པ། མོན་པ་ཚོས་འབྲུག་གི་གཏེར་སྟོན་པདྨ་གླིང་པའི་ཆོས་སྐོར་བཅས་ཉམས་བཞེས་གཙོ་བོར་བྱེད་པ་དང་། མ་ཟད་སོ་སོའི་རང་ལུགས་ལྟར་གར་ཐིག་དབྱངས་གསུམ་སོགས་མཐོང་བ་བརྒྱུད་པའི་ཕྱག་བཞེས་ཕྲིན་སྒྲུབ་ལ་གཙོ་བོར་བརྩོན་པ་ཡིན། སྐྱ་བོ་ཕོ་མོ་རྣམས་ཀྱང་གནས་ཀྱི་མི་ཡིན་སྟབས་ཆོས་དད་ཆེ་བ་ལུང་པ་གཞན་དང་ཕྲན་བུ་མི་འདྲ་བ་ཡོད་པ་ནི་མངོན་སུམ་མཐོང་ཆོས་སུ་གྲུབ་པའོ།།


མི་རིགས་དང་ཡུལ་སྲོལ་གོམས་གཤིས།

ས་སྐྱེས་རྡོ་སྐྱེས་སམ་གདོད་མའི་མི་རིགས་ནི་བྱ་ར་ས་ཀློ་སྟོད་པ་དང་། ཀློ་སྨད་པ་ཀློ་ཁ་ཁྲའི་རིགས་དང་། ཀློ་གྲྭ་ནག་པ་སོགས་ཡིན་ཞིང་། ཕྱིས་སུ་གཏེར་སྟོན་རྣམ་པས་གནས་སྒོ་འབྱེད་རིམ་བཞིན་ཡུལ་ཕྱོགས་གཞན་ནས་ཀྱང་མི་རིགས་མང་པོ་འབྱོར་བ་ཡིན་ཏེ། ཀོང་པོ་དང་། སྤོ་བོ། དེ་བཞིན་ཁམས་ཕྱོགས་ནས་སེར་སྐྱ་ཕོ་མོ་མང་པོ་འབྱོར་ནས་གཞིས་ཆགས་པ་དང་། བོད་ཀྱི་འདབས་འབྲེལ་ལྷོ་མོན་འབྲུག་ཡུལ་ཤར་ཕྱོགས་ནས་ཀྱང་ཚངས་ལར་གྲགས་པའི་མི་རིགས་མང་པོ་འབྲུག་རྒྱལ་པོའི་བཀའ་ཁྲིམས་ལས་གཡོལ་ཆེད་དང་། གནས་སྐོར་ལ་ཡོང་ནས་གཞིས་ཆགས་པ་དེ་དག་ལ་མོན་པ་ཞེས་འབོད་ཅིང་། མོན་རིགས་རྣམས་གནས་སྡོད་བྱེད་ཡུལ་མོན་ཚོ་ཁག་ལྔ་ཞེས། ཏམ་བུ་ཚོ། ཧོར་ར་ཚོ། སྦི་སྤུངས་ཚོ། ས་དཀར་ཚོ། ཏ་རྔམ་ཚོ་བཅས་སོ། །དེས་ན་མི་རིགས་ལ་མཚོན་ན། གདོད་མའི་མི་རིགས་ཀློ་སྟོད་སྨད་བར་གསུམ་དང་། ཀོང་པོ། སྤོ་བོ། ཁམས་རིགས། མོན་རིགས་བཅས་ཡིན། ཡུལ་སྲོལ་གོམས་གཤིས་ནི། སྤོ་ཀོང་གཉིས་དང་། ཁམས་རིགས། མོན་རིགས་རྣམས་ཕ་མེས་ནས་བོད་བརྒྱུད་ནང་བསྟན་གྱི་རྗེས་འབྲངས་པར་ཡིན་ཕྱིར་གསོན་པོའི་བདེ་རིམ་དང་། གཤིན་པོའི་རྒྱབ་ཆོས་བྱེད་སྟངས་ཐམས་ཅད་བོད་སྤྱི་དང་མཚུངས། ཆ་ལུགས་སྐོར། སྤོ་ཀོང་གི་ལུགས་ལྟར་ཁམས་རིགས་དང་མོན་རིགས་ཕོ་མོ་གཉིས་ཀས་མགོ་ཤུབས་གོན་ལ། དེ་ལས་མོན་རིགས་བུད་མེད་ཚོས་འགའ་ཁྲ་མགོ་ཤུབས་ཅེས་པ་ཞིག་གོན་སྲོལ་ཡོད། སྤྱིར་སྤོ་ཀོང་པད་གསུམ་ཆ་ལུགས་གཅིག་པ་ལ་ནང་གསེས་ཕྲན་བུ་རེ་མི་འདྲ་བ་ཡོད། གཞན་གདོད་མའི་མི་རིགས་ཀློ་པ་རྣམས་སྟོད་གོས་ཕུ་མེད་རེ་ཡོད་མེད་ཅི་རིགས་ལ་ཁོག་སྨད་གཅེར་བུ་ལ་གསང་འགེབ་བཅིངས་ནས་མགོ་ལ་རྦ་ཞྭ་གོན་ཞིང་མདའ་གཞུ་དང་གྲི་མདུང་མཚོན་ཆའི་རིགས་འཁྱེར་བ་ཡིན། ལོ་གསར་གཏོང་ཚུལ། པད་བཀོད་སྤྱི་ཡོངས་ནས་བོད་ཟླ་བཅུ་གཉིས་པའི་ནང་སོ་ནམས་ལོ་གསར་ཞེས་གྲ་རྒྱས་པོ་གཏོང་བ་ཡིན། འོན་ཀྱང་ས་ཆ་བྱེ་བྲག་པ་ཀློ་སྟོད་ལྟ་བུ་འགའ་རེར་བོད་ཟླ་བཅུ་གཅིག་པར་བྱིས་པའི་ལོ་གསར་ཞེས་པ་ཞིག་ཀྱང་གཏོང་སྲོལ་ཡོད། བོད་ཟླ་དང་པོ་ལ་རྒྱལ་པོ་ལོ་གསར་ཞེས་རྟེན་འབྲེལ་མཚོན་ཙམ་ཞིག་ལས་དེ་ཙམ་བརྩི་སྲོལ་མེད། དེ་ཡང་ལོ་གསར་མ་ཚེས་པའི་སྔོན་ཏེ། བོད་ཟླ་བཅུ་གཅིག་པའི་ཉི་ཤུའི་ནང་ནས་ལོ་གསར་གྱི་གྲ་སྒྲིག་བྱེད། ཉེར་དགུའི་ཉིན་དགོང་མོར་དགུ་ཐུག་འཐུང་། དེ་ནས་ལོ་གསར་དངོས་གཞིའི་ཉིན་ཞོགས་སྔ་ལངས་བྱས་ཏེ་དགོན་པར་རྟེན་གསུམ་མདུན་ཕྱག་མཆོད་འབུལ་དང་གསོལ་འདེབས་སྨོན་ལམ་བྱེད། བླ་མའི་སྐུ་མདུན་དུ་བཅར་ཏེ་མཇལ་དར་དང་ལོ་གསར་འབུལ་མཚོན་ཕུལ་ནས་བྱིན་རླབས་ཞུ་བ་སོགས་ཀྱི་སྒོ་ནས་རྟེན་འབྲེལ་གྱི་སྒོ་འཕར་ཕྱེ། དེ་རྗེས་ནང་མི་རྣམས་ལོ་གསར་གྱི་དགའ་སྟོན་ལ་རོལ། བོད་ཚེས་གཉིས་ནས་ད་གཟོད་ཁྱིམ་ཚང་ཕན་ཚུན་མགྲོན་འབོད་བྱས་ཤིང་ཉིན་གྲངས་བཅུའི་རིང་ཙམ་ལ་གླུ་བྲོ་རྩེད་མོ་སོགས་ཀྱིས་དུས་འདའ་བར་བྱེད། ཀློ་སྨད་པ་ཀློ་ཁ་ཁྲ་དང་གྲྭ་ནག་པ་སོགས་ནི་རང་རང་གི་ལུགས་སྲོལ་ལྟར་ལོ་གསར་གཏོང་བ་ལས་གོང་ཞུས་རྣམས་དང་མི་འདྲའོ།།


གནའ་དེང་གི་གནས་བབས།

ཆེས་གནའ་བོའི་དུས་སུ་བོད་ཀྱི་ཀློ་ཡུལ་ཡིན་པས་ཀློ་པའི་མི་རིགས་ཀྱི་སྒེར་བཙན་ས་ཁུལ་ཡིན་པ་སྨོས་མེད་ཐོག ཀློ་པ་རྣམས་ནང་ཁུལ་བརྡབ་གསིག་ལ་བརྟེན་ནས་མ་འཆམས་པར་གྱུར་སྟབས་རང་རང་སོ་སོས་སྤོ་བོ་ཀ᫸གནམ་རྒྱལ་པོའི་འོག་གི་སྡེ་དཔོན་རེར་སྐྱབས་ཞུ་ཞིང་། ཀློ་པ་ཏ་རྔམ་པ་རྣམས་སྨད་ཀློ་ཁ་ཁྲ་བ་དང་སྟོད་གྲྭ་ནག་པ་རྣམས་དང་མ་མཐུན་པའི་རྐྱེན་གྱིས་ཕན་ཚུན་དམག་འཛིང་གཏུགས་པས་ཏ་རྔམ་པའི་མི་རིགས་སྟོང་ལ་ཉེ་བར་གྱུར། དེའི་ཚེ་ཏ་རྔམ་པའི་མི་རིགས་འགའ་གྲོས་འཆམ་གྱིས་སྤོ་བོར་ཕྱིན་ཏེ་སྤོ་བོ་ཀ᫸གནམ་རྒྱལ་པོར་ཡུལ་ལུང་ཡོངས་རྫོགས་དབུལ་རྒྱུའི་མགོ་བཏགས་ཞུས་པ་བཞིན། ཀ᫸གནམ་པས་དམག་དཔུང་ཕོན་ཆེན་ཆེད་གཏོང་གིས་ཀློ་ཁ་ཁྲ་དང་གྲྭ་ནག་པ་རྣམས་ཆམ་ལ་ཕབ་ནས་ཀློ་སྨད་མོ་སྦུག་ཡན་ཆད་དབང་དུ་བསྡུས། མདོར་ན་པད་བཀོད་ཡོངས་རྫོགས་སྐབས་དེ་དུས་ནས་ཀ᫸གནམ་པའི་ཆབ་འབངས་སུ་གྱུར། མ་ཟད་ས་གནས་སོ་སོར་རྫོང་དཔོན་བསྐོ་བཞག་དང་ཁྲལ་སྤྲོད་དགོས་པའི་ཁྲིམས་བཙུགས། ཕྱིས་ཁམས་མོན་གྱི་མི་རིགས་རྣམས་གཞིས་ཆགས་པ་ནས་བཟུང་ཀ᫸གནམ་པའི་མི་སེར་རྒྱ་ཆེ་རུ་ཕྱིན་ཏེ། སྤོ་ལུང་མ་བུ་དྲུག་དང་། མོན་ཚོ་ཁག་ལྔ། ཀློ་གྲྭ་དཀར་ནག ཅེས་འབོད་སྲོལ་ཡོད། ཀ᫸གནམ་པ་དེ་ཉིད་བོད་བཙན་པོའི་གདུང་རྒྱུད་ཡིན་སྟབས་ལྷ་སར་ཕེབས་དུས་བོད་ས་གནས་སྲིད་གཞུང་ནས་ཕེབས་བསུ་དང་པོ་ཀོང་པོ་རྒྱ་མདའ་རྫོང་བར་དང་། ཕེབས་བསུ་གཉིས་པ་མལ་གྲོ་གོང་དཀར་བར། ཕེབས་བསུ་གསུམ་པ་ལྷ་གདོང་ཤན་ཁ་བར་དུ་འོང་བ་སོགས་སྣེ་ལེན་ཟབ་རྒྱས་ཞུ་སྲོལ་ཡོད། བར་སྐབས་སྔོན་བསགས་བསོད་ནམས་ཀྱི་འབྲས་བུར་ཀ᫸གནམ་པ་དེ་ཉིད་སྟོབས་ཤུགས་མངའ་ཐང་ཆེར་རྒྱས་ཀྱང་སྔ་ཕྱི་མ་གཏོགས་མཐོ་མཐའ་ལྷུང་བའི་ཆོས་ཉིད་དུ་ངེས་པ་ལྟར། དེ་ཡང་ཀ᫸གནམ་པས་སྤོ་བོའི་ཁུལ་དེ་ལོ་རྒྱུས་ཐོག་བོད་སྡེ་པ་གཞུང་གི་མངའ་འོག་ཡིན་པ་ཁས་མི་ལེན་པ་དང་། ཁྲལ་མི་འཇལ་བ་སོགས་ལ་བརྟེན། ༸གོང་ས་བཅུ་གསུམ་པའི་ནང་ཚགས་བཀའ་བློན་ཚ་རོང་ཟླ་བཟང་དགྲ་འདུལ་གྱིས་དྲག་སྤྱོད་ཀྱིས་མི་འཚམས་པར་སྙམ་ནས་གཡོ་སྒྱུའི་ཐབས་འཕྲུལ་བེད་སྤྱོད་ཀྱིས་རང་གི་གཅུང་མོ་ཚེ་རིང་སྒྲོལ་མ་མནའ་མར་སྟེར་བ་དང་། གཉེན་འབྲེལ་གྱི་ཐོག་ནས་དབང་དུ་བསྡུ་རྒྱུའི་རེ་བ་བྱས་མོད། འོན་ཀྱང་གཡོ་འཕྲུལ་དེ་ཕྱིས་ཀ᫸གནམ་པས་ཤེས་རྟོགས་བྱུང་བས། སྤོ་བོད་དབར་ཟིང་འཁྲུག་ལངས་ནས་མཐར་ཀ᫸གནམ་ཕམ་ཉེས་ཀྱིས་རྒྱ་གར་དུ་བྲོས་བྱོལ་ལ་ཡོང་དགོས་བྱུང་ཞིང་། དེ་རྗེས་ཀློ་ཡུལ་དུ་སྡོད་རིང་ཚད་ནད་ཀྱིས་གྲོངས་པ་རེད་ཅེས་དང་། ཁ་ཤས་ཀྱིས་ཀློ་པས་དུག་བྱིན་ནས་གྲོངས་པ་རེད་ཅེས་ཤོད་སྲོལ་གཉིས་ཙམ་སྣང་། གང་ལྟར་དེ་ནས་བཟུང་སྤོ་བོ་ཀ᫸གནམ་པའི་སྲིད་དབང་མཇུག་བསྒྲིལ་ནས་སྤོ་བོ་དང་པདྨ་བཀོད་གཉིས་ཀ་བོད་གཞུང་གི་མངའ་ཁོངས་སུ་གྱུར། ས་མི་ཞིབ་གཤེར་དང་ཁྲལ་བཟོ་གཏན་འབེབས་བྱས། སྐབས་དེའི་སྲིད་འཛིན་ས་ཁུལ་ཁག་གསུམ་ལས། པདྨ་བཀོད་ཀློ་སྟོད་ནི་སྤོ་སྟོད་རྫོང་ཁོངས་དང་། སྤྱན་འབྲུག་སྤོ་བོ་ཆོས་རྫོང་ཁོངས། མོན་ཚོ་ཁག་ལྔ་ལ་སེ་ར་དགོན་པ་དང་། སྤོ་བོ་ཆུ་མདོ་དགོན་གཉིས་ནས་ཐད་ཀར་ཐེ་གཏོགས་བྱེད་ཀྱི་ཡོད་པ་དང་། ཁྲལ་ཡང་ཁུངས་དེ་དག་ལ་སྤྲོད་དགོས་ཀྱི་ཡོད། འོན་ཀྱང་ཕྱིས་སུ་དབྱིན་བོད་ནང་འགྲིག་གིས་ཀེ་པང་ལ་ནས་དབྱིན་བོད་ས་མཚམས་བཟོས་ཏེ་པདྨ་བཀོད་སྨད་ཕྱོགས་གསང་བ་ཡང་གསང་གི་གནས་ཀློ་ཁ་ཁྲ་དང་བཅས་པ་དབྱིན་གཞུང་གི་ཁོངས་སུ་གྱུར། དེ་རྗེས་དབྱིན་ཇིའི་འོག་ནས་རྒྱ་གར་རང་བཙན་ཐོབ་རྗེས་ད་ཆ་རྒྱ་གར་ས་ཁོངས་སུ་གྱུར་པ་དང་། དེང་སང་རྒྱ་གར་ཨ་རུ་ན་ཅལ་མངའ་སྡེའི་ཁོངས་ཀྲུ་ཀྲིང་ཁུལ་དུ་ངོས་འཛིན་དགོས། པད་བཀོད་སྟོད་ཕྱོགས་རྣམས་ང་དགུའི་དུས་འགྱུར་སྐབས་ནས་བོད་སྤྱི་དང་མཚུངས་པར་རྒྱ་དམར་གྱི་འོག་ཏུ་ཚུད་ནས་དེང་སང་ཀོང་པོ་ཉིང་ཁྲི་གྲོང་ཁྱེར་གྱི་ཁོངས་སུ་རྫོང་དྲུག་དང་ཆུས་གཅིག་བཅས་ཡོད་པ་ལས་སྤོ་བོ་རྫོང་དང་། མེ་ཏོག་རྫོང་ཁོངས་སུ་གཏོགས་པའོ།།


གནས་ཀྱི་ཕན་ཡོན།

རིག་འཛིན་འཇའ་ཚོན་སྙིང་པོའི་པདྨ་བཀོད་ཀྱི་ལམ་ཡིག་ལས། སྦས་ལུང་བཅུ་དྲུག་ནང་ནས་པདྨ་བཀོད་ཆེན་འདི༔ གང་གིས་ཐོས་དང་དྲན་པས་ལས་སྒྲིབ་དག༔ འདི་ཡི་ཕྱོགས་སུ་གོམ་པ་བདུན་བོར་ནའང་༔ འཆི་བར་གྱུར་ཚེ་དེ་རུ་ངེས་པར་སྐྱེ༔ འདི་ལ་དམིགས་ནས་རྐྱང་ཕྱག་བདུན་འཚལ་ན༔ འཁོར་བར་མི་འཁྱམ་ཕྱིར་མི་ལྡོག་པར་འགྱུར༔ གང་ཞིག་གནས་འདིར་ངེས་པར་བསླེབ་གྱུར་ན༔ འཇའ་ལུས་རྡོ་རྗེའི་སྐུ་ནི་ཐོབ་པར་འགྱུར༔ ཆུ་ཐིགས་གཅིག་དང་རྩྭ་ཉག་ཟོས་པ་ཡང་༔ གཅོང་ནད་ལ་སོགས་སྡུག་བསྔལ་ཞི་བར་འགྱུར༔ དབང་པོ་མི་གསལ་བ་རྣམས་གསལ་བར་འགྱུར༔ རྒས་པ་རྣམས་ཀྱང་གཞོན་ནུའི་ལུས་སུ་འགྱུར༔ དམ་ཆོས་མི་དྲན་ལས་ངན་མཚན་ཅན་ཡང་༔ གནས་དེར་ཕྱིན་པས་རང་གྲོལ་གྲུབ་ཐོབ་འགྱུར༔ གནས་དེའི་ས་རྡོ་ཁ་ལ་སོང་བ་ན༔ ཚེ་ཟད་མིས་ཀྱང་བརྒྱ་སྟོང་ལོ་རུ་ཐུབ༔ ཅེས་དང་། གཏེར་ཆེན་རྡོ་རྗེ་ཐོགས་མེད་ཀྱི་ཟབ་བདུན་སྐོར་གྱི་ལུང་བསྟན་ལས། བདེ་ཆེན་པདྨ་བཀོད་པ་ཞེས་བྱ་བ༔ འདི་ཡི་མཚན་ནི་རྣ་བར་ཐོས་པས་ཀྱང་༔ འཁོར་བ་ངན་སོང་སྒོ་མོ་ཁེགས་པར་གྱུར༔ དད་པའི་གོམ་བདུན་བོར་ཏེ་འཆི་གྱུར་ཀྱང་༔ ཕྱི་མ་ཞིང་དེར་སྐྱེས་ནས་སངས་རྒྱས་ཐོབ༔ ཅེེས་དང་། ཡང་དེ་ཉིད་ལས། ཕྱོགས་བཅུའི་སངས་རྒྱས་སྲས་དང་བཅས་པ་དང་༔ ཨོ་རྒྱན་དཔའ་བོ་མཁའ་འགྲོའི་འཁོར་གྱིས་བསྐོར༔ མངོན་སུམ་ཞལ་མཇལ་ཆོས་གསུང་ཐོས་པ་ཡོད༔ གནས་དེར་སྔོན་མ་ཕྱིན་པ་ཐམས་ཅད་ཀུན༔ ཚེ་གཅིག་ཉིད་ལ་སངས་རྒྱས་ཐོབ་པ་ཡོད༔ བར་མ་ཕྱིན་རྣམས་བར་དོར་སངས་རྒྱས་ཐོབ༔ ཐ་མར་ཕྱིན་རྣམས་གནས་དེར་སྐྱེ་བར་འགྱུར༔ རིགས་སད་རྟེན་དེར་སངས་རྒྱས་ཐོབ་པར་འགྱུར༔ གཞན་དུ་ལོ་གཅིག་སྒྲུབ་པ་བྱས་པ་ལས༔ འདི་རུ་ཞག་གཅིག་བསྒྲུབས་ན་དངོས་གྲུབ་མྱུར༔ ཞེས་དང་། གཏེར་ཆེན་བདུད་འདུལ་རྡོ་རྗེའི་གཏེར་བྱོན་གནས་ཡིག་ལས། གནས་དེར་ཤན་པ་སྡིག་ཅན་ཕྱིན་གྱུར་ཀྱང་༔ ཀློང་གྲོལ་གྲུབ་ཐོབ་རྒྱལ་པོར་འགྱུར༔ གནས་དེར་ཟླ་དྲུག་སྡོད་ན་ཕུང་པོ་འོད་སྐུར་གྲོལ༔ ཞེས་དང་། གཏེར་ཆེན་སྟག་ཤམ་ནུས་ལྡན་རྡོ་རྗེས། ཞིང་དེར་བསམས་ཏེ་གོམ་པ་བདུན་བོར་ན། །བར་ཆད་རྐྱེན་གྱིས་བསླད་པར་མི་འགྱུར་རོ། །གནས་དེའི་རྩྭ་འཇག་ཆུ་ཐིགས་ཁར་སོང་ཚད། །ངན་སོང་མི་སྐྱེ་མི་འཁོར་པདྨའི་གསུངས། །ཞེས་དང་། གཏེར་སྟོན་དྲག་སྔགས་གླིང་པའི་གཏེར་བྱོན་གནས་ཡིག་ལས། གནས་དེར་དད་པས་ཕྱག་གསུམ་སུས་འཚལ་ན༔ འཁོར་བ་ངན་སོང་སྒོ་མོ་ཁེགས་པར་ངེས༔ དད་པས་གོམ་བདུན་སྤོས་ནས་ཤི་ན་ཡང་༔ ཕྱི་མ་ཞིང་དེར་སྐྱེ་བར་ཐེ་ཚོམ་མེད༔ གནས་དེར་དར་ཆོས་པུ་ཛ་སུས་ཕུལ་ན༔ ལྷ་དང་མི་ཡི་དཔལ་ལ་ལོངས་སུ་སྤྱོད༔ ཅེས་དང་། ཡང་དེ་ཉིད་ལས། གཞན་ལ་ལོ་སྒྲུབ་གནས་དེར་ཞག་གཅིག་དགེ༔ ས་གཞན་གཏན་སྒྲུབ་གནས་དེར་ལོ་སྒྲུབ་འཕགས༔ མ་བསྒོམས་ཏིང་འཛིན་ཉམས་རྟོགས་ངང་གིས་འཆར༔ ནད་མེད་བདེ་ལྡན་དཔལ་འབྱོར་ལོངས་སྤྱོད་འཕེལ༔ སྡིག་ལྡན་ཤན་པ་ཇི་ལྟར་ཡིན་ན་ཡང་༔ གནས་འབྲེལ་བཟང་པོས་ལྷ་མི་རིག་འཛིན་གྱི༔ གོ་འཕང་ཐོབ་སྟེ་ཀློང་གྲོལ་གྲུབ་ཐོབ་འགྱུར༔ ཞེས་གསུངས་པ་ལྟར་དང་། བྱེ་བྲག་ཏུ་ཀུན་འདུས་རྡོར་སེམས་ཕོ་བྲང་བསྐོར་བའི་ཕན་ཡོན་ནི། ཇོ་བོ་ཤཱཀྱ་མུ་ནེ་ཐེངས་བཅུ་གསུམ་དང་། ཙ་རི་རོང་སྐོར་གཅིག་དང་མཉམ། ཙ་རི་རོང་སྐོར་བཅུ་གསུམ་དང་པདྨ་ཤྲཱི་མཐའ་སྐོར་གཅིག་དང་མཉམ། པདྨ་ཤྲཱི་མཐའ་སྐོར་བཅུ་གསུམ་དང་། རྡོར་སེམས་ཕོ་བྲང་རྩེ་སྐོར་གཅིག་དང་མཉམ། རྩེ་སྐོར་བཅུ་གསུམ་དང་མཐའ་སྐོར་གཅིག་མཉམ། སྐོར་བ་བཅུ་གསུམ་བསྐོར་ན་བཅུ་གསུམ་རྡོ་རྗེ་འཛིན་པའི་ས་འཐོབ་པར་གསུངས་སོ། །དེ་ལྟར་གནས་འདི་ངེས་པར་འབྲེལ་ཚད་རང་གྲོལ་དུ་རྡོ་རྗེའི་གསུང་གོང་ཞུས་དག་གིས་མཚོན་མང་པོ་ཞིག་ནས་ལན་གཅིག་མིན་པར་ལན་མང་དུ་བསྔགས་པ་ལགས་སོ།།

སྨྲས་པ།

གཏེར་ལུང་ཡིག་ཆའི་འཁར་བ་ལ་བརྟེན་ནས།།
ཐོན་པའི་སྦས་ཡུལ་ལོ་རྒྱུས་རྒན་པོ་དེས།།
དོན་གཉེར་ཅན་ལ་བདེན་པ་ར་སྤྲོད་ཀྱིས།།
ཡིད་ཀྱི་རེ་འདོད་སྐོང་བའི་རྒྱུ་རུ་ངེས།།

ལྷག་བསམ་དག་པས་འདི་ལྟར་འདུ་བྱས་པའི།།
དགེ་རྩས་སྦས་ཡུལ་ཆོས་འབྱོར་བདེ་སྐྱིད་རྒྱས།།
དེ་རུ་གནས་དང་འགྲོ་འདོད་སྐྱེ་བོ་རྣམས།།
མི་འཕྲོག་ངེས་ཤེས་འདྲེན་བྱེད་ཐོབ་ཕྱིར་བསྔོ།།

དཔྱད་གཞིའི་ཡིག་ཆ།

༡. གཏེར་ཆེན་བདུད་འདུལ་རྡོ་རྗེའི་གཏེར་བྱོན་བདེ་ཆེན་པདྨ་བཀོད་ཀྱི་གནས་ཡིག་ཐོས་པ་རང་གྲོལ།
༢. འཇའ་ཚོན་སྙིང་པོའི་གཏེར་བྱོན་སྦས་ཡུལ་པདྨ་བཀོད་ཀྱི་ལམ་ཡིག
༣. གཏེར་ཆེན་རྡོ་རྗེ་ཐོགས་མེད་ཀྱི་གཏེར་བྱོན་ཟབ་བདུན་སྐོར་གྱི་ལུང་བསྟན།
༤. གཏེར་ཆེན་རྡོ་རྗེ་ཐོགས་མེད་ཀྱི་གཏེར་བྱོན་སྦས་ཡུལ་ལམ་ཡིག་གསལ་བའི་སྒྲོན་མེ།
༥. རིག་འཛིན་ནུས་ལྡན་འགྲོ་འདུལ་རྡོ་རྗེའི་གཏེར་བྱོན་པདྨ་བཀོད་ཀྱི་གནས་ཡིག
༦. མཁར་ཆེན་མཚོ་རྒྱལ་གྱི་ཞལ་གདམས་ལེའུ་བརྒྱ་པ་གཏེར་བྱོན།
༧. སྟག་ཤམ་ནུས་ལྡན་རྡོ་རྗེའི་ཞལ་ཆེམས།
༨. རྒྱལ་སྲས་བདེ་ཆེན་གླིང་པའི་གཏེར་བྱོན་སྦས་ཡུལ་པདྨ་བཀོད་ཀྱི་གནས་ཡིག་ཐོད་པ་ཚེ་ཡི་སྤྲོད།
༩. གཏེར་སྟོན་དྲག་སྔགས་གླིང་པའི་གཏེར་བྱོན་པདྨ་བཀོད་ཀྱི་གནས་ཡིག
༡༠. སྤོ་བོའི་ལོ་རྒྱུས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།
༡༡. འབྲེལ་ཡོད་ཡིག་ཆ་གཞན་ཡང་ཡོད།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

This Post Has 2 Comments

  1. དབང་ཆེན

    གྲུབ་ཆེན་ཐང་སྟོང་རྒྱལ་པོས་ཀློ་རྣམས་འདུལ་བར་ཁ་གསལ་རྣམ་ཐར་ནང་དུ་བཀོད་དུག་ལགས
    ཀརྨ་པ་རང་བྱུང་རྡོ་རྗེས་ཀློ་འདུལ་བའི་དགོངས་པ་མཛད་ཀྱང་མ་ཐུལ་བ་ལ་
    མ་འོང་པ་ན་འཕགས་པ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཞིག་གིས་འདུལ་བར་འདུག་གསུང་པ་བཞིན་གྲུབ་ཐོབ་ཆེན་པོས་ལུང་བསྟན་བཞིན་ཀློ་འདུལ་བར་འབྱོན་པའི་ལོ་རྒྱུས་ལོ་ཆེན་འགྱུར་མེད་ཀྱིས་མཛད་པའི་གྲུབ་ཆེན་གྱི་རྣམ་ཐར་ཀུན་གསལ་ནོར་བུའི་མེ་ལོང་ནང་ཁ་གསལ་དུ་གསུང་འདུག་ལགས

  2. དབང་ཆེན

    སྔོན་དུས་གྲུབ་ཆེན་ཐང་སྟོང་པས་ཀློ་ཁ་ཁྲ་རྣམས་རྫུ་འཕྲུལ་གྱི་འདུལ་ནས་ཆོས་ལ་བསྐུལ་ལུགས་རྗེ་ཉིད་ཀྱི་རྣམ་ཐར་རྣམས་སུ་གསལ་པོར་གསུང་འདུག
    དིང་སང་ཡང་འམགས་པ་འཇིག་རྟེན་དབང་ཕྱུག་གི་ཆོས་སྐོར་དར་པོ་ཡོད་གསུང་འདུག
    ཡིན་ཡང་ཀློ་པད་བཀོད་པ་རྣམས་ཀྱི་གྲུབ་ཆེན་གྱི་ཀློ་འདུལ་ལུགས་ལོ་རྒྱུས་གང་དུའང་བཀོད་མིན་འདུག་ལ་ ཡང་ན་གྲུབ་ཆེན་གྱི་འདུལ་བའི་ཀློ་ཁ་ཁྲ་གཞན་ཞིག་ཡིན་ནམ?

དཔྱད་མཆན་སྤེལ།