པཎྜི་ཏ་སྨྲྀ་ཏི་ཛྙཱ་ན་ཀིརྟིའི་མཛད་རྣམ་མདོར་བསྡུས།

རྩོམ་སྒྲིག་པ།

སྐུ་བལྟམས་ཤིང་འཕགས་ཡུལ་དུ་བཞུགས་རིང་གི་མཛད་པ།

སྤྱི་ལོའི་དུས་རབས་བཅུ་པའི་ནང་བྱོན་པའི་རྒྱ་གར་གྱི་པཎྜི་ཏ་སྨྲྀ་ཏི་ཛྙཱ་ན་ཀིརྟི་སྟེ་བོད་སྐད་དུ་དྲན་པ་ཡེ་ཤེས་གྲགས་པའམ་མཚན་གཞན་སྒྲའི་ཚེར་མ་[1]ནི། རྒྱ་གར་ཡུལ་དབུས་ཕྱོགས་གྲོང་ཁྱེར་ཞིག་གི་རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ཅེས་པའི་སྲས་སུ་འཁྲུངས། ལོ་ན་ཕྲ་བའི་དུས་ནས་རྣམ་དཔྱོད་ཀྱི་བློ་གྲོས་གསལ་ལ་བརྩོན་འགྲུས་ཀྱི་གོ་ཆ་བརྟན་པས་རིག་གཞུང་མཐའ་དག་ལ་མཁྱེན་པ་ཤིན་ཏུ་རྒྱས། ཕྱིས་སུ་པཎྜི་ཏ་ནོར་བཟང་གྲགས་པ་དང་ཤཱནྟི་པ་དང་པཎ་ཆེན་ནཱ་རོ་པ་སོགས་བླ་མར་བསྟེན་ཅིང་སྒྲ་ཚད་སོགས་ཐུན་མོང་བའི་རིག་གནས་དང་། སྡེ་སྣོད་གསུམ། རྒྱུད་སྡེ་བཞི་སོགས་སྦྱངས་ཏེ་མཚན་སྙན་རྒྱ་གར་ཤར་ནུབ་གུང་གསུམ་ན་གྲགས་ཤིང་ཕྱི་རོལ་མུ་སྟེགས་པའི་ཚོགས་རྣམས་བརྒལ་བརྟག་རིགས་པས་ཚར་བཅད་དེ་ཕམ་པར་མཛད་པར་གྲགས། ཁྱད་པར་དུ། པཎ་ཆེན་ནཱ་རོ་པ་ལས་སྨིན་གྲོལ་གྱི་གདམས་པ་མང་དུ་གསན་ཏེ་གྲུབ་པའི་གོ་འཕང་མཐོན་པོར་གཤེགས།

འཕགས་ཡུལ་ནས་བོད་དུ་ཕེབས་ཚུལ།

བསྟན་པ་ཕྱི་དར་འགོ་ཚུགས་པའི་སྐབས་ཤིག་ལ་གྲུབ་བརྙེས་དམ་པ་ཕལ་མོ་ཆེ་རི་ཁྲོད་ལ་འགྲིམ་པའི་དུས་སུ་བལ་པོའི་ལོ་ཙཱ་བ་པདྨ་རུ་རྩེའམ་རྨ་རུ་རྩེ་ཞེས་བྱ་བ་ཞིག་བོད་སྐད་མ་སྦྱངས་ལ་ཆོས་འགའ་རེ་ཙམ་མཁྱེན་པ་ཞིག་བོད་དུ་བྱོན། བལ་པོའི་ལོ་ཙཱ་བ་དེ་ལ་ཆོས་ཞུས་པས། ངས་ཆོས་མཁས་པ་ནི་མི་ཤེས། ད་ལྟ་རྒྱ་གར་ན་མཁས་པ་གཉིས་ཡོད་པ་སྤྱན་འདྲེན་ནམ་བྱས་པ་ལ། མངའ་བདག་ལྷ་སྡེ་བཙན་དགྱེས་ཚོར་ཆེན་པོས་སངས་རྒྱས་ཀྱི་བསྟན་པ་རྒྱ་ཆེར་སྤེལ་བར་དགོངས་ནས་བལ་པོའི་ལོ་ཙཱ་བ་རྨ་རུ་རྩེ་ལ་གསེར་སོགས་བྱིན་ཏེ་གདན་འདྲེན་དུ་མངགས། བལ་པོའི་ལོ་ཙཱ་བ་རྨ་རུ་རྩེ་ཡིས་དུས་རབས་བཅུ་པའི་སྨད་ཙམ་དུ་རྒྱ་གར་ནས་ཨ་ཙ་ར་ཕྲ་ལ་རིང་མོ་དང་པཎྜི་ཏ་སྨྲྀ་ཏི་ཛྙཱ་ན་ཀིརྟི་རྣམ་གཉིས་གདན་དྲངས་ནས་བྱོན་པས།[2] ལམ་བར་དུ་བལ་པོའི་ལོ་ཙཱ་བ་རྨ་རུ་རྩེ་ཕོ་བའི་སྐྲན་ནད་ཀྱི་སྙུན་གཞི་ཆེན་པོས་ཞིང་དུ་གཤེགས། འོན་ཀྱང་ཕྲ་ལ་རིང་མོ་དང་པཎྜི་ཏ་སྨྲྀ་ཏི་རྣམ་གཉིས་ཐུགས་བསྐྱེད་ཆེན་པོས་མུ་མཐུད་དེ་ཕེབས། པཎྜི་ཏ་རྣམ་གཉིས་ཀྱིས་བོད་སྐད་མི་མཁྱེན་ཅིང་དེ་གའི་ཡུལ་མི་ཚོས་ཀྱང་ཁོང་རྣམ་གཉིས་རྒྱ་གར་གྱི་པཎ་གྲུབ་ཡིན་པ་ངོ་མ་ཤེས་པས་ཨ་ཙ་ར་ཞིག་ཡིན་པར་བསམས་ཏེ་སྣང་འཇོག་མ་བྱས། ཁོང་རྣམ་གཉིས་ལ་འཚོ་བའི་ཡོ་བྱད་དང་ཟས་གོས་ལ་སོགས་པའི་དཀའ་ངལ་གྱིས་པཎྜི་ཏ་ཕྲ་ལ་རིང་མོ་མདོ་སྨད་རེབ་ཀོང་རིག་པ་འབྱུང་བའི་གནས་སུ་ཕེབས། པཎྜི་ཏ་སྨྲྀ་ཏི་ཛྙཱ་ན་གཙང་རྟ་ནག་ཕྱོགས་སུ་ཕེབས། སྨྲྀ་ཏིས་བོད་སྐད་མ་མཁྱེན་པས་སྐུ་ངལ་མང་དུ་བསྐྱོན་ཏེ་ཧ་ཅང་གདུག་རྩུབ་ཆེ་བའི་ཁྱིམ་བདག་མ་ཞིག་གི་ར་ལུག་འཚོ་བའི་ཕྱུགས་རྫི་བྱས། སྐབས་དེར་ཁོང་ལ་རབ་བྱུང་གི་ན་བཟའ་ཙམ་ཡང་མ་འབྱོར་བས། སྣམ་བུའི་ཕྱུ་པ་དཀར་ལ་ཧྲུལ་པོ་ཞིག་གསོལ་བ་ལས་གཞན། ཐ་ན་དབུ་སྐྲ་འདྲེག་མཁན་ཡང་མ་བྱུང་བས། ཨ་ཙ་ར་མགོ་གཡུང་ཞེས་པའི་མིང་ཐོགས་སྐད།

པཎྜི་ཏ་སྨྲྀ་ཏི་ལ་སྐབས་དེར་ཁྱིམ་བདག་མས་བརྙས་ཐབས་མང་དུ་བྱས་ཏེ། ངུ་བྲོ་བ་གསུམ་དང་། དགོད་བྲོ་བ་གསུམ་བྱུང་བར་གྲགས་ཏེ། “དེ་ལ་ངུ་བྲོ་བ་གསུམ་ནི། ཁྱིམ་དེའི་བུད་མེད་ཁྲེལ་མེད་ཁྲོ་གཏུམ་ཅན་ཞིག་ཡིན་པས། ཉིན་ཞིག་འབྲི་དང་མཛོ་མོའི་འོ་མ་བཞོ་སྐབས། འདམ་རྫབ་ཏུ་ཁྱིམ་དེའི་བུད་མེད་ཀྱི་བཞོན་སྟེགས་ལ་བཞུགས་དགོས་བྱུང་སྟབས། ཁོང་གི་ཐུགས་ལ་བདག་རྒྱ་གར་དུ་ཡོད་སྐབས་མཁས་དགུའི་གཙུག་ཏུ་བཀུར་ཏེ་པཎྜི་ཏ་མང་པོ་དང་ལྷན་དུ་ཆོས་ཀྱི་དགའ་སྟོན་ལ་རོལ་ནས་ཡོད་མོད། ད་ལྟ་བོད་དུ་སླེབས་ནས་བུད་མེད་ཀྱི་སྟེགས་སུ་འདུག་དགོས་ཏེ་ཞེས་ངུ་བྲོ་བ་དང་པོ་བྱུང་། ཉིན་མོར་ར་ལུག་འཚོ་བའི་ཚེ། ཁོང་རྣལ་འབྱོར་པ་རྟེན་འབྲེལ་ལ་མངའ་བརྙེས་པ་ཡིན་པས་རྡེའུ་འགའ་ར་ལུག་གཡས་སུ་སོང་ཚེ་གཡོན་དུ་བཀྲམ། གཡོན་དུ་སོང་ཚེ་གཡས་སུ་བཀྲམ་ཞིང་ཕྱོགས་གཅིག་ཏུ་བསྡུས་པས་ཆོག་ལ། ནང་དུ་རྡེའུ་ནག་པོ་རེ་བྱུང་ན་སྤྱང་ཀི་འོང་བའི་རྟགས་ཡིན། དེ་ཉིད་སོར་མོས་མནན་ན་སྤྱང་ཀི་འོང་མི་ནུས། ཁྱིམ་དུ་སླར་ལོག་ནས་མཚན་མོ་ཡང་བཞུགས་ལོང་མེད་པར་ཁྱིམ་དེའི་ཡོས་འཐག་དགོས་པས། ལན་གཅིག་གཉིད་དུ་སོང་སྟེ་མཆི་གུའི་སྟེང་དུ་དབུ་བརྒྱབ་པ་ན། བུད་མེད་དེས་ཡོས་མ་འཕོ་ཨང་ཟེར་བར། ཁོང་གིས་རང་གི་མགོ་དང་ཡོས་གཉིས་ལས་གལ་ཆེ་བ་ཡོས་རེད་གསུངས་ནས་ངུ་བྲོ་བ་གཉིས་པ་བྱུང་། ཉིན་ཞིག་ར་ལུག་གི་རྫི་བོར་སོང་ནས་བཞུགས་སྐབས། བྱ་ཁྲུང་ཁྲུང་ཞིག་གླག་གིས་བསད་ནས་བྱའི་རོ་ཁོང་གི་པང་དུ་ལྷུང་བས་ཁྱོད་ཀྱང་ས་མཐའི་བྱ། ང་ཡང་ས་མཐའི་མི། ངེད་གཉིས་ཀྱི་ལས་འདི་ཅི་འདྲའི་སྡུག་པ་ཞིག་རེད་ཨང་གསུངས་ནས་ངུ་བྲོ་བ་གསུམ་བྱུང་ངོ་།།

དགོད་བྲོ་བ་གསུམ་ནི། ཁོང་ར་ལུག་གི་རྫི་བོར་སོང་བའི་ཉིན་ཞིག་ནམ་ཟླ་ཧ་ཅང་གྲང་བས་མེ་ཕུང་གཅིག་བསྐྱིལ་ནས་བཞུགས་སྐབས། རི་བོང་ཞིག་ཀྱང་ཁོང་ལ་མི་འཛེམ་པར་མེ་ལ་ལྡེས་ཏེ་བསྡད། དར་ཅིག་གཉིད་ཁུག་སྟེ་མགོ་བོ་མེ་ཕུང་གི་ནང་དུ་ཉུག་པར་བྱས་པས་གདོང་གི་ཁ་སྤུ་ཚིག་ནས་ཕྱོགས་ཕྱོགས་སུ་རྒྱུག་པ་མཐོང་བས་དགོད་བྲོ་བ་དང་པོ་བྱུང་། ཉིན་ཞིག་ར་ལུག་འཚོ་ཞོར་དུ་མཚོ་ཁ་ཞིག་ཏུ་བཞུགས་སྐབས། མཚོ་དེར་གནས་པའི་ཀླུ་ཞིག་གིས་ཁོང་མཁས་པ་ཆེན་པོར་ཤེས་པས་བུད་མེད་ཡིད་དུ་འོང་བ་ཞིག་ཏུ་སྤྲུལ་ཏེ། རི་དྭགས་གཉན་གྱི་རྭ་ཅོ་ཞིག་ཏུ་འོ་མ་འཁྱེར་ཡོད་པ་སར་བཞག ཐོག་མར་ཕྱག་བཙལ་ཏེ་འབུལ་དགོས་སྙམ་པའི་བར་ལ་རྭ་ཅོ་འདྲིལ་ཏེ་འོ་མ་ཐམས་ཅད་ས་ལ་བོ་སོང་བས། ཀླུ་དེ་ངོ་ཚ་སྟེ་ཕྱིར་བཀྱེད་ནས་སྤྲུལ་པ་ཡང་མ་བསྡུས་པར་མཚོ་ནང་དུ་ལྷུང་བས་དགོད་བྲོ་བ་གཉིས་པ་བྱུང་། ཉིན་ཞིག་ཁོང་རྫི་བོ་བྱེད་པའི་ཚེ། རྒྱ་གར་ན་བཞུགས་དུས་ཀྱི་གཞུང་སྡེ་སྣོད་གསུམ་ལ་ཐོས་བསམ་སྒོམ་གསུམ་བྱས་པའི་ལུང་རྟོགས་ཀྱི་ཡོན་ཏན་རྣམས་བར་སྐབས་སུ་བརྗེད་ཡོད་ལས་ཆེ་སྙམ་དུ་དཔྱོད་པ་ལ་ཞུགས་པས། ཡོན་ཏན་གྱི་ནོར་བུ་རྣམས་གཅིག་ཀྱང་མ་བརྗེད་པར་ཐུགས་ལ་གསལ་བས་དགོད་བྲོ་བ་གསུམ་པ་བྱུང་བའོ།།”[3] དེ་ལྟར་ཁྱིམ་བདག་མའི་བརྙས་ཐབས་འོག་རྫི་བོ་མཛད་ཚུལ་རྣམས་ཕྱིས་སུ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བོད་དུ་ཕེབས་དུས་གསན་པས། ཇོ་བོ་རྗེའི་ཞལ་ནས། “ཨ་ཙ་མ། བོད་ལ་བསོད་ནམས་ཆུང་། དེང་རྒྱ་གར་ཤར་ནུབ་གཉིས་ནས་པཎྜི་ཏ་སྨྲྀ་ཏི་ཛྙཱ་ན་ལས་ལྷག་པ་མེད། བོད་བསོད་ནམས་ཆུང་།” གསུང་བཞིན་སྤྱན་ཆབ་བསིལ་བའི་ལོ་རྒྱུས་ཀྱང་བྱུང་ངོ་། །དེ་ལྟར་ཡུལ་མི་ཚོས་པཎྜི་ཏ་སྨྲྀ་ཏི་ཛྙཱ་ན་ལ་མཐོང་མི་བྱེད་པར་དཀའ་སྡུག་གི་ལོ་ཟླ་སྐྱེལ་སྐབས། ཁོང་གིས།

རི་བོང་འཛིན་པ་རྒྱུ་སྐར་ཕྲེང་བ་ཅན། །མཚན་མོ་མཁའ་ལ་རྒྱུ་བ་རྣམས་སྤངས་ནས།།
དྭངས་པའི་ཆུ་ནང་འདི་ན་ཟླ་བ་ཞེས། །དབྱིབས་ལ་མཚན་མར་འཛིན་པ་བྱིས་པའི་བློ།།

ཞེས་པའི་ཡི་གེ་འདི་དུད་ཁྱིམ་དེའི་ཕྱི་སྒོའི་ཡ་ཐེམ་དུ་སཾ་སྐྲྀ་ཏིའི་སྐད་ཀྱིས་བྲིས་གནང་མཛད། ཕྱིས་སུ་སྔོན་རྒྱ་གར་དུ་སྨྲྀ་ཏི་བླ་མར་བསྟེན་མྱོང་བའི་ལོ་ཙཱ་བ་དཔྱལ་སེ་བཙུན་བསོད་ནམས་རྒྱལ་མཚན་གྱིས་ཡི་གེ་དེ་ཉིད་གཟིགས་པས་ལཉྫ་ཤིན་ཏུ་ལེགས་སྟབས་རང་གི་བླ་མའི་ཕྱག་བྲིས་ཡིན་པ་ཡིག་ངོ་མཁྱེན། འདི་སུས་བྲིས་དྲིས་པར།  ངེད་ཀྱི་ཨ་བོ་ཐང་རྙེད་ཀྱིས་བྲིས་ཟེར།  ད་ལྟ་གང་ན་ཡོད་ཟེར་བར།  ར་རྫི་ལ་སོང་ཞུས།  དེ་ནས་ལོ་ཙཱ་བས་ཁྱིམ་བདག་མ་དེར་གསེར་མང་པོ་སྤྲད་ནས་སྨྲྀ་ཏི་ཛྙཱ་ན་བླུས་ཏེ་སྨན་ལུང་དུ་གདན་དྲངས་ནས་ཆོས་དང་མན་ངག་མང་དུ་ཞུས་སོ།།

བོད་དུ་ཆོས་བསྒྱུར་གནང་བའི་མཛད་ཕྲིན་སྐོར།

དེ་ལྟར་ཁོང་སྔོན་དུས་ཕྱུགས་རྫི་མཛད་པའི་སྐབས། ཕྱུགས་གླ་སོགས་ལ་བརྟེན་ནས་རང་ཉིད་ཀྱི་ཕྱག་བཟོ་རྡོ་གཞི་མ་ནག་པོ་ལ་རྡོ་དཀར་པོས། རུ་ལུ་རུ་ལུ་རང་བྱོན་དུ་གྱུར་པ་ཁྱད་པར་ལྡན་པའི་དཔལ་ཆེན་པོའམ་ཡང་དག་བྱིན་རླབས་ཅན་གྱི་སྐུ་འདྲ་སོགས་ཕྱག་བཟོ་དུ་མ་དང་། དེ་བཞིན་འཛོམ་ཉག་མཆོད་རྟེན་དང་། རྟ་ནག་ཏུ་གཙུག་ལག་ཁང་སོགས་དུ་མ་བཞེངས་གནང་མཛད། ཕྱུགས་རྫི་གནང་བཞིན་ཉིན་མཚན་དབྱེར་མེད་དུ་སྒྲུབ་ཕུག་ལ་ཐུགས་དམ་མཛད་པ་ལས་སྐུ་སྐེད་མན་གྱི་རྗེས་བྲག་ལ་གསལ་པོར་ཡོད།

སྨྲྀ་ཏི་དྲན་ཐང་དུ་ཕེབས་པ་དེའི་རྗེས་མདོ་ཁམས་ལྡན་མ་རུ་ཕེབས་ནས་ཡུན་རིང་མ་འགོར་བར་བོད་སྐད་དང་བོད་ཡིག་རྣམས་ལེགས་པར་མཁྱེན། ཁོང་གིས་སློབ་མ་གཙོ་བོ་དཔྱལ་སེ་བཙུན་དང་། གཞོན་ནུ་གྲགས་པ། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་སོགས་ལ་[4]སཾ་སྐྲྀ་ཏིའི་སྐད་སོགས་སྒྲ་རིག་པ་བསླབས་ཤིང་བོད་ཀྱི་སློབ་མ་མང་པོ་ཞིག་ལ་ཐུགས་རྗེའི་བཀའ་དྲིན་བླ་ལྷག་བསྐྱངས་གནང་མཛད། ཁོང་རང་ཉིད་ཀྱི་བླ་མ་ནོར་བཟང་གྲགས་པ་ལས་ཐོས་པ་ལྟར་སློབ་མ་གཞོན་ནུ་གྲགས་པ་སོགས་ཀྱི་དོན་དུ་སྒྲ་རིག་པ་དང་སུམ་རྟགས་སོགས་ལ་མཁོ་གལ་ཆེ་བ་སྨྲ་བའི་སྒོ་མཚོན་ཆ་ལྟ་བུའི་སྒྲ་རིག་པའི་བསྟན་བཅོས་བརྩམས། མ་ཟད་ཀློང་ཐང་དུ་མངོན་པ་མཛོད་ཀྱི་བཤད་པའང་བཙུགས་གནང་མཛད། པཎྜི་ཏ་འདི་ཉིད་ཀྱིས་བཀའ་འགྱུར་ནང་། དཔལ་ལྡན་ཞི་བའི་རྣམ་པར་བཤད་པའི་རྒྱུད་ཀྱི་རྒྱལ་པོ་རྣལ་འབྱོར་མ་ཐམས་ཅད་ཀྱི་གསང་བ་ཞེས་བྱ་བ་ལེའུ་བརྒྱ་ལས་ལྷག་པ་དང་། ལྷ་མོ་བཞིས་ཡོངས་སུ་ཞུས་པ་ལེའུ་བཞི་སོགས་དང་། བསྟན་འགྱུར་ནང་། འཕགས་པ་མཚན་ཡང་དག་པར་བརྗོད་པའི་རྒྱ་ཆེར་འགྲེལ་པ་མཚན་གསང་སྔགས་ཀྱི་དོན་དུ་རྣམ་པར་ལྟ་བ་དང་། འཇམ་དཔལ་མཚན་བརྗོད་ཀྱི་གསང་བ་དང་ལྡན་པའི་སྒྲུབ་ཐབས་སོགས་ཆོས་ཚན་མང་པོ་ཞིག་བསྒྱུར་གནང་བས་པཎྜི་ཏ་འདི་ཉིད་ཡན་ཆོད་དུ་བསྒྱུར་པའི་གསང་སྔགས་ཀྱི་ཆོས་རྣམས་ལ་གསང་སྔགས་རྙིང་མ་ཞེས་པའི་ཐ་སྙད་བྱེད་པ་དང་ཁོང་ཉིད་ནས་སྔགས་གསར་མའི་འགྱུར་འགོ་བཙུགས་པ་ཡིན། དེ་ལྟར་ཁོང་གིས་བོད་གངས་ཅན་གྱི་ལྗོངས་སུ་མདོ་སྔགས་རིག་གནས་དང་བཅས་པ་དར་སྤེལ་གནང་སྟེ་བསྟན་པའི་མེ་རོ་སླར་གསོ་མཛད་ནས་བསྟན་འགྲོའི་དོན་རྒྱ་ཆེར་མཛད་པའི་མཐར།[5] དྲན་ཐང་དགོན་དུ་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་བསྟན་ཏོ།།

ཁུངས་གཏུག་སའི་དཔྱད་གཞིའི་ཡིག་ཆ།

༡) མྱང་ཆོས་འབྱུང་།

༢) བུ་སྟོན་ཆོས་འབྱུང་།

༣) དུང་དཀར་ཚིག་མཛོད་ཆེན་མོ།

༤) ཚེ་ཏན་ཞབས་དྲུང་གིས་མཛད་པའི་ཐོན་མིའི་ཞལ་ལུང་།

༥) པཎ་ཆེན་ནཱ་རོ་པའི་རྣམ་ཐར།

༦) འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱི་རྣམ་ཐར།

༧) འབྲེལ་ཡོད་དྲ་ཚིགས་ཁག་གི་ཡིག་ཆ་རྣམས་སོ།།


[1]  སྒྲའི་ཚེར་མ་ཞེས་པ་འདི་ལ་བཞེད་ཚུལ་མི་མཐུན་པ་ཅུང་ཙམ་ཡོད་པ་ནི། བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ་ལས། རྒྱ་གར་མཁས་པ་ཞིག་བརྟེན་པ་ལ་བར་དུ་ལོ་ཙཱ་བ་མི་དགོས་པ་བྱ་དགོངས་ནས་པཎྜི་ཏ་སྒྲའི་ཚེར་མ་དང་། སྨྲྀ་ཏི་ཛྙ་ན་ཀིརྟི་ཕྱོགས་དེར་བྱོན་པ་སཾ་སྐྲྀ་ཏིའི་སྐད་དང་ཡི་གེ་ཡང་བསླབས་པས་ལེགས་པར་མཁྱེན་ཅིང་། ཞེས་སྒྲའི་ཚེར་མ་དང་སྨྲྀ་ཏི་ཛྙ་ན་ཀིརྟི་གཉིས་སོ་སོར་ཡིན་པ་གསུངས་འདུག འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱི་རྣམ་ཐར་དང་། ཨ་ལགས་ཚེ་ཏན་ཞབས་དྲུང་གི་ཐོན་མིའི་ཞལ་ལུང་ནང་སྒྲའི་ཚེར་མ་ཞེས་པ་ནི་པཎྜི་ཏསྨྲྀ་་ཏིའི་མཚན་གྱི་རྣམ་གྲངས་ཡིན་པར་བརྗོད་ཡོད།

[2]  མྱང་ཆོས་འབྱུང་དུ། སྨྲྀ་ཏི་ཁོང་གི་མ་ཡུམ་ཚེ་ལས་འདས་ཏེ་བོད་གཙང་རྟ་ནག་གི་དུད་ཁྱིམ་ཞིག་གི་ཐབ་རྩར་འབུ་ཞིག་ཏུ་སྐྱེས་པས།  སྨྲྀ་ཏི་ཁོང་ལ་མངོན་ཤེས་ཐོགས་མེད་མངའ་བས་མཁྱེན་ཏེ་མའི་རྣམ་ཤེས་འདྲེན་པའི་ཆེད་དུ་དང་།  ཁོང་རྒྱ་གར་ན་བཞུགས་དུས།  ངན་སྔགས་གྲུབ་པའི་མུ་སྟེགས་པ་ཞིག་རྩོད་པས་ཕམ་པར་མཛད་སྟབས།  མུ་སྟེགས་པ་དེས། ཁྱོད་ཤར་ཕྱོགས་རྒྱ་མཚོའི་མཐའི་བར་དུ་སྤྱུག་གོ །ཞེས་ངན་སྔགས་ཀྱིས་དམོད་བོར་བའི་རྐྱེན་གྱིས་པཎྜི་ཏ་ཕྲ་ལ་རིང་མོ་དང་བསྡེབས་བོད་དུ་བྱོན་པར་གསུངས་འདུག

[3]  སྦྲང་ཆར། ཀྲུང་གོའི་བོད་ལྗོངས་དྲ་བ་ནས་ཕབ་བཤུས་བྱས།

[4]  ཐོན་མིའི་ཞལ་ལུང་དུ་སྨྲྀ་ཏི་གླིང་གེ་སར་རྒྱལ་པོའི་སློབ་དཔོན་མཛད་ཚུལ་གསུངས་འདུག་ཀྱང་། ལོ་རྒྱུས་པ་རེ་འགས་སྨྲྀ་ཏི་སྤྱི་ལོ་ ༡༠༣༣ ལ་འདས་པ་ངོས་བཟུང་ནས་གླིང་གེ་སར་འཁྲུངས་ལོ་བདུད་འཇོམས་ལུགས་སུ་བྱས་ན་སྨྲྀ་ཏི་གླིང་གེ་སར་དང་དུས་མི་མཉམ་པར་གསུངས་འདུག་པས་དཔྱད་གཞིར་བགྲངས་འདུག

[5]  པཎ་ཆེན་ཁོང་གི་འཁྲུངས་འདས་ཀྱི་ལོ་ཚིགས་ནི་ཁ་གསལ་མི་འདུག་ཀྱང་ཉེ་དུས་ལོ་རྒྱུས་སྨྲ་བ་རེ་འགས་དཔྱད་འབྲས་སུ་སྤྱི་ལོ་ ༡༠༣༣ ལོར་འདས་པར་ངོས་བཟུང་འདུག

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།