ལོ་རིམ་གཉིས་པའི་སློབ་གཉེར་བ། སྤྲུལ་སྐུ་པདྨ་ཚེ་མཆོག་རྡོ་རྗེ།
སྣང་བྱེད་བཅུ་གཉིས་བདག་པོ་ཤར་བའི་ཚ་ཟེར་མ་རེད།།
དངོས་པོར་མཁས་པས་བསྐྲུན་པའི་གློག་གི་འོད་ཟེར་མ་རེད།།
སྒམ་ཆུང་ཕུག་གི་འོད་གོང་ཆོས་ཀུན་གསལ་བ་དེ་ནི།།
ཆོས་དང་ཆོས་མིན་འབྱེད་པའི་བློ་གྲོས་མིང་ཅན་དེ་རེད།།
བཅུ་ཕྲག་རིག་གནས་མཁས་པ་འཇམ་དབྱངས་ས་པཎ་མ་རེད།།
སྤྱི་བོ་གནམ་ལ་བསྟན་པའི་མགོ་ནག་རིགས་ཅན་མ་རེད།།
ཐོལ་བྱུང་འཆད་ལ་མཁས་པའི་སྨྲ་མཁན་ཁྱད་མཚར་དེ་ནི།།
ཁྱེད་ཀྱི་མཐེབ་མཛུབ་འཁྱུད་སའི་ཕྲ་བའི་སྨྱུག་ཕྲན་ཨེ་རེད།།
སུག་ལྡན་ཁལ་སྒ་མེད་ཀྱང་ཅ་དངོས་མང་ཙམ་འཁྱེར་མཁན།།
ངལ་རྒྱུ་གཏན་ནས་མེད་ཀྱང་རེ་ཞིག་མི་རྟག་རང་བཞིན།།
མགོ་ལ་རྭ་ཅོ་མེད་ཀྱང་གཡག་གི་བྱེད་ལས་ཅན་དེ།།
ང་ཚོའི་འགྲུལ་བཞུད་བྱེད་སའི་རླངས་འཁོར་ཞེས་པ་ཅིས་མིན།།
སྐད་ཤུགས་དྲག་པོས་བཏབ་ཀྱང་ལུས་ལ་ཕོག་ཐབས་བྲལ་བ།།
ལུས་ལ་འཕོག་རྒྱུ་མེད་ཀྱང་སེམས་པ་དུམ་བུར་གཏོང་མཁན།།
མགར་བའི་ལག་ནས་མ་རེད་སྤུ་གྲི་ངར་མ་དེ་ནི།།
འུ་ཅག་ཀུན་ལ་ཡོད་པའི་དུག་ཅན་ངག་དེ་ཨེ་རེད།།
རྒྱ་ནག་སྲིད་ཀྱིས་བསྐོས་པའི་ཡ་མེད་ཕོ་ཉ་སྤུན་གཉིས།།
བོད་མི་ཕྱི་ནང་གཉིས་ཀྱི་གསང་བའི་གཏིང་རྩ་འདྲུ་མཁན།།
མཁས་བླུན་ཕྱོགས་རིས་མེད་པར་ཀུན་ཀྱི་དུས་ཚོད་སླུ་མཁན།།
དེང་སང་“ཝཱི་ཅཱཊ་”ཟེར་བའི་སྐད་འཕྲིན་ལོ་མའི་མདོག་ཅན།།
ཚ་བས་གདུང་བའི་མི་ལ་བསིལ་བའི་བདེ་བ་སྟེར་མཁན།།
འབྲོག་མོའི་སྐོར་རུ་འདྲ་བའི་བྱ་ཡི་གཤོག་པ་ལྡན་པ།།
ནུབ་བྱང་ཕྱོགས་སྐྱོང་རྒྱལ་པོས་རླུང་གཡབ་གཡུགས་པ་མིན་ན།།
ཁྱེད་ཀྱི་དབུ་ཡི་ཐོད་ཀྱི་རླུང་འཁོར་མིང་ཅན་ལོས་ཡིན།།