རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེའི་མཛད་རྣམ་མདོར་བསྡུས།

རྩོམ་སྒྲིག་པ།

རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་ནི། འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་ཞལ་སྔ་ནས། བཱི་མ་མི་ཏྲ་ཁམས་ཀྱི་ལྷོ་ཕྱོགས་སུ༔ སྤྲེལ་ལོ་དྷརྨ་བཛྲའི་མིང་ཅན་འབྱུང༔ བར་ཆད་བདུད་ཀྱི་གཡུལ་ལས་རྒྱལ་གྱུར་ན༔ སྙིང་པོའི་བསྟན་ལ་བྱ་བ་མཆོག་ཏུ་བྱེད༔

ཅེས་གསུངས་པ་དང་མཐུན་པར། སྐུ་ཕྲེང་དང་པོའི་སྐུ་ཡུལ་བོད་ཁམས་རི་བོ་ཆེའི་ཕྱོགས་སུ་སྤྱི་ལོ་ ༡༨༧༢ རབ་བྱུང་བཅོ་ལྔ་ཆུ་སྤྲེལ་ལོར་ཡབ་མགོན་པོ་རྣམ་རྒྱལ་དང་ཡུམ་བསོད་ནམས་གཡང་མཚོ་གཉིས་ཀྱི་སྲས་སུ་ངོ་མཚར་མཚན་ལྟས་དུ་མ་དང་བཅས་གཟུགས་སྐུ་ཟླ་ཞལ་ལྷུན་པོ་སྐལ་བཟང་འགྲོ་བའི་མགོན་དུ་ཕེབས། སྐུ་ན་ཆུང་དུས་ནས་གཞན་ཕན་རྣམ་དཀར་གྱི་ལྷག་བསམ་དང་སྐྱེས་ཐོབ་ཤེས་རབ་སོགས་རྒྱལ་བའི་སྲས་པོའི་དགོངས་སྤྱོད་རང་རྟགས་ལྷན་སྐྱེས་སུ་མངའ་བར་གྲགས།

ཤིང་ཕག་གི་ལོར་སྤྱི་ལོ་ ༡༨༧༦ དགུང་གྲངས་བཞི་ལ་སོན་དུས་སྟོན་པ་བཀའ་དྲིན་ཅན་གྱིས་རྫུ་འཕྲུལ་ཆེན་པོས་ཕས་ཀྱི་རྒོལ་བ་ཕམ་པར་མཛད་པའི་དུས་དང་། ཨོ་རྒྱན་མ་ཧཱ་གུ་རུས་བོད་ཀྱི་ལྷ་སྲིན་གདུག་པ་ཅན་རྣམས་འདུལ་བའི་ཆེད་བོད་ཡུལ་དུ་ཞབས་ཀྱིས་བཅགས་པའི་ཡར་ངོའི་ཚེས་པ་བཅུ་སྟེ་དུས་བཟང་ཁྱད་པར་བའི་རྟེན་འབྲེལ་གྱི་རྟགས་དུ་མར་དམིགས་ནས། འཇམ་དབྱངས་མཁྱེན་བརྩེའི་དབང་པོ་སོགས་དམ་པའི་སྐྱེས་ཆེན། གྲུབ་པའི་རྟགས་ཐོབ། མཁས་པའི་རྩེར་སོན་གྱི་བླ་མ་དམ་པ་དུ་མས་འཁྲུལ་མེད་ལུང་གིས་ཟིན་པ་ལྟར། རྫོགས་སྤྲུལ་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེའི་ཡང་སྲིད་འཁྲུལ་མེད་དུ་ངོས་འཛིན་གནང་སྟེ། ཀུན་གསལ་རྟ་བདུན་དབང་པོ་ཤར་རིའི་རྩེ་ནས་མངོན་པ་དང་ཞབས་ཟུང་འཁོར་ལོའི་རྩིབས་སྟོང་སྔ་འགྱུར་གྲུབ་དབང་རྒྱལ་བ་རྫོགས་ཆེན་དགོན་དུ་འཁོད་ནས། གཙུག་ལག་ཁང་ཆེན་མོ་ཐུབ་བསྟན་ཡོངས་སུ་འདུས་པའི་དགའ་ཚལ་དུ་མི་འཇིགས་སེང་གེའི་ཁྲི་ལ་སྐུ་གོང་མའི་མཛད་ཕྲིན་བདག་གིར་བཞེས་པའི་མངའ་གསོལ་གྱི་རྟེན་འབྲེལ་མཛད་སྒོ་མཇུག་ལེགས་པར་གྲུབ།

དེ་ནས་ཡོངས་འཛིན་དགེ་བའི་བཤེས་གཉེན་ཆེན་པོ་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ་དང་། མཁན་ཆེན་པདྨ་བཛྲ། གར་དབང་བློ་གྲོས་མཐའ་ཡས་སོགས་ལས་སྒྲ་དང་རྩིས་སོགས་ཐུན་མོང་གཙུག་ལག་རིག་གནས་སྤྱི་དང་། ཐུན་མིན་ནང་དོན་རིག་པ་སྟེ་མདོ་སྡེ་སྣོད་གསུམ་དང་། སྔགས་རྒྱུད་སྡེ་བཞི་སོགས་ཁྲིད་ཡིག་དམར་ཁྲིད་དང་བཅས་པ་གསན་བསམ་མཛད། སྐུ་གོང་མའི་ཐུགས་རིག་པའི་ཡེ་ཤེས་ཀྱི་བག་ཆགས་གསལ་ལམ་མེར་སད་དེ་བརྩོན་པ་ཆེན་པོ་ལ་མ་ལྟོས་པར་དགོངས་པའི་རྩལ་རྫོགས། རིག་པའི་ཀློང་རྡོལ་ནས་ཐུགས་གཏེར་སྤྲིན་གྱི་ཕུང་པོ་ཡངས་པའི་ཁམས་སུ་ཁྱབ་པར་མཛད་པའི་མངའ་དབང་འབྱོར།

ཁྱད་པར་དུ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་སྤྱི་བོའི་གཙུག་ཏུ་བཀུར་བས། སྨིན་གྲོལ་ཉམས་ཁྲིད་ཀྱི་ཟབ་ཆོས་སྤྱི་དང་ལྷག་པར་དུ་འོད་གསལ་རྫོགས་པ་ཆེན་པོའི་ཆོས་སྐོར་སྙིང་ཐིག་ཡ་བཞི་སོགས་སྙིང་ཐིག་གོང་འོག་གི་གདམས་ངག་གནད་གསང་དག་བུམ་པ་གང་བྱོའི་ཚུལ་དུ་རྫོགས་པར་བསྩལ་པས། འདི་སྣང་ཞེན་རིག་གི་རྟོག་པའི་འགྱུ་འཕྲོ་བཅད་ནས་ཡེ་དག་སྤྲོས་བྲལ་ཆེན་པོའི་ས་ལམ་གྱི་བཙན་སར་སོན་ཏེ། ནམ་མཁའ་ལ་བྱ་ལྟར་འཕུར་བ་དང་། སྒྲུབ་གཏོར་ལས་བདུད་རྩི་བབས་པ། ཐོད་སྣོད་དུ་སྨན་རཀ་ཆུ་ཚན་ལྟར་འཁོལ་བ། བུམ་པ་བར་སྣང་སྟོང་པར་བཞག་པ། བུམ་ཆུ་ཟད་མེད་དུ་བསྒྱུར་པ། རྡོ་ལ་ཞབས་རྗེས་གསལ་བར་བཞག་པ། གཟན་ཉི་ཟེར་ལ་བཀལ་བ། ཆུ་མེད་མྱ་ངམ་གྱི་ཐང་ལས་ཆུ་གཏེར་བཏོན་པ། ཤངས་ཁྲག་རས་དཀར་ལ་བྱུགས་ནས་ཕྱིས་ཁ་ཕྱེ་དུས་ཨོ་རྒྱན་རིན་པོ་ཆེའི་སྐུ་རིས་སུ་གྱུར་པ་སོགས་མདོར་ན་བསམ་གྱིས་མི་ཁྱབ་པའི་གྲུབ་རྟགས་ཉམས་འོད་གསལ་གྱི་སྣང་བ་ཤར་ནས་ཟངས་མདོག་དཔལ་གྱི་རི་བོ་པདྨ་འོད་ཀྱི་གཞལ་ཡས་སུ། འཁོར་རིག་འཛིན་འདུས་པའི་ཚོགས་ཀྱིས་བསྐོར་བའི་གྲལ་དུ་ལན་གཉིས་སུ་ཕེབས་པ་སོགས་མ་དག་འཁྲུལ་བའི་ཞེན་རིག་རྩད་ནས་བཅད་དེ་དག་པའི་སྣང་བ་འབའ་ཞིག་འབྱམས་སུ་ཀླས། ལྐོག་གྱུར་གྱི་ཆོས་ཕྲ་མོ་རྣམས་ལའང་ཐོགས་རེག་སྒྲིབ་མེད་དུ་གསལ་ལམ་མེར་གཟིགས་ནས་འབྲེལ་ཡོད་ཀྱི་དམ་པ་མང་པོ་ཞིག་འཁྲུལ་མེད་རྡོ་རྗེའི་ལུང་གིས་གསལ་བར་བསྟན་ཏེ། བདེ་ཀོང་མཁྱེན་གསུམ་དང་གྲུབ་དབང་དཔལ་ཆེན་འདུས་པ་སོགས་ཀྱི་ཡང་སྲིད་ཡབ་ཡུམ་གྱི་མཚན་དང་ཡུལ་ལུང་ས་གནས་རྣམས་ལུང་ལས་ཇི་ལྟར་གསལ་བ་ལྟར་དུ་ཐེ་ཚོམ་གྱི་རྙི་རྒྱ་ཡངས་པོར་ཕྱེ་ནས་འཁྲུལ་མེད་སྤྲུལ་པའི་སྐུ་དུ་མ་བླུས། དེ་ལྟར་མ་འོངས་འབྱུང་འགྱུར་གྱི་ཆོས་དུ་མ་གསལ་བར་མཁྱེན་ནས་ལུང་བསྟན་གནང་བར་གྲངས་ལས་འདས།

དེ་བཞིན་དུ་ལྷ་ལྡན་དབུས་ཀྱི་ཞིང་ཁམས་སུ་ལན་གྲངས་སྔ་ཕྱི་གཉིས་ཕེབས་ཏེ་གྲྭ་ས་སེ་འབྲས་དགའ་གསུམ་གཙོས་རིས་མེད་ཀྱི་དགོན་སྡེ་ཀུན་ལ་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་མཆོད་འབུལ་རྒྱ་ཆེར་མཛད། དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་དུ་ཕེབས་ནས། སྤྲུལ་པའི་ཆོས་རྒྱལ་ཆེན་པོའི་སྐུ་རྟེན་ལ་ཆོས་སྐྱོང་ཐོག་བབ་ཀྱིས་ཅི་བཅོལ་ཕྲིན་ལས་སྒྲུབ་པའི་གཡར་དམ་བཅས་ཤིང་རོལ་ཆེན་པེ་ཧར་དགྱེས་གླུ་རྟེན་སྐལ་ཕུལ། ༸གོང་ས་ཐམས་ཅད་མཁྱེན་པས་བཀའ་ཤོག་དང་གསེར་ཐམ་སོགས་ཡོ་བྱད་སྣ་ཚོགས་པ་གནང་སྟེ་ཐུགས་སུ་གཙིས་ཆེར་མཛད།

དེ་ལྟར་བསྟན་འགྲོའི་ཕྲིན་ལས་ཀྱི་རྒྱལ་མཚན་སྲིད་པའི་མཐའ་གྲུ་ཀུན་ཏུ་བསྒྲེངས་པར་མཛད།  ཁྱད་པར་དུ་གདན་ས་ཆེན་མོ་རྫོགས་ཆེན་རུ་དམ་གླིང་དུ་སྔར་ཡོད་ཀྱི་སྒྲུབ་སྡེ་བཅུ་གསུམ་དེ་བཅུ་ཕྲག་གསུམ་དུ་གྲངས་སྤེལ་བ་དང་། དཔྱལ་གྱི་བྲག་དཀར་ལ་ཚེ་སྒྲུབ་མཚམས་པ་བཅུ་གསུམ་ཡོད་པའི་སྒྲུབ་སྡེ་གསར་དུ་བཏབ། ཤྲཱི་སེང་ཆོས་གྲྭ་ཆེན་མོར་སྔར་ཡོད་ཀྱི་དགེ་འདུན་གྲངས་ལས་བཅུ་ཕྲག་ལྔ་སྤེལ་བ་སོགས་དང་། རྗེ་འདི་ཉིད་ཀྱི་ཐུགས་བསྐྱེད་ཀྱི་མཐུས་བསྐུལ་ཏེ་མཁན་ཆེན་གཞན་དགའ་རིན་པོ་ཆེས་གཞུང་ཆེན་བཅུ་གསུམ་ལ་མཆན་འགྲེལ་དང་། སྔ་འགྱུར་བསྟན་པའི་ཤིང་རྟ་ཀུན་མཁྱེན་མི་ཕམ་རྒྱ་མཚོས་རང་ལུགས་དྲི་མ་མེད་པ་རྩལ་དུ་བཏོན་ནས་དགོངས་འགྲེལ་གྱི་བསྟན་བཅོས་མདོ་སྔགས་རིག་གནས་དང་བཅས་པ་མཛད་ཅིང་། རྗེ་འདིས་དེ་དག་པར་བསྐྲུན་གསར་བཞེངས་མཛད་པ་དགོན་ཡར་མར་གཉིས་སུ་པར་ལྡེབ་ཁྲི་ཕྲག་བཅུ་ལས་མི་ཉུང་བ་བཞུགས།

སྔ་འགྱུར་རྒྱལ་བསྟན་སྤྱི་དང་ཁྱད་པར་གྲུབ་དབང་རྒྱལ་བ་རྫོགས་ཆེན་པའི་གསེར་གྱི་ཡང་ཞུན་ལྟ་བུའི་བསྟན་པ་རིན་པོ་ཆེ་མི་ཉམས་པར་ཕྱོགས་ཀུན་ཏུ་དར་ཞིང་རྒྱས་པའི་སླད། དགོན་འདིའི་བུ་དགོན་ཉིས་བརྒྱ་ལྷག་བསྐྲུན་པ་དང་། མ་དགོན་རང་ལ་ལྷ་ཁང་ཆེ་ཕྲ་དུ་མ་རྟེན་དང་བརྟེན་པར་བཅས་པ་གསར་བཞེངས་གནང་། དེ་མཚུངས་དུས་མཆོད་བཀའ་གཏེར་ཆུ་བོ་གཅིག་འདྲེས་ཀྱི་སྒྲུབ་ཁག་བརྒྱད་ཅུ་ཐམ་པ་དང་། ཕུར་ཆེན་དགྲ་བགེགས་ཀུན་སྒྲོལ་སྨད་ལས་གར་འཆམ་དང་བཅས་པ། མཐའ་དམག་འདུལ་བའི་གཉེན་པོ་འཛམ་གླིང་སེང་ཆེན་རྒྱལ་པོ་ཕུ་ནུའི་དཔའ་ཐུལ་སུམ་ཅུ། ནང་གི་ཁྲ་གླག་སྤྱང་གསུམ་དགྲ་ལྷ་ཝེར་མའི་དམག་ཚོགས་སོགས་ཀྱི་གར་འཆམ་གསར་དུ་བཙུགས། གྲྭ་ཚང་ཁག་གིས་སྔ་དགོང་ཆད་མེད་དུ་གསོལ་ཁ་གསུང་རྒྱུ་དང་། མར་མེ་ཚེ་འབར་གྲངས་མེད་རྒྱུན་ཆགས་སུ་བཙུགས་གནང་བ་སོགས་རྣམ་དཀར་དགེ་བའི་སྒོ་འཕར་ཡངས་པོར་ཕྱེས།

རྗེ་དམ་པ་ཁོང་གི་ཞལ་གསུང་བདུད་རྩི་མྱངས་པའི་སྐལ་ལྡན་སློབ་ཚོགས་ནི་གྲུབ་པའི་རྟགས་མཚན་གྱི་རྒྱལ་རྔ་སྲིད་པའི་ཡང་རྩེ་ནས་ལྷང་ངེར་སྒྲོག་པ་སྟེ། དམ་པའི་མཁས་རྒུ་ཚང་བ་གྲངས་ལས་འདས་ཀྱང་། གཙོ་བོ་འགའི་མཚན་ནས་སྨོས་ན། མདོ་རིན་པོ་ཆེ་ཟིལ་གནོན་དགྱེས་པའི་རྡོ་རྗེ། རྫོང་སར་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། རབ་འབྱམས་དྲུག་པ་སྣང་མཛད་གྲུབ་པའི་རྡོ་རྗེ། རྡོ་གྲུབ་བཞི་པ་ཐུབ་བསྟན་ཕྲིན་ལས་དཔལ་བཟང་། ཀཿཐོག་སི་ཏུ་རིན་པོ་ཆེ། གླག་བླ་བསོད་ནམས་ཆོས་གྲུབ། གཡག་ཟེའི་འཇའ་ལུས་པ་བསོད་ནམས་རྣམ་རྒྱལ། དིལ་མགོ་མཁྱེན་སྤྲུལ་རབ་གསལ་ཟླ་བ། མི་ཕམ་སྤྲུལ་སྐུ་དགུ་རོང་རྒྱལ་སྲས། ཉི་གྲགས་མཆོག་སྤྲུལ་རིན་པོ་ཆེ། ཀཿཐོག་མཁན་པོ་ངག་ཆུང་། དཔལ་ཡུལ་གྲུབ་དབང་སྤྲུལ་སྐུ། ཀཿཐོག་རྨོག་ཚ། བ་ཐུར་མཁན་ཆེན་ཐུབ་དགའ། བོད་སྤྲུལ་མདོ་སྔགས་བསྟན་པའི་ཉི་མ། རྨེ་བ་མཁན་ཆེན་ཚེ་དབང་རིག་འཛིན་དང་། ནོར་བུ་བསྟན་འཛིན། རྫོགས་ཆེན་རང་དགོན་གྱི་མཁན་སྤྲུལ་དུ་མ་དང་བཅས་བསྟན་འཛིན་གྱི་སྐྱེས་ཆེན་དེ་དག་གིས་ཕྱོགས་བཅུའི་མཐའ་གྲུ་ཀུན་ཏུ་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་སྒོ་ནས་བསྟན་པ་འཛིན་པའི་བུ་སློབ་ནམ་མཁའི་རྒྱུ་སྐར་ལྟར་བསྐྱངས་ཤིང་། དེ་དག་གིས་ཀྱང་རྒྱ་བོད་འབྲུག་གསུམ་གཙོས་རི་བོ་གངས་ལྡན་ཕར་ཚུར་དུ་ཕྲིན་ལས་ཀྱི་བ་དན་དཀར་པོ་ལྷོད་མེད་དུ་གཡོ་བཞིན་པ་ལགས་སོ།།

དེ་ལྟར་རྗེ་འདིས་རྒྱལ་བསྟན་སྤྱི་དང་བྱེ་བྲག་ལ་མཛད་རྗེས་བླ་མེད་དུ་འཇོག་གནང་མཛད་ནས། མཐར་རབ་བྱུང་ ༡༦ པའི་ཤིང་ཕོ་ཕག་གི་ལོར་དགུང་གྲངས་ ༦༡ བཞེས་[1]པ་ན་གདུལ་བྱའི་བསོད་ནམས་ཀྱིས་མ་ཐེག་པར་གཟུགས་སྐུ་གཞན་དོན་དུ་གཤེགས་པའི་ཚུལ་བསྟན་པའོ།།

རྩོམ་སྒྲིག་པའི་གསལ་བཤད།

རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེའི་རྣམ་ཐར་འདི། སྔ་འགྱུར་རྫོགས་ཆེན་ཆོས་འབྱུང་ཆེན་མོ་ལས་བཏུས་པ་ཡིན། མ་ཟད་ཚིག་རེ་འགའ་སོར་བཞག་བྱས་པ་ཡང་ཡོད།


[1] ནང་བསྟན་དཔེ་ཚོགས་ལྟེ་གནས་(TBRC)དང་། འདི་པའི་རྣམ་ཐར་འགའ་ཞིག་གི་ནང་དགུང་གྲངས་ ༦༤ བར་བཞུགས་ཚུལ་བཀོད་འདུག་པས། དེ་དག་དང་བསྟུན་ན་སྤྱི་ལོ་ ༡༩༣༥ ལོར་སྐུ་གཤེགས།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།