རྩོམ་སྒྲིག་པ།
རང་དོན་འཆད་རྩོད་རྩོམ་ལ་ཐོགས་མེད་མཁྱེན།།
གཞན་དོན་ནམ་ཡང་འདོར་བ་མེད་པའི་ཐུགས།།
བསིལ་ལྡན་གངས་རི་ལྗོངས་ཀྱི་མིག་གཅིག་པུ།།
རིག་འཛིན་ཚེ་དབང་ནོར་བུར་སྙིང་ནས་འདུད།།
དེ་ལ་འདིར་ཀཿཐོག་རིག་འཛིན་ཚེ་དབང་ནོར་བུའི་མཛད་རྣམ་རགས་བསྡུས་འདི་ཉིད་ཞུ་བ་ལ། སྐུ་ཇི་ལྟར་བལྟམས་ཤིང་དམ་པའི་རྗེས་སུ་བསྙེགས་ཏེ་གསན་བསམ་གནང་བའི་མཛད་པ། ས་གནས་གང་སར་ཞབས་ཀྱིས་བཅགས་ཏེ་གདུལ་བྱ་རྗེས་སུ་བཟུང་བའི་མཛད་པ། དགོངས་པ་ཆོས་དབྱིངས་སུ་གཤེགས་པའི་མཛད་པ། གསུང་རྩོམ་དང་སློབ་མ་རྣམས་ཀྱི་མཚན་ཐོ་ཉུང་བསྡུས་སུ་བཀོད་པ་དང་བཞི་ལས།
དང་པོ་སྐུ་ཇི་ལྟར་བལྟམས་ཤིང་དམ་པའི་རྗེས་སུ་བསྙེགས་ཏེ་གསན་བསམ་གནང་བའི་མཛད་པ།
དེའང་ཐུགས་གཏེར་གསང་བའི་ལུང་བྱང་ལས། པདྨ་ང་སྤྲུལ་ནག་པོས་བྱིན་བརླབས་ཤིང༔ ནམ་སྙིང་ཐུགས་ཀྱི་འོད་ཟེར་ཞུགས་གྱུར་པ༔ ཀཿཐོག་ལྷོ་ཕྱོགས་བཙན་རིའི་ཉེ་འདབས་སུ༔ མཆོག་དམན་སྤངས་པ་བར་མ་དག་པའི་རིགས༔ མགོན་དང་མཚོ་ཞེས་བྱ་བ་གཉིས་ཀྱི་བུ༔ དབང་ངམ་ནོར་བུའི་མིང་ཅན་སྙིང་སྟོབས་ཅན༔ མི་ཆེ་མི་ཆུང་སྒེག་པ་རྡོ་རྗེའི་ལུས༔ རྩ་རླུང་ཐིག་ལེ་སྐྱོན་མེད་མཁའ་འགྲོ་འདུ༔ སྤྱོད་པ་མ་ངེས་བྱིས་པའི་ཚུལ་དུ་སྤྱོད༔ ཁ་དོག་ཉིན་རེ་ལ་ཡང་ངེས་མེད་འགྱུར༔ ལྟ་བའི་གདེང་ལྡན་རྒྱུ་འབྲས་ཤན་འབྱེད་མཁས༔ རིག་པ་ངར་ཐོན་གྱོང་ཚིག་ཏལ་མར་སྨྲ༔ ཤེས་བྱ་ཁོག་ཡངས་གདུལ་བྱ་འཁྲིད་ལ་མཁས༔ ཏིང་འཛིན་གསལ་ཐེབས་གཞན་སྣང་ཟིལ་གྱིས་གནོན༔ སྦྱངས་པ་སྔོན་སོང་མདོ་རྒྱུད་དགོངས་དོན་འགྲེལ༔ བློ་གྲོས་མཐུ་ལྡན་ཆོས་དང་ཆོས་མིན་འབྱེད༔ འཕྲལ་དུ་བརྟགས་ན་མི་ཤེས་གླེན་པའི་ཚུལ༔ ཡུན་དུ་འགྲོགས་ཚེ་མཁས་ཀུན་སྙེམས་པ་འཕྲོག༔ ཡོན་ཏན་ལྡན་པ་སྦས་ཚུལ་རྣལ་མར་སྤྱོད༔ ཅེས་བསླུ་མེད་རྡོ་རྗེའི་བཀའ་ལུང་དུ་མས་བསྔགས་པའི་སྐྱེས་ཆེན་དམ་པ་ཀཿཐོག་རིག་འཛིན་ཚེ་དབང་ནོར་བུ་མཆོག་ནི། བོད་གངས་ཅན་ལྗོངས་ཀྱི་ཡ་གྱལ་མདོ་སྨད་འབྲི་རྒྱུད་རེ་ཁེའི་ཆར་གཏོགས་ཀཿཐོག་རྡོ་རྗེ་གདན་གྱི་ལྷོ་ཕྱོགས་ལྗང་ཆུ་གཤིས་སུ་བསམ་གཏན་གྱི་སྤྱིལ་བུ་ཆུང་ངུ་ཞིག་ཏུ། ཡབ་རྔུའི་རིགས་ཏེ་སྡེ་དགེ་ཆོས་རྒྱལ་དང་གདུང་རུས་གཅིག་པ་ཨ་མགོན་དང་། ཡུམ་ཞུང་སྐྱེས་མཁའ་འགྲོ་མའི་རིགས་སུ་གྱུར་པ་རྡོ་རྗེ་མཚོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཉིས་པའི་ས་སྟག་སྤྱི་ལོ་ ༡༦༩༨ ལོར་བོད་ཟླ་བརྒྱད་པའི་ཚེས་བཟང་ཉིན། བཀྲ་ཤིས་པའི་རྟགས་མཚན་དུ་མ་དང་བཅས་ཏེ་སྐུ་བལྟམས།
གཏེར་སྟོན་སྤྲུལ་པའི་སྐྱེས་མཆོག་དམ་པ་པདྨ་བདེ་ཆེན་གླིང་པའི་ཞལ་སྔ་ནས། རིག་འཛིན་པདྨ་ནོར་བུ་ཞིང་ཁམས་འཕོས་པའི་རྗེས་སུ། ད་སྟེ་ལོ་གསུམ་འདས་ཤིང་བཞི་ལྔའི་ཁོངས་སུ་ཡུལ་ཕྱོགས་འདིར་སྐྱེས་བུ་དམ་པ་ཞིག་གི་སྐྱེ་བའི་སྲིད་པ་བཟུང་བར་འགྱུར་རོ། །ཞེས་རྡོ་རྗེའི་ལུང་གིས་གསང་བ་མཐོན་པོར་བསྒྲགས་པར་མཛད་པ་བཞིན་ལོ་བཞི་པའི་ཁོངས་དེར་དམ་པ་འདི་ཉིད་སྐུ་སྐྱེ་གསར་དུ་བཞད་དེ་དགུང་ཞག་བདུན་ལོན་པ་ན། རིག་འཛིན་གཏེར་སྟོན་ཆེན་པོ་སྐུ་དངོས་སུ་བྱོན་ནས་རང་གཏེར་བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་རྡོ་རྗེ་རྒྱ་མདུད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་དང་ལྷན། མཚན་རིག་འཛིན་ཚེ་དབང་ནོར་བུ་ཞེས་གསོལ། གང་ཉིད་སྐུ་འཁྲུངས་རྗེས་ཟླ་བ་གསུམ་ཙམ་ནས་སྔོན་གནས་རྗེས་སུ་དྲན་པ་དད་ལྡན་ཀུན་ཀྱི་སྤྱོད་ཡུལ་དུ་གྱུར་ཅིང་། བྱིས་པ་གཞན་ལས་ཁྱད་དུ་འཕགས་པའི་ངང་ཚུལ་མང་པོ་བསྟན།
སྐབས་དེ་ཙམ་ལ་སྤྲུལ་རྫུན་མང་དྲགས་གཤིས་ཡུལ་མི་ཁ་ཤས་ཀྱིས་སྤྲུལ་སྐུ་དངོས་ཡིན་རབས་གླེང་ཞིང་། འགའ་ཞིག་གིས་ཕ་མ་དང་གྲྭ་རྒན་ཚོས་བསླབས་ནས་གང་དྲན་རྗོད་ཀྱིན་འདུག་ཟེར་བ་དང་། ཡང་ལ་ལས་སྤྲུལ་སྐུ་ཡིན་ན་ཡང་དེ་འདྲ་གསལ་པོ་བྱས་ནས་སྔོན་གནས་རྗེས་སུ་དྲན་སྟངས་ལ་གཞིགས་ན་འདྲེ་ཡིས་བསླུས་པ་ཡིན་རྒྱུ་རེད་ལ་སོགས་པའི་གླེང་སློང་མི་འདྲ་བ་དུ་མ་བྱུང་། དེ་ཡང་རྗེ་རང་ཉིད་ཀྱིས། ཆུང་ངུའི་སྐབས་སུ་སྔོན་གནས་ཅུང་དྲན་པས། །དེ་དུས་སྤྲུལ་པའི་སྐུ་རུ་ཡིན་མིན་ཞེས། །སྣ་ཚོགས་གླེང་གྱུར་་་་་་་གསུངས་འདུག་པ་དང་། ལྷག་པར་དུ་ཀུན་མཁྱེན་པདྨ་བློ་གྲོས་ཀྱི་གདན་སར་བཞུགས་སྐབས་གྲྭ་པ་ཚོས་ཁོང་སྤྲུལ་སྐུ་རྫུན་མ་ཡིན་འདུག་ཅེས་བརྙས་བཅོས་ཡང་ཡང་བྱས་པར་བརྟེན་གདན་ས་རུ་ཡུན་རིང་པོ་བཞུགས་མ་ཐུབ། རྗེ་ཉིད་ཀྱི་ཞལ་ནས་ཀྱང་། གྲྭ་ཚང་ནང་ནས་བརྙས་བཅོས་དང་ཁྱད་གསོད་ཀྱིས་ཉམ་ཐག་པའི་གནས་སུ་འཁོད་པ་ཡིན་ཡང་ཕྱི་རོལ་ནས་བླ་མར་དམིགས་ཏེ་དཀོར་རྫས་འདྲ་ཅི་རིགས་སྦྱིན་མཁན་བྱུང་བ་ཡིས་སྐྱོན་ཡང་ལོས་ཡིན། ཅེས་དང་། གསུང་ཚིག་འདིའི་ཡིག་ཕྲེང་དགུ་ཙམ་གྱི་འོག་ཏུ། དེའི་ཕྱིར་བདག་ནི་སྐྱེ་བ་འདི་ནས་བཟུང་བླ་མེད་ཡང་དག་འཕགས་པའི་ས་མཆོག་དམ་པ་མ་ཐོབ་བར་དུ་སྐྱེ་བར་མིང་བཏགས་ནས་རང་དོན་ཚགས་སུ་མ་ཚུད་བཞིན་རྣམ་གཡེང་འཁོར་བའི་ལས་ལ་སྤྱོད་པ་འདི་ལྟ་བུ་གཏན་ནས་མ་གྱུར་ཅིག ཅེས་ཐུགས་ཧ་ཅང་སྐྱོ་བའི་ཚུལ་མཛད་འདུག སྤྲུལ་སྐུ་ཡིན་པར་འདོད་པ་ལ་ཡང་མི་མཐུན་པ་གཉིས་བྱུང་། ཆོས་རྗེ་ཀུན་བཟང་དབང་པོའི་རྗེས་འབྲང་བ་ཚོས་ཇོ་ནང་པ་ས་བཟང་མ་ཏི་པཎ་ཆེན་གྱི་སྤྲུལ་པར་འདོད་ཅིང་། གཏེར་སྟོན་པདྨ་བདེ་ཆེན་གླིང་པར་དད་མཁན་ཚོས་གྲུབ་དབང་པདྨ་ནོར་བུའི་ཡང་སྲིད་དུ་འདོད། འོན་ཀྱང་རྗེ་རང་ཉིད་ནི་གོང་ཞུས་བཞིན་ཁོང་རང་གི་རྩ་བའི་བླ་མ་གཏེར་སྟོན་པདྨ་བདེ་ཆེན་གླིང་པའི་གསུང་ལུང་དང་དམ་པ་གཞན་དག་ཚོས་ལུང་བསྟན་བཞིན་རིག་འཛིན་པདྨ་ནོར་བུའི་སྤྲུལ་སྐུ་ཡིན་མིན་གང་ལྟར་ཡང་། དམ་པ་དེ་དག་གིས་པདྨ་མ་ཎིའི་ཡང་སྲིད་དུ་བྱིན་གྱིས་བརླབས་པ་ཞིག་ཡིན་པར་རང་རྣམ་ལས་གསུངས་འདུག་པས་དོན་དུ་དེ་ཉིད་ཀྱི་སྤྲུལ་པ་ཡིན་པར་ཞལ་བཞེས་མཛད་དོ།།
དགུང་ལོ་ལྔ་ལ་སོན་སྐབས་པདྨ་བདེ་ཆེན་གླིང་པའི་སྐུ་མདུན་ནས་ཀ་ཁའི་དབྱངས་རྟ་ཐོག་མར་སློབ་པའི་དབུ་ཚུགས་ཤིང་དམ་པ་འདི་ནས་ཁྲིད་ལུང་དུ་མ་ཞུས། རྗེ་ཉིད་དགུང་ལོ་བཅུ་གསུམ་སྐབས་རྒྱལ་བའི་དུས་ཆེན་ས་ག་ཟླ་བའི་ཚེས་བཟང་པོར་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་བགྲོད་པ་གཅིག་པུའི་ལམ་གྱི་མཐར་ཐུག་གནས་ལུགས་རྫོགས་པ་ཆེན་པོའི་ཁྲིད་སྔོན་འགྲོ་བློ་ལྡོག་རྣམ་བཞི། སྐྱབས་འགྲོ་སེམས་བསྐྱེད། སྐྱེས་བུ་གསུམ་གྱི་ལམ་རིམ་མ་ཚང་བ་མེད་པ་དང་། མཎྜལ། རྡོར་སེམས་བསྒོམ་བཟླས། བྱིན་རླབས་བླ་མའི་རྣལ་འབྱོར་ཐུན་མོང་དང་ཐུན་མོང་མིན་པ་བཅས་གསན་བསམ་རྒྱ་ཆེར་མཛད། ལོ་དེའི་མཇུག་ཏུ་ཀུན་མཁྱེན་པདྨ་བློ་གྲོས་ཀྱི་གདན་སར་རྟེན་འབྲེལ་ཟབ་རྒྱས་དང་བཅས་ཏེ་ཕེབས་བསུ་ཞུས། དེར་བཞུགས་རིང་རྩ་བའི་བླ་མ་དེ་ལས་ཚེ་དབང་རྒྱལ་བ་འདུས་པའི་ལྷ་དབང་གཏོར་མའི་བྱིན་རླབས་སོགས་ཞུས། གཞན་ཡང་རྣལ་འབྱོར་པ་ཀུན་བཟང་རིན་ཆེན་གྱི་དྲུང་ནས། ཀློང་གསལ་སྙིང་པོའི་གཏེར་བྱོན་དྲག་པོ་ཡེ་ཤེས་རབ་འབར་གྱི་དབང་ལུང་སོགས་རྫོགས་ཆེན་གྱི་ཞལ་རྒྱུན་མཐའ་ཡས་པ་ཞུས། ཆོས་རྗེ་ཀུན་བཟང་དབང་པོ་ལས། གཞན་སྟོང་དབུ་མ་ཆེན་མོའི་ལྟ་ཁྲིད་དང་། དཔལ་དུས་ཀྱི་འཁོར་ལོའི་དབང་རིམ་བཅུ་གཅིག་དང་། རྗེ་བཙུན་དམ་པ་ཀུན་དགའ་སྒྲོལ་མཆོག་གིས་ཕྱོགས་བསྒྲིགས་མཛད་པའི་ཁྲིད་ཆེན་བརྒྱ་དང་རྩ་བརྒྱད་ཀྱི་ཁྲིད་ལུང་། ཀུན་མཁྱེན་དོལ་པོ་བ་ཤེས་རབ་རྒྱལ་མཚན་དང་། རྗེ་བཙུན་ཏཱ་ར་ནཱ་ཐའི་གསུང་འབུམ་ལུང་རྒྱུན་གང་བཞུགས། མདོར་ན་ཇོ་ནང་པའི་བསྟན་པ་ལ་གསན་བསམ་དང་ཐུགས་ཁུར་རྒྱ་ཆེར་གནང་། ཆོས་རྗེ་འདིས་རིག་པ་འཛིན་པ་འདི་ཉིད་ས་བཟང་མ་ཏི་པཎ་ཆེན་གྱི་སྤྲུལ་སྐུར་ངོས་བཟུང་བའི་རྒྱུ་མཚན་གཙོ་བོ་ཡང་དེ་ལ་ཐུག་འདུག་སྙམ། འོན་ཀྱང་ཁོང་རང་གི་གསུང་སྟངས་ལྟར་ན་ཇོ་ནང་པའི་བསྟན་པ་ལ་ཐུགས་ཞེན་ཆེ་བའི་རྒྱུ་མཚན་ནི་སྐྱེ་བ་སྔ་མ་ཏིང་སྐྱེས་རྒྱལ་པོའི་སྲས་ཡིན་པས་སྔོན་གནས་རྗེས་སུ་དྲན་པར་བཞེད་དོ། །ལར་གྲུབ་དབང་པདྨ་ནོར་བུའི་ཡང་སྲིད་མིན་པར་དོགས་པ་མི་དགོས་ཏེ། ཐུགས་རྒྱུད་ངོ་བོ་གཅིག་ལ་སྤྲུལ་པའི་སྣང་བ་ཐ་དད་དུ་བསྟན་པར་གསུངས་པས་སོ།།
དེ་བཞིན་གཙང་སྟོད་གྱེ་རེ་དགོན་དུ་མ་ཧཱ་ལོ་ཙཱ་བ་ངག་དབང་བཀྲ་ཤིས་རྣམ་རྒྱལ་དྲུང་ནས། བརྡ་སྤྲོད་དབྱངས་ཅན་སྒྲ་མདོའི་གཞུང་ལུགས་རྣམས་གསན་པས་སློབ་དཔོན་ཉིད་ཐུགས་ཡིད་ཕྲོགས་ཏེ། མཚན་ངག་དབང་དབྱངས་ཅན་གྲུབ་པའི་རྡོ་རྗེ་གསོལ། དགུང་ལོ་ཉེར་གཅིག་པར་ཀཐོག་རྒྱལ་སྲས་བསོད་ནམས་ལྡེའུ་བཙན་ལ་གཙུད་ཕུད་ཕུལ་ཅིང་སྐྱབས་གསུམ་འཛིན་པ་དགེ་བསྙེན་གྱི་སྡོམ་པ་ཞུས་པས། མཚན་བསོད་ནམས་ཐེག་མཆོག་བསྟན་འཛིན་དཔལ་བཟང་པོ་ཞེས་གསོལ། རྗེ་འདི་ཉིད་ལས་ཀློང་གསལ་རྡོ་རྗེ་སྙིང་པོའི་དབང་བཞི་ཞིབ་རྒྱས་རྩ་བ་ཡན་ལག་ཡོངས་སུ་རྫོགས་པ། བླ་མ་དགོངས་པ་འདུས་པའི་ཐུགས་སྒྲུབ་གསལ་བྱེད་ནོར་བུའི་ལུགས་སོགས་པུསྟིཀ་ཡོངས་རྫོགས་ཀྱི་བཀའ་གཏད། ཀཿལུགས་ཀྱི་ཞི་ཁྲོ་ཕུར་པའི་དབང་སོགས་གསན་བསམ་མཛད། དགུང་ལོ་ཉེར་བདུན་སོན་སྐབས་རྩ་བའི་བླ་མ་ཀརྨ་རིག་འཛིན་གསུང་རབ་རྒྱ་མཚོ་ལས། ཚངས་པར་སྤྱོད་པའི་དགེ་བསྙེན་གྱི་སྡོམ་པ་མནོས་ཤིང་། མཚན་ཀརྨ་བསྟན་པ་མཐའ་རྒྱས་གསོལ། དམ་པ་དེའི་དྲུང་ནས་གཏེར་སྟོན་རིག་འཛིན་རོལ་པའི་རྡོ་རྗེ་སྙིང་པོའི་ཟབ་གཏེར་རྒྱུད་གསང་བ་ཡེ་ཤེས་སྙིང་པོའི་ལམ་ནས་གཞི་ལམ་འབྲས་གསུམ་ངོ་སྤྲོད་ཞིབ་རྒྱས་དང་། བཀའ་ཕྱག་ཆུ་བོ་གཉིས་འདྲེས་ཀྱི་ཁྲིད་རྒྱུན་ལན་མང་། རཏྣ་གླིང་པའི་ཟབ་གཏེར་ཆོས་སྐོར་ཡོངས་རྫོགས་སོགས་ཟབ་རྒྱས་སྨིན་གྲོལ་དུ་མ་གསན། གཞན་ཡང་མཚན་ལྡན་གྱི་དགེ་བའི་བཤེས་གཉེན་མང་དུ་བསྟེན་ཏེ། སྒྲ། སྙན་ངག སྐར་རྩིས་སོགས་ལ་གསན་བསམ་རྒྱ་ཆེར་མཛད། ད་དུང་སྐུ་བལྟམས་ཚུལ་དང་། དམ་པའི་རྗེས་སུ་སྙེག་ཚུལ། གསན་བསམ་གནང་ཚུལ་སོགས་གྲངས་ལས་འདས་པའི་མཛད་པ་མཆིས་མོད་རེ་ཞིག་ཡི་གེ་མང་བར་འཇིགས་ནས་དེ་ཙམ་གྱིས་ཆོག་པར་བྱས་སོ།།
གཉིས་པ་ས་གནས་གང་སར་ཞབས་ཀྱིས་བཅགས་ཏེ་གདུལ་བྱ་རྗེས་སུ་བཟུང་བའི་ཚུལ།
སྤྱིར་རིག་པ་འཛིན་པ་གང་ཉིད་ཀྱིས་ཆོས་སྡེ་ཆེན་པོ་ནས་དགོངས་པ་མ་ཞུས་སྔོན་དུ་གདུལ་བྱ་རྣམས་ལ་དམ་པའི་ཆོས་ཀྱི་བདུད་རྩི་ལྡུད་ཡོད་དེ། དགུང་ལོ་ཉེར་གཉིས་སོན་དུས་སྟག་ཕུ་རེ་ཁེའི་ལྗོངས་དཔལ་བེའུ་ལུང་གི་དབེན་གནས་སུ་དད་ལྡན་བརྒྱ་ཕྲག་ལྷག་ལ་འཆད་ཁྲིད་གནང་བ་ཐོག་མ་ཡིན་ནའང་ཀུན་ལ་ངོ་སྤྲོད་ཐེབས་པ་ཞིག་བྱུང་བ་དང་། དགུང་ལོ་ཉེར་བཞིར་བརྩེ་ཆེན་དགོན་དུ་ཆོས་སྐྱོང་དཔལ་ལྡན་ལ་སོགས་པའི་སྐལ་ལྡན་གྱི་བུ་སློབ་བདུན་ཅུ་ལྷག་ཙམ་ལ་བཀའ་གསང་རྫོགས་པ་ཆེན་པོའི་ཟབ་ཁྲིད་སྨིན་པར་བསྩལ་གནང་བ་སོགས་ཀྱིས་མཚོན་མཛད་ཕྲིན་དུ་མ་བསྐྱངས་འདུག་མོད།
གོང་ཞུས་བཞིན་ཀཿཐོག་རྡོ་རྗེ་གདན་གྱི་གདན་སར་བཞུགས་རིང་རིག་འཛིན་པདྨ་ནོར་བུའི་སྐུ་ཉེ་གྲྭ་རིགས་མང་ཆེ་བས་རྗེ་འདི་ཉིད་པདྨ་ནོར་བུའི་སྤྲུལ་སྐུ་མིན་པར་སྒྲུབ་བཞིན་ཁོང་ལ་བཀའ་བཀྱོན་དང་བརྙས་པ་ཁོ་ན་བྱས་པའི་རྒྱུ་མཚན་གྱིས་དང་། ཡང་ཕྱོགས་གཅིག་ནས་དེ་དུས་ཁོང་རང་ཉམས་ལེན་གནང་རྒྱུའི་ཐུགས་འདོད་ཧ་ཅང་ཆེ་ནའང་འཁོར་སློབ་རྣམས་ཀྱིས་རྐྱེན་པས་སྒྲུབ་པ་མཛད་རྒྱུའི་གོ་སྐབས་བཤོལ་བ་ལ་ཐུགས་ཡིད་སྐྱོ་བ་འདྲ་སྟེ། ངེད་རང་ལ་ནི་གདན་སའི་ཁུར་གྱིས་ཆོས་ཀྱི་བར་ཆད་ཤིན་ཏུ་ཆེ་བ་བྱུང་། ཞེས་དང་། ཡང་སྡེ་དགེ་རྒྱལ་པོ་བསོད་ནམས་མགོན་པོ་ལ་ཀཿཐོག་རྡོ་རྗེ་གདན་གྱི་སྐོར་སོགས་ཞུ་ཡིག་ཏུ། ཀཿཐོག་རྒྱལ་སྲས་བསོད་ནམས་ལྡེའུ་བཙན་གྱིས་སྔ་ཕྱིར་ཀཿཐོག་གི་གདན་སར་སྡོད་དགོས་ཚུལ་བཀའ་ནན་དང་། ལྷག་ཏུ་ཆུ་སྟག་ལོར་རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་ནས་སེང་གེའི་ཁྲིར་མངའ་གསོལ་ཞིང་གདན་སར་སྡོད་པར་བཀའ་བསྩལ་ཀྱང་། རེ་ཞིག་དབེན་པའི་རི་ཁྲོད་དམ་ཕྱོགས་མེད་རྒྱལ་ཁམས་སུ་གཞན་ཕན་ཆེ་བར་ཤེས་ཏེ་བཀའ་ཡི་གནང་བ་ནན་ཏན་གྱིས་ཞུས། ཞེས་གསུངས་པ་ལྟར་ཀཿཐོག་དགོན་དུ་བཞུགས་དུས་དེ་ཙམ་གྱིས་འགྲོ་དོན་བྱུང་མེད་ལ། དགུང་ལོ་ཉེར་དྲུག་གི་མཇུག་ཙམ་ལ་སྐལ་བཟང་ཨོ་རྒྱན་བསྟན་འཛིན་གྱི་དྲུང་ནས་ཕྱོགས་མེད་ཡངས་པའི་གནས་རྣམས་སུ་བགྲོད་ཆོག་པའི་དགོངས་འཁྲོལ་ལན་མང་ཞུས་མཐར། བཀའ་ཡི་གནང་བ་ཐོབ་ནས་བཟུང་། འགྲོ་དོན་རྒྱ་ཆེར་བྱུང་འདུག་སྟེ། དེ་ཡང་རྗེ་འདི་ཉིད་ཐོག་མ་རེ་ཁེའི་ལྗོངས་བརྒྱུད་ནས་གོ་འཇོ་དང་སྨར་ཁམས་ཀེ་རོང་གི་གནས་ཆེན་རྡོ་རྗེ་ལྕོང་ཕུག་སོགས་བརྒྱུད་དེ་རི་བོ་ཆེར་ཕེབས། གནས་དེར་མཁན་པོ་ངག་དབང་གྲགས་པ་བསྟན་འཕེལ་གྱིས་སྐུལ་ངོར། སྤྲག་བཙན་གྱི་གསོལ་མཆོད་འདོད་དོན་ཡིད་བཞིན་ལྗོན་པ་བཀའ་རྩོམ་གནང་། དེ་རྗེས་གླང་མ་ལུང་ནས་གནས་ཆེན་བྲག་གད་པདྨ་ཤེལ་ཕུག་མཇལ་ནས་སྨོན་དགོན་དུ་ཕེབས། དེར་དད་ལྡན་སེར་སྐྱ་སྟོང་ཕྲག་ལྷག་ལ་བཀའ་བརྒྱད་བདེ་གཤེགས་འདུས་པའི་དབང་ལུང་སོགས་སྨིན་གྲོལ་བདུད་རྩིའི་ཆར་ཕབ། གནས་ཡུལ་དེའི་སྲོག་ཆགས་ཀུན་ལ་མི་འཇིགས་སྐྱབས་ཀྱི་སྦྱིན་པ་གནང་བས་མཚོན་མཛད་ཕྲིན་རྒྱ་ཆེར་བསྐྱངས་ཤིང་། དེ་དང་མཐུན་པར་སྤོ་བོ། བྲག་ལ་ལ། བསམ་ཡས་མཆིམས་ཕུ། ཇོ་ནང་དཔལ་གྱི་རི་བོ་སོགས་ལ་གནས་མཇལ་དང་། གུ་རུའི་གནས་དཔལ་གྱི་ཟབ་བུ་ལུང་ལ་སོགས་པའི་ཡུལ་ལུང་དུ་མ་རུ་འཁོར་སློབ་མང་དག་ཅིག་ལ་སྨིན་གྲོལ་གྱི་དབང་ལུང་དང་སེམས་བསྐྱེད། ཡིག་བརྒྱ། བཛྲ་གུ་རུ། ལེའུ་བདུན་མ་སོགས་སོ་སོའི་རེ་འདོད་བསྐངས་ཤིང་ལྷོ་དིང་རི་དང་། གཉའ་ནང་བརྒྱུད་དེ་བལ་ཡུལ་ཕྱོགས་སུ་བརྟོལ་བར་གནང་ངོ་། །དེ་དུས་ཁོང་དགུང་ལོ་ཉེར་དགུ་སོན་ཡོད་པ་དང་བལ་ཡུལ་ལ་གནས་མཇལ་ཐེངས་དང་པོ་ཡིན་འདུག དེ་ནས་རིམ་བཞིན་སྐྱིད་གྲོང་བརྒྱུད་དེ་རྗེ་ཀརྨ་པ་རང་བྱུང་རྡོ་རྗེའི་འཁྲུངས་གནས་སུ་ཕེབས་ཏེ། སྔ་ཐང་སྤང་མོ་ཆེ་ཞེས་ཆུ་མིག་བརྒྱ་རྩ་རུ་དད་ལྡན་རྣམས་ལ་གསུང་མགུར་དང་། ནུབ་རིར་ཕེབས་ནས་སྔགས་འཆང་རྒྱལ་སྲས་སེང་གེ་ཡབ་སྲས། བྱམས་སྤྲིན་གཏེར་དབོན་བླ་མ་སྐུ་མཆེད་སོགས་བླ་མ་རྣམས་ལ་དབང་ལུང་ཁྲིད་གང་མང་གནང་ཞིང་བཀའ་དྲིན་བསྐྱངས།
དགུང་ལོ་སོ་གཅིག་ལ་སྐྱིད་གྲོང་ལྗོངས་ཀྱི་ཡུལ་སྡེ་སྡོད་ལྕགས་སྤྲག་པ་དང་ཡང་གྲོང་གཉིས་ཀྱི་ཡུལ་མི་ཚོས་དོ་ཁུར་ཆེན་པོས་མཆོད་རྟེན་བྱ་རུང་ཁ་ཤོར་ཉམས་གསོ་བྱས་པར་དབུས་གཙང་ནས་མི་དབང་བསོད་ནམས་སྟོབས་རྒྱས་ཀྱིས་མཆོད་རྟེན་ཆེན་མོ་ལ་རབ་གནས་གནང་དགོས་པར་བཀའ་ལུང་ཕེབས་པ་བཞིན། བསྐྱར་དུ་བལ་ཡུལ་ལ་བྱོན་ནས་རབ་གནས་དང་བཀྲ་ཤིས་པའི་ཕྱག་ལས་མི་ཉུང་བ་གནང་། ཡང་བོད་ལ་ཞལ་འཁོར་ཞོར་ཆོས་མཁར་དུ་མཁན་ཆེན་བློ་བཟང་ཆོས་གྲགས་ལ་ཟབ་ཆོས་འགའ་བསྩལ། དེ་ནས་རིམ་པར་བྱང་ཐང་བརྒྱུད་མངའ་རིས་གློ་བོ་ཨ་མ་དཔལ་གྱི་གདུང་རུས་ཆོས་རྒྱལ་ཨ་མགོན་བསྟན་འཛིན་ཡབ་ཡུམ་དང་བཀའ་བློན་རྣམས་ཀྱིས་གསོལ་བ་བཏབ་པ་བཞིན་ཡུལ་དེར་བསྐྱོད་དེ། སྨོན་ཐང་དང་གློ་བོ་དགེ་དཀར་དགོན་དུ་ཟླ་ཤས་བཞུགས་རིང་གློ་བོ་ཆོས་རྒྱལ་དང་མི་མང་ཡོངས་ལ་སོ་སོའི་འདོད་པ་བཞིན་དབང་ལུང་ཁྲིད་བཀའ་སོགས་ཅི་རིགས་གནང་ནས་རེ་བ་བསྐངས་རྗེས། གློ་བོ་སྨད་བརྒྱུད་དེ་དོལ་པོའི་གནས་ཆེན་ཤེལ་རི་བོ་འབྲུག་སྒྲ་དང་རྟ་རབ་སྨད་སློབ་དཔོན་པདྨའི་གནས་ཆེན་རི་བོ་འབུམ་པ་སོགས་སུ་ཞབས་ཀྱིས་བཅགས། དགུང་ལོ་སོ་བཞི་ལྕགས་ཕག་ལོར་སླར་མང་ཡུལ་སྐྱིད་གྲོང་དུ་ཕེབས་ཏེ་འཕགས་པ་རང་བྱུང་ཝ་ཏེ་བཟང་པོའི་སྤྱན་སྔར་ཉམས་རྟོགས་ཀྱི་མཎྜལ་ཚུལ་དུ་ཕུལ་བའི་གསུང་མགུར་སྙན་པའི་ཏམྦུ་ར་སེངྒེའི་རྒྱུད་ཀྱི་སྒྲ་དབྱངས་ཞེས་པ་ཤློ་ཀ་བརྒྱད་ཅུ་གྱ་བརྒྱད་ཡོད་པ་ཞིག་མཛད། དེ་ནས་བོད་དུ་ཕེབས་པའི་དགོངས་བཞེད་ཀྱིས་ཟང་ཟང་ལྷ་དྲག་དང་། རི་བོ་བཀྲ་བཟང་དུ་ཕེབས་ནས་སྐལ་ལྡན་གྱི་ཐུགས་སྲས་འགའ་ཤས་ལ་ཆོས་སྒོ་ཅུང་ཟད་ཕྱེ་བར་མཛད། གཙང་གྱེ་རེ་དགོན་དུ་བཞུགས་རིང་བླ་མ་རྣམས་ལ་གསོལ་འདེབས་རབ་ཏུ་དགྱེས་པའི་སྙན་གླུ་དང་། གསོལ་འདེབས་དབྱངས་ཅན་དགྱེས་གླུ། རིག་འཛིན་གྲུབ་རྩིས་སུ་གྲགས་པའི་སྐར་རྩིས་ཀྱི་མན་ངག་གཅེས་བསྡུས་གྲུབ་རྩིས་ཀུན་མཛེས་ནོར་བུའི་མེ་ལོང་ཞེས་རྩ་བ་དང་ཡན་ལག་གི་ཡིག་ཆ་འགའ་ཞིག་མཛད། དེ་ནས་རི་ཁྲོད་ཆེན་མོ་ཇོ་ནང་། སྐུ་འབུམ། འཕན་ཡུལ་ནཱ་ལནྡཱ་སོགས་བརྒྱུད་དེ་དབུས་འགྱུར་ལྗོངས། སྨིན་གྲོལ་གླིང་། རྩེ་ལེ་བ་ཆེན་པོའི་གདན་ས་སོགས་གང་སར་ཕེབས་པའི་མཐར། གཙང་ནས་རིམ་པར་སྟོད་ལྷོ་དང་། དཔལ་ཐང་དཔལ་མོ། སྐྱིད་གྲོང་སོགས་བརྟོལ་ནས་བལ་ཡུལ་དུ་ཕེབས།
དེར་བལ་ཡུལ་རྒྱལ་པོས་བསྐུལ་ངོར་སྐུ་ངལ་དང་འོ་བརྒྱལ་ཆེན་པོས་མཆོད་རྟེན་བྱ་རུང་ཁ་ཤོར་ཉམས་གསོ་མཛད། དེ་དུས་བལ་པོ་ཚོས་གཙོ་བྱས་གཞན་ཡང་མི་ངན་མང་པོས་ཞིག་གསོ་ལ་བར་ཆད་དང་སྐུ་སྒེར་ལ་ཐོ་བཙམས་ཡོད་ན་ཡང་། མཐར་ཉམས་གསོ་ལེགས་པར་གྲུབ་རྗེས་ཡང་བསྐྱར་བོད་ལ་བྱོན་འདུག་སྟེ། རྗེ་རང་ཉིད་ཀྱི་ཞལ་ནས། དེ་ལ་བལ་པོས་གཙོས་བར་ཆད་གཏོང་མཁན་མང་པོས་སྡུག་རྒུ་བཏང་ཡང་མཐར་ཞིག་གསོ་གེགས་མེད་དུ་བསྒྲུབས་ཐུབ། ཅེས་དང་། མེ་ཡོས་རབ་བྱུང་བཅུ་གསུམ་པའི་ལོ་དེའི་མཐར་མཆོད་རྟེན་བྱ་ཏྲི་ཀམ་ཤོའམ་བྱ་རུང་ཁ་ཤོར་དུ་གྲགས་པའི་ཞིག་གསོ་ཚུགས་ནས་ས་འབྲུག་སྣྲོན་ཟླའི་ཚེས་བཅོ་ལྔར་རབ་ཏུ་གནས་པའི་ཆོ་ག་བསྒྲུབས། ཆུ་སྟོད་ཟླ་བའི་ཚེས་ལྔ་ལ་ཁ་ཤོར་ནས་བོད་དུ་ཡོང་བའི་ལམ་དུ་ཞུགས་གསུངས་པ་ལྟར། ཐུགས་སྲས་འབའ་ར་སྤྲུལ་སྐུས་སྤྱན་དྲངས་པ་བཞིན་སྐྱིད་གྲོང་ཕུ་ཆོས་གླིང་དུ་ཞབས་ཀྱིས་བཅགས། དེར་ཐུགས་སྲས་འབའ་ར་ལ་སོགས་པའི་སློབ་བུ་འགའ་ལ་སད་གླིང་ཚེ་དཔག་མེད་རྡོ་རྗེ་ཕྲེང་བའི་དབང་། བྱང་གཏེར་སྤྱན་རས་གཟིགས་ཀྱི་ཁྲིད་སོགས་མདོར་ན་དབང་ལུང་ཁྲིད་གསུམ་གྱིས་གདུལ་བྱའི་རྒྱུད་སྨིན་པར་མཛད། དེར་བཞུགས་རིང་སྐུ་ལ་སྙུན་གཞིས་མནར་ནས་ཞིང་གཤེགས་རྒྱུའི་དགོངས་པ་གཏད་ཚུལ་བཀའ་ཡང་ཡང་ཕེབས་པ་ན། འབའ་ར་སྤྲུལ་སྐུས་ཞབས་བརྟན་གསོལ་འདེབས་དང་མར་མེ་མཆོད་འབུལ་སོགས་ནན་ཏན་མཛད་པས་སྙུན་གཞི་དྭངས། དེ་ནས་བོད་ཀྱི་གནས་ཆེན་དུ་མ་རུ་ཕེབས་ཏེ་བསྟན་པ་སྤྱི་བྱེ་བྲག་ལ་ཕན་པ་རྒྱ་ཆེར་བསྒྲུབས།
སླར་སྔོན་མཆོད་རྟེན་བྱ་རུང་ཁ་ཤོར་ལ་ཞིག་གསོ་གནང་བའི་སྐབས་ནས་དགོངས་པར་མངའ་བ་ཇི་བཞིན། རང་བྱུང་མཆོད་རྟེན་ཆེན་པོ་འཕགས་པ་ཤིང་ཀུན་ཉམས་གསོ་གནང་ཆེད་སྐྱིད་གྲོང་དང་བསེ་སོགས་བརྒྱུད་དེ་བལ་ཡུལ་དུ་ཕེབས། དེར་རེ་ཞིག་རང་བྱུང་མཆོད་རྟེན་ཆེན་པོའི་འགྲམ་བལ་སྐད་དུ་ཀིམྜ་ཞེས་གཙུག་ལག་ཁང་རྙིང་པ་ཞིག་ཏུ་གནས་བཅས་སོ། །ལོ་རྒྱུས་དང་ཁོང་རང་གི་གསུང་དག་ཏུ་གསལ་བ་ལྟར་ན། སྤྱིར་བཏང་སྐབས་དེ་དུས་ཡམ་བུའི་རྒྱལ་པོ་མ་ཧཱ་རཱ་ཛ་ཛ་ཡ་པྲ་ག་སྱ་དང་གོར་ཁཱ་རྒྱལ་པོ་པྲིཐ་ཝི་ནཱ་རཱ་ཡཎ་སཱ་ཧ་གཉིས་ནང་འཁྲུག་འབྱུང་བཞིན་པའི་སྐབས་ཡིན་མོད་ཀྱང་། རྒྱལ་པོ་གཉིས་ཀས་མཆོད་རྟེན་གྱི་ཕྱག་ལས་ལ་གནོད་མ་བསྐྱལ་བ་མི་ཚད། ཡམ་བུ་རྒྱལ་པོས་གུ་རུ་བལ་ཡུལ་དུ་ཕེབས་དགོས་ཞེས་ནན་གྱིས་ཞུས་འདུག་ལ། གོར་ཁཱ་རྒྱལ་པོས་ཀྱང་སྲོག་ཤིང་འདྲེན་པ་སོགས་ཕྱག་ལས་གང་ཅིའི་ཐད་རོགས་སྐྱོར་གནང་བའི་ལོ་རྒྱུས་གསལ། དེས་མི་ཚད་རྒྱལ་ཟླ་བའི་གཟའ་ཚེས་དགེ་བའི་ཉིན་མོར་མཆོད་རྟེན་ཆེན་མོ་ཞིག་གསོའི་སྟ་གོན་གནང་བའི་ཚེ། ལྷ་ཆེན་ག་ཎ་པ་ཏི། ཀརྟི་ཀཱ་ལ་སོགས་པས་ཀྱང་། སངས་རྒྱས་ཀྱི་བསྟན་པ་ལ་གུས་པའི་བློས། རང་བྱུང་མཆོད་རྟེན་ཆེན་མོ་ཉམས་གསོའི་ཆེད་ཡོ་བྱད་རྣམས་བསྡུ་རུབ་བྱ་རྒྱུ་ཁས་ལེན་བྱས། མདོར་ན་ལྷ་མི་ཀུན་ཀྱིས་རྒྱབ་སྐྱོར་དང་རྗེ་རང་ཉིད་ཀྱིས་ཐུགས་ཁུར་ཆེན་པོས། ལྕགས་ལུག་ལོར་ཞིག་གསོ་དངོས་གཞི་དབུ་བཙུགས་ཤིང་བཀྲ་ཤིས་པའི་ངང་ནས་ཕྱག་ལས་གནང་བཞིན་པའི་སྐབས། ཀཤ་མཱིར་དང་ལ་དྭགས་གཉིས་འཁྲུགས་པའི་རྐྱེན་གྱིས་ཕོ་ལྷ་མི་དབང་བསོད་ནམས་སྟོབས་རྒྱས་ཀྱི་བཀས་ཡང་ཡང་བསྐུལ་ངོར། མཆོད་རྟེན་ཆེན་མོར་སྲོག་ཤིང་འདྲེན་འཕྲོ་རྣམས་རེ་ཞིག་བཤོལ་བར་མཛད་དེ། བོད་སྡེ་པ་གཞུང་གི་སྐུ་ཚབ་ལ་ཐུགས་ཁུར་བཞེས་ནས་ལ་དྭགས་སུ་ཕེབས། དེ་ཡང་ལ་དྭགས་མར་ཡུལ་གྱི་སྔོན་རབས་ཀུན་གསལ་མེ་ལོང་ལས། བཀྲ་ཤིས་རྣམ་རྒྱལ་གྱིས་ཀཤ་མཱིར་ནས་ཡོང་བའི་ཚོང་པ་རྣམས་ལ་འགོག་དཀྱིལ་མང་པོ་བྱས། ཚོང་པ་དེ་རྣམས་ཀྱིས་ཀཤ་མཱིར་གྱི་མོ་གཱོལ་སྐུ་ཚབ་དང་ལ་དྭགས་རྒྱལ་པོར་སྙན་ཞུ་ཕུལ། དེ་ལ་བརྟེན་ནས་སླར་ཡང་ཀཤ་མཱིར་དང་ལ་དྭགས་འཁྲུགས་པའི་རྐྱེན་ལངས། གནས་ཚུལ་འདི་ཀུན་བོད་གཞུང་གིས་ཀྱང་རྟོགས། འདིའི་སྐབས་སུ་བོད་དུ་རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་བདུན་པ་སྐལ་བཟང་རྒྱ་མཚོ་ཞལ་བཞུགས་ཡོད་ཅིང་། སྡེ་པ་གཞུང་གི་ཕྱོགས་ནས་ལ་དྭགས་ཀྱི་གནས་ཚུལ་རྣམས་ལེགས་བཅོས་ཀྱི་ཕྱིར་ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུ་ལ་དྭགས་ཕྱོགས་སུ་བརྫངས། དེའི་སྐབས་སུ་བོད་ཀྱི་དབང་སྒྱུར་ཕོ་ལྷ་མི་དབང་བསོད་ནམས་སྟོབས་རྒྱས་ཡོད་ཅིང་། ཞེས་བྲིས་འདུག་པ་བཞིན་ལ་དྭགས་ཁུལ་གྱི་འཁྲུག་རྩོད་རྣམས་ཐབས་མཁས་པས་བཟླུམས་ནས་སླར་ཡང་བལ་ཡུལ་གྱི་མཆོད་རྟེན་ཆེན་མོ་ཞིག་གསོ་ལྷག་མ་རྣམས་མཛད་ཆེད་ཡུལ་དེར་ཞལ་འཁོར་གནང་བ་ན། ནམ་དུས་དབྱར་ཁ་ལ་ཁེལ་བས་སྐུ་ལ་འོ་བརྒྱལ་གང་འཚམས་བྱུང་འདུག་པ་དེ་ཡང་། རྗེ་རང་ཉིད་ཀྱི་ཞལ་ནས། ལ་དྭགས་ཁུ་དབོན་འཁྲུགས་ནས་སྟོད་ཧོར་ཨམ་ཅིག་ཡོང་རྒྱུ་རེད་ཟེར་ནས་གཞུང་ནས་བཀའ་ནན་ཆེས་པས་ཁ་ཆར་ཆུ་ཀླུང་ཕྲེང་བ་ལྟ་བུར་བསྒྲངས་ནས་ལ་དྭགས་སུ་འབྱོར། མཐའ་དམག་གི་ཁ་རླངས་མི་དང་མི་མ་ཡིན་གྱི་འཚུབ་ཀྱིས་སྡུག་མ་བཏང་རྒུ་ཞིག་དེ་རུ་བཏང་། མཐར་གུ་རུ་པདྨའི་ཐུགས་རྗེས་ལབ་འཆིང་འགྲིག་ཐུབ་ཙམ་བྱུང་ཡང་དེ་ནས་ཡོང་འཕྱིས་པས་བལ་ཡུལ་དུ་དབྱར་ཚད་ཀྱི་དུས་ལ་ཁེལ། ཆུ་ནི་མི་འཕྲོད། གཟུགས་ཁམས་ནི་མི་བདེ་བཞིན་དུ་ལས་ཀ་ནི་མང་པོ་བྱེད་དགོས། ཉོ་མི་དགོས་པ་ནི་ཆུ་ཁོ་ན་ཙམ་ལས་གཞན་མེད། ཡོ་བྱད་ཀྱང་ཅི་རིགས་རྫོགས། ཞིག་གསོ་ནི་བྱེད་དགོས། དེ་ལྟར་ལུས་ངག་ཡིད་གསུམ་སྡུག་བསྔལ་གྱི་འདམ་དུ་ཆུད་པ་ལྟ་བུར་སྣང་ཡང་སངས་རྒྱས་ལ་ཡིད་ཆེས་པའི་དད་པས་རང་ཉིད་འཆི་ཡང་སྡུག་བསྔལ་ཅུང་ཟད་ཀྱང་མ་དམིགས་པར་དགེ་བའི་ལས་ལ་དགའ་བཞིན་སྤྲོ་བཞིན་འཇུག་པའི་གནས་ཚུལ་ཡིན། ཞེས་གསུངས་པ་ལྟར་རོ། །དེ་ལྟར་རྗེ་ཉིད་དགུང་ལོ་ང་བརྒྱད་པར་སོན་ཅིང་ཤིང་མོ་ཕག་ལོ་གསར་དུ་ཤར་བ་ན། མཆོད་རྟེན་ཆེན་མོའི་སྲོག་ཤིང་བཙུགས་པར་མཛད། སྐབས་སྐབས་སུ་ཡམ་བུ་རྒྱལ་པོས་མཚོན་སློབ་མ་རྣམས་ལ་དམ་པའི་ཆོས་ཀྱི་བདུད་རྩི་ཡང་བསྩལ། ཧིནྡུའི་ཆོས་ལུགས་ལ་ཁྱོ་ག་ཤི་བའི་རོ་དང་མཉམ་དུ་ཆུང་མ་ཡང་གསོན་སྲེག་བྱེད་སྲོལ་ཡོད་པ་ལ་བཀག་འགོག་ཡང་ནས་བསྐྱར་དུ་གནང་བས་མཚོན་བསྟན་འགྲོའི་ཁུར་ཆེན་ནམ་ཡང་མ་དོར་བའི་བདེན་རྟགས་སུ། དུས་ད་ལྟའི་བར་དུའང་འཕགས་པ་ཤིང་ཀུན་ཀྱི་དབུ་རྩེ་རུ་རྗེ་ཉིད་ཀྱི་བཀའ་དྲིན་མཚོན་བྱེད་དམ་རྗེས་དྲན་རྡོ་རིང་གཅིག་ཡོད། ལྷག་པར་དུ་ཤངས་པ་བཀའ་བརྒྱུད་དང་ཇོ་ནང་པ་གཉིས་ལ་བཀའ་དྲིན་ཤིན་ཏུ་ཆེ་རབས་ཡོངས་གྲགས་ལྟར་དང་། སྡེ་དགེ་པར་ཁང་དུ་ངེས་དོན་སྙིང་པོའི་མདོ་བཅུའི་དཀར་ཆག་དང་པར་ཤིང་བཞེངས་པ་སོགས་བཀའ་དྲིན་བསམ་ཡུལ་ལས་འདས་པའི་མཛད་པ་རྒྱ་ཆེའོ།།
གསུམ་པ་དགོངས་པ་ཆོས་དབྱིངས་སུ་གཤེགས་ཚུལ་མདོ་ཙམ་གླེང་བ།
དེ་ལྟར་མི་ལོ་གསུམ་གྱི་རིང་རང་བྱུང་མཆོད་རྟེན་ཆེན་མོ་ཉམས་གསོའི་ཆེད་སྐུ་ལས་བསྐྱོན་པའི་མཐར། ཞིག་གསོ་མཐའ་མ་གྲུབ་ཙམ་ལ་བལ་པོའི་རྒྱལ་པོ་དང་པཎྜི་ཏ་ས་མནྟ་བྷ་དྲ་སོགས་ལ་མ་འོངས་མངོན་གཟིགས་ཀྱི་ལུང་བསྟན་དུ། ད་ཆ་ངེད་རང་དངོས་སླེབ་ཐུབ་པ་ཞིག་མི་ཡོང་ཡང་། སློབ་མའི་གཙོ་བོ་རྒྱལ་བ་ཡབ་སྲས་ལྔ་དང་། བཛྲ་ཨ་ཙརྱ་སོགས་ནས་རང་བྱུང་མཆོད་རྟེན་ཆེན་མོ་ཞིག་གསོ་མཐར་འཁྱོལ་ངེས་པ་ཞིག་དགོས་གསུངས་ནས། ཀུན་མཁྱེན་འབྲུག་པ་རིན་པོ་ཆེ་དང་ཆབས་ཅིག་བོད་ལ་ཆིབས་ཁ་བསྒྱུར་ཏེ་སེ་ཐང་བརྒྱུད་སྐྱིད་གྲོང་དུ་ཕེབས། དེར་རྗེ་ཉིད་ཀྱིས་ཀུན་མཁྱེན་འབྲུག་པ་རིན་པོ་ཆེ་ལ་རྟག་ཏུ་ཁོང་རང་གི་སྐུ་ལུས་ལ་འཆང་བའི་འཕེལ་གདུང་གི་མཇལ་ཁ་དང་རྒྱུན་བཞེས་ཀྱི་ཟ་མ་ཏོག་བཅས་གནང་ནས། མཆོད་རྟེན་ཆེན་མོའི་སྲོག་ཤིང་ལ་གཟུངས་གཞུག་ཏུ་འཇུག་པར་བསྐུལ། མཐར་སྐྱིད་གྲོང་གི་བྱམས་སྤྲིན་གཙུག་ལག་ཁང་དང་ཉེ་བ་དངོས་གྲུབ་ཕུག་དགོན་དུ་རབ་བྱུང་བཅུ་གསུམ་པའི་ཤིང་མོ་ཕག་གི་ལོར་ཁྲུམས་ཟླའི་དམར་ཕྱོགས་ཀྱི་ཚེས་བཅུའི་ཉིན་དགོངས་པ་ཆོས་དབྱིངས་སུ་བསྡུས། ཞལ་སློབ་རྣམ་པས་དགོས་དབང་གིས་ལོ་གསུམ་རིང་སྐུ་གདུང་རིན་པོ་ཆེ་དཔལ་ཁུད་དཔལ་མོ་ཆོས་སྡིང་དགོན་གྱི་གཟིམ་ཁང་དཀར་པོར་མི་མངོན་པའི་ཚུལ་དུ་བཞུགས་སུ་གསོལ། ཞིག་གསོའི་འཕྲོ་རྣམས་གཙོ་བོ་མཆོད་དཔོན་བསྟན་འཛིན་རྡོ་རྗེས་ཐུགས་ཁུར་གནང་ནས་མི་ལོ་གཉིས་སོང་བའི་མཐར་ས་ཕོ་སྟག་གི་ལོར་བཀྲ་ཤིས་པའི་ངང་མཐའ་གྲུབ་པ་དང་། རྗེ་དཔའ་བོ་རིན་པོ་ཆེས་རབ་གནས་མཛད་ནས། མགོན་པོ་ཉིད་ཀྱི་བཀའ་ཆེམས་བཞིན་རྗེ་དཔའ་བོ་རིན་པོ་ཆེ་དང་འབྲུག་པ་ཐམས་ཅད་མཁྱེན་པ་གཉིས་ཀྱིས་གཙོས་ཞལ་སློབ་ཚོས་སྐུ་གདུང་རིན་པོ་ཆེ་མང་ཡུལ་རི་བོ་དཔལ་འབར་དུ་གདན་དྲངས་ཤིང་ཞུགས་འབུལ་མཛད་པ་ལགས་སོ།།
བཞི་པ་གསུང་རྩོམ་དང་སློབ་མ་རྣམས་ཀྱི་མཚན་ཐོ་རགས་བསྡུས།
ལྗགས་རྩོམ་ལ་བོད་རྗེ་ལྷ་བཙན་པོའི་གདུང་རབས་ཚིག་ཉུང་དོན་གསལ། གུང་ཐང་རྒྱལ་རབས། ལམ་ཡིག རང་རྣམ་འགའ་ཤས། གཞན་ཡང་ཆབ་ཤོག་དང་གཏེར་ཆོས། དེ་བཞིན་གོང་དུ་རྣམ་ཐར་དངོས་གཞི་སྐབས་སུ་འགའ་ཤས་ཞུས་ཡོད་པ་ལྟར་མགུར་འབུམ་སོགས་མདོར་ན་ད་ལྟ་ཕྱོགས་བསྡུས་བྱས་ཡོད་པ་པོད་བརྒྱད་ལྷག་ཡོད་སྐད་འདུག ཡང་རྣམ་ཐར་ཁ་ཤས་ནང་དུ་སྐུ་ཉིད་ཀྱིས་མཛད་པའི་གསུང་རྩོམ་མང་པོ་ཡོད་ཀྱང་སྡེ་དགེ་རྒྱལ་པོ་དང་། མངའ་རིས་ལ་དྭགས་རྒྱལ་པོ། གློ་བོ་སྟོད་སྨད་ཀྱི་རྒྱལ་པོ། སྤོ་རོང་དང་མདོ་ཁམས་ཀྱི་སློབ་མ་རྣམས་ཀྱི་ལག་ཏུ་ཡོད་པའི་ཕྱག་དཔེ་དག་རང་རང་སོ་སོའི་དད་པའི་རྟེན་དུ་ཉར་སྟབས། གཅིག་ཏུ་དྲིལ་མ་ཐུབ་པར་ཁ་འཐོར་དུ་སོང་བ་ཡིན་ཚུལ་གསུངས་འདུག
རྗེ་འདིའི་ཞལ་སློབ་གཙོ་བོ་ཀརྨ་པ་བདུད་འདུལ་རྡོ་རྗེ། འབྲུག་པ་ཐམས་ཅད་མཁྱེན་པ། ཀུན་མཁྱེན་སི་ཏུ། དཔའ་བོ་གཙུག་ལག་དགའ་བ། འབའ་ར་སྤྲུལ་པའི་སྐུ་སོགས་མདོར་ན་བོད་དང་བོད་ཆེན་པོ་དང་བལ་ཡུལ་སོགས་སུ་ཞལ་སློབ་གྲངས་ལས་འདས་པ་བྱུང་ཡོད་དོ།།
འདིར་འབད་དགེ་བ་ཆུང་ངུ་ཡིས། །དམ་པ་ཁྱེད་ཀྱི་རྗེས་བཟུང་སྟེ།།
དད་པའི་མེ་ཏོག་ཆུན་པོ་གཅིག །ཀུན་ཀྱི་རྒྱུད་ལ་སྐྱེ་བར་ཤོག།
གསལ་བཤད།
རྣམ་ཐར་འདི་ཉིད། རྗེ་རང་ཉིད་ཀྱིས་མཛད་པའི་རྟོགས་བརྗོད་ལས་འཕྲོས་སྐྱོ་ཤས་གླུ་དབྱངས་སྣ་ཚོགས། ཐར་པའི་འཇུག་ངོགས། དེ་བཞིན་ཆབ་ཤོག་རྣམས་དང་། རིག་འཛིན་ཆོས་ཀྱི་དབང་ཕྱུག་གིས་མཛད་པའི་རྣམ་ཐར་དད་པའི་རོལ་མཚོ། ཆོས་ཀྱི་དབང་ཕྱུག་གིས་མཛད་པའི་རྣམ་ཐར་དད་པའི་ས་བོན། ལ་དྭགས་མར་ཡུལ་གྱི་སྔོན་རབས་ཀུན་གསལ་མེ་ལོང་སོགས་ལ་ཁུངས་བཅོལ་ཡོད།