ཡི་དྭགས་ཤའི་སྣག་བུ་འདྲ་བའི་གཏམ་རྒྱུད།

ཞེ་ཆེན་རྒྱལ་ཚབ་འགྱུར་མེད་པདྨ་རྣམ་རྒྱལ།

ཡང་གླེང་གཞི་སོགས་སྔར་ལྟར་གྱིས་འཕགས་པ་མོའུ་འགལ་གྱི་བུ་ཆེན་པོ་ཡི་དྭགས་ཀྱི་གནས་སུ་བྱོན་པས། དེར་སེམས་ཅན་ཤའི་སྣག་བུ་འདྲ་བ་ལ་གཙང་ཁང་ཕྱུར་པོ་ཙམ་ཞིག་འདུག་སྟེ། དེ་ས་ལ་འདུག་ན་ནི་སྲོག་ཆགས་ཁབ་ཀྱི་མཆུ་ཅན་ཤ་སྟག་གིས་ཟ་བར་བྱེད་ལ། གལ་ཏེ་མཁའ་ལ་འཕགས་ན་ཡང་དེའི་ལུས་ཐམས་ཅད་མེ་འབར་ཏེ་ཤིན་ཏུ་སྡུག་བསྔལ་བར་མཐོང་ནས། དོན་དེ་བཅོམ་ལྡན་འདས་ལ་གསོལ་བ་ན། སྔོན་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་དགེ་སློང་ཞལ་ཏ་བར་གྱུར་ཏེ། དེས་དགེ་འདུན་གྱི་དཀོར་དང་མཆོད་རྟེན་གྱི་དཀོར་སོགས་བག་མེད་པར་རང་གཅིག་པུས་སྤྱོད་ཅིང་། ཁ་ཅིག་བསགས་ཏེ་བཞག་པ་ལས། ཕྱིས་ཤིག་ན་དེ་ནད་ཀྱིས་ཐེབས་པས་ནོར་རྣམས་ཉེ་དུ་ལ་སྦྱིན་པར་བརྩམས་པ་ན། དེ་དགེ་སློང་དག་གིས་མཐོང་ནས་བཀག་པས། དེ་ཁྲོས་ནས་རང་གཞན་གཉིས་ཆར་ལ་མི་ཕན་པར་བྱའོ་སྙམ་ནས་མེར་བསྲེགས་སོ། །དེའི་ལས་ཀྱི་རྒྱུས་ཚེ་འཕོས་ནས་ཡི་དྭགས་སུ་སྐྱེས་ཏེ། དཀོར་རྫས་རྣམས་རང་གཅིག་པུས་ཟོས་པས་ལུས་ཤའི་སྣག་བུ་འདྲ་ལ་གཙང་ཁང་ཕྱུར་པོ་ཙམ་དུ་གྱུར་ནས་སྲོག་ཆགས་ཁབ་ཀྱི་མཆུ་ཅན་དག་གིས་ཟ་བར་བྱེད་ལ། དཀོར་རྫས་མེར་བསྲེགས་ཤིང་ཆུད་ཟོས་སུ་སོང་བས་ལུས་ལས་མེ་འབར་ཞིང་སྡུག་བསྔལ་མྱོང་བར་གསུངས་སོ། །འདི་དག་གིས་ནི་ཞལ་ཏ་བ་སོགས་ཀྱིས་དགེ་འདུན་པའི་སྤྱི་རྫས་སོགས་དཀོན་མཆོག་གི་དཀོར་ལ་བག་མེད་དུ་སྤྱོད་པ་དང་ཡུལ་དམ་པ་ལ་ཁྲོས་པའི་དབང་གིས་ལུས་ངག་གི་ཉེས་པར་སྤྱོད་པའི་རྣམ་སྨིན་བསྟན་པ་ཡིན་ནོ།།

ཁུངས་གཏུག་སའི་ཡིག་ཆ།
ཞེ་ཆེན་རྒྱལ་ཚབ་འགྱུར་མེད་པདྨ་རྣམ་རྒྱལ་གྱིས་མཛད་པའི་«མདོ་ལས་བྱུང་བའི་གཏམ་རྒྱུད་སྣ་ཚོགས།»ཞེས་པ་ལས་སྔ་འགྱུར་རིག་མཛོད་རྩོམ་སྒྲིག་པས་བཏུས།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།