ལོ་རིམ་གསུམ་པའི་སློབ་གཉེར་བ། ལྷག་པ་ཚེ་རིང་།
གཉིས་སྣང་དག་པས་གྲུབ་པའི་ས་མཐོར་གཤེགས།།
ཐབས་མཁས་ཐུགས་རྗེས་སྲིད་ཞི་མངའ་དབང་བསྒྱུར།།
པད་མ་ཀཱ་ར་མཆོག་གི་ཡང་སྤྲུལ་དངོས།།
འཛམ་གླིང་མཛེས་པའི་ནོར་བུ་ཁྱེད་ལ་འདུད།།
ངུར་སྨྲིག་གསེར་གྱི་པད་འདབ་བཞེས་པའི་སྐུ།།
སྙན་ཞིང་འཇེབས་པའི་བྱིན་རླབས་ལྡན་པའི་གསུང་།།
རྣམ་དཀར་བྱང་ཆུབ་ཚུལ་ཁྲིམས་གཙང་མའི་ཐུགས།།
མཚུངས་མེད་རྒྱལ་སྲས་ཟླ་འོད་ཁྱེད་ལ་འདུད།།
ལྕི་ཚད་འདས་པའི་སྐུ་ངལ་བརྒྱ་ཕྲག་མང་།།
ཟོལ་བ་མེད་པར་ཐུགས་ཁུར་བཞེས་གནང་བས།།
མདོ་སྔགས་ཆོས་ཀྱི་ཀ་ཆེན་འགྱེལ་ཉེ་རྣམས།།
སྟོད་ལ་བསྒྲེངས་པས་བཀའ་དྲིན་ལྷག་མེད་བསྐྱངས།།
རིགས་ཞེན་སེམས་ཆུང་དབེན་པའི་ནོར་བུ་ལ།།
བུང་བ་བཅུད་ལ་རོལ་ལྟར་གདུལ་བྱ་འཁོར།།
ཕྱོགས་མཐའ་ཀུན་ནས་ཕེབས་པའི་བློ་ལྡན་དག།།
ཉེ་རིང་མེད་པའི་བརྩེ་བས་བྱིལ་བྱིལ་མཛད།།
རྣམ་གཡེང་ལམ་དུ་འཕྱན་པའི་ཉམ་ཐག་ལ།།
བཅོས་མིན་སྙིང་རྗེའི་སྟོབས་ནི་ཤུགས་དྲག་སྟེ།།
ཐབས་ཤེས་དབྱེར་མེད་ངང་ནས་མུན་གླིང་འདི༎
ཐུགས་རྗེ་ཆེན་པོ་ཉིད་ཀྱིས་བསལ་མཛད་ཅིང་།།
མདོར་ན་ལྷོ་གླིང་མཛེས་པའི་ཞིང་ཁམས་སུ།།
རྒྱལ་བསྟན་ཆོས་ཀྱི་ས་བོན་ལེགས་བཏབ་པས།།
བཤད་སྒྲུབ་རྒྱུད་ལྡན་སྐར་ཚོགས་སྟོང་འདས་མཆིས།།
ལྔ་བརྒྱའི་གཙུག་རྒྱན་རྒྱལ་དབང་ཁྱེད་ལ་འདུད།།
༡༣/༠༥/༢༠༢༣ ཉིན།
