རེ་སྒུག

ལོ་རིམ་བརྒྱད་པའི་སློབ་གཉེར་བ། ཕུར་པ།

དང་པོ།

གནམ་ངོ་རུབ་ལ་ཉེ་བའི་དོ་ནུབ་ཀྱི་ལྷགས་རླུང་འདི་ལ་མཚམས་ཅི་ཡང་མེད་པར་གྲང་སི་རི་རི་ལྡང་བཞིན་མཆིས། ཤག་ཤག་ཏུ་བཞུར་བའི་གཙང་ཆུའི་ངོས་ཀྱི་བགྲོད་ལམ་དུ། མིག་ཟུང་ནང་དུ་རྡིབ་ཅིང་རྒས་གཉེར་དོད་པའི་ར་བཟི་རྒད་པོ་ཞིག དཔུང་པ་སྔས་སུ་བྱས་ཏེ་འཕྲེད་ཉལ་དུ་གཉིད་ལ་ཡུར་ནས་འདུག ལྷགས་རླུང་ལྡང་ཕྱོགས་དང་བསྟུན་རྒད་པོའི་སྐྲ་ལོ་དེ་ཕར་གཡོ་ཚུར་གཡོ་བྱས་ཀྱང་ར་བཟི་རྒད་པོ་ནི་སྣ་དབུགས་འབྱིན་ཐེངས་རེར་སྔུར་པ་ཇེ་ཆེ་ནས་ཇེ་ཆེར་རེད། བགྲོད་ལམ་ནས་ཡར་འགྲོ་མར་འོང་བྱེད་པའི་མི་ཚོགས་དག་གིས་རྒད་པོ་དེ་མཐོང་ཡང་མ་མཐོང་ཁུལ་གྱིས་བཟུར་ནས་འགྲོ་བ་དང་། རེ་འགས་ནི་“མི་རྒན་འདི་ཉིན་རྟག་པར་དེ་འདྲ་རང་གང་ཡིན་ན་”ཞེས་ནང་ཚུན་དུ་ཁ་བརྡ་བྱེད་བཞིན་ཤུགས་རིང་ནར་མོ་རེ་ཕྱུང་སྟེ་རྒྱང་དུ་བུད་འགྲོ། ཅུང་མི་རིང་བ་ཞིག་གི་རྗེས་སུ་ར་བཟི་རྒད་པོའི་དཔུང་པ་ནས་འཐེན་ཙམ་གྱིས་སུ་ཞིག་གིས་རྒད་པོ་རང་ཉིད་ཕྱིར་འབོད་པའི་སྒྲ་ཞིག་ཐོས། རྒད་པོ་དེ་མུར་གཉིད་ལས་སད། ཁྱིམ་མཚེས་བཀྲ་ཤིས་ཉི་མ་རྒད་པོའི་འཁྲིས་སུ་སླེབས་འདུག “ཨོ་ཧོརྒད་པོ་འདི། གང་དུ་ཉལ་བ་ཡིན།” ཧ་ལས་པའི་མདངས་ཤིག་ཕྱུང་།“ད་ཡར་ལོངས། ནང་དུ་ལོག་འགྲོ།” ཟེར་བཞིན་རྒད་པོའི་ལག་པར་འཇུས་ཏེ་འཐེན་ཙམ་བྱས་པས། རྒད་པོའི་ཁ་ནས་སྐྱུག་བྲོ་བའི་ཆང་དྲི་རྫོར་པོ་ཞིག་ཁ་འོང་།

ཤར་ཕྱོགས་ནས་འོད་སྟོང་འཚེར་བའི་ཕྱི་ཉིན་སྔ་དྲོར། གྲོང་སྡེའི་མི་རྣམས་ཉི་མ་དྲོ་སའི་ར་སྐོར་དུ་འདུས་ཏེ་རྒྱུན་ལྡན་ལྟར་མགོ་མཇུག་མེད་པའི་ཁ་བརྡ་བྱེད་བཞིན་མཆིས། ཅུང་མི་རིང་བའི་མཚམས་ནས་མི་རྣམས་ཅི་ཡང་གླེང་རྒྱུ་མེད་པར་རང་ས་ན་ཆང་ཧུབ་ཀྱིས་འཐུང་བཞིན་ཁུ་སིམ་མེར་འདུག གློ་བུར་དུ་“རྒད་པོ་ཁོང་། མདང་ཡང་ལམ་ཁ་ལ་ཉལ་འདུག ད་ནངས་ཚ་བ་རྒྱས་ཏེ་ནད་ཇེ་སྡུག་ལ་འགྲོ་འདུག” ཅེས་ཁྱིམ་མཚེས་བཀྲ་ཤིས་ཉི་མས་སྐྱོ་མདངས་དང་བཅས་བརྗོད། “འན། མ་གཞི་ད་ལོ་རྒད་པོ་ཁོང་གིས་ཆང་ཚོད་མེད་དུ་བཏུངས་སོང་། དེས་གནོད་པ་ལོས་ཡིན།”ཞེས་དཔལ་ལྡན་གྱིས་སྐད་སྒྲོས་དམའ་མོའི་དེ་སྐད་ལབ། ཡང་དཔལ་ལྡན་གྱིས་ “ད་རྒད་པོ་ཁོ་རང་གི་བུ་སྐད་གཏོང་རན་རེད། ཡ།” བརྗོད་པས། “ཨ། ཁོང་ཚང་ལའང་བུ་ཞིག་ཡོད་རེད་པས།” ཞེས་ཟུར་ནས་ན་གཞོན་ཞིག་གིས་མཚར་སྣང་དང་བཅས་དྲིས། ཁྱིམ་མཚེས་བཀྲ་ཤིས་ཉི་མས་“ཨ། ཅི་ཟེེར་ཡིན། རྒྱ་གར་གྱི་དགོན་པ་ཞིག་ན་རྒད་པོ་ཁོང་གི་བུ་བསྟན་འཛིན་ཟེར་བ་ཞིག་ཡོད་རེད། ཧ་མི་གོའམ།” “མི་གོ” “སྔོན་ཆུང་དུས་ནས་ལྷོ་གླིང་དགོན་པའི་སློབ་གྲྭར་ཕྱིན་རེད། ཡིན་ན་ཡང་།”ཞེས་སྐད་ཆའི་མཇུག་མ་བསྐྱངས་པར་ཤུགས་རིང་ཞིག་འཐེན་སོང་། གྲོང་སྡེའི་མི་རྣམས་སེམས་གཅིག་ཏུ་གཏད་དེ་ཁྱིམ་མཚེས་བཀྲ་ཤིས་ཉི་མས་ཡང་བསྐྱར་ཅི་ཞིག་བརྗོད་པར་སྒུག་ནས་བསྡད། ཁོས་ཀྱང་ཅི་ཞིག་བརྗོད་རྩིས་ཀྱིས་བསམ་གཞིགས་བྱེད་འགོ་བརྩམས་སོང་།

གཉིས་པ།

ལོ་གྲངས་བཅུ་ཕྲག་འགའ་ཡི་ཡར་སྔོན། སྨག་རུམ་སྟུག་པོ་ཞིག་གི་ཁུད་ན་ཡོད་ཚད་ཁུ་སིམ་མེར་འཇགས་པའི་མཚན་དུས་ཤིག་ལ། ལོ་ན་བརྒྱད་ལ་སོན་པའི་བསྟན་འཛིན། ཨ་མའི་པང་དུ་ཉལ་ཏེ་མུན་ནག་འཐིབས་པའི་ནམ་མཁར་ཅེར་ནས་ཡོད། མཚན་སྨག་སྟུག་པོའི་རིང་ས་ཞིག་ནས་སྒོ་ཁྱིའི་ཟུག་སྐད་གསལ་ལ་མི་གསལ་བ་ཞིག་དང་། འཁྲིས་ཀྱི་ཨ་ཕའི་སྔུར་བ་ཡང་མོ་ཞིག་ཡང་ཡང་ཐོས་འོང་། ཨ་མས་དལ་བུར་ལག་པ་བསྲིངས་ཏེ་བསྟན་འཛིན་གྱི་མགོ་ལ་རེག་ཙམ་བྱས་ནས། བྲལ་མི་ཕོད་པའི་སྐད་སྒྲོས་དམའ་མོའི་ཐོག“ང་ཚོས་ཁྱོད་རང་གི་མི་ཚེ་སྐྱིད་པོ་ཞིག་བྱུང་ན་བསམས་ནས་ཆོས་བྱེད་དུ་གཏོང་གི་ཡོད། དགོན་པར་ཕྱིན་རྗེས་མི་རྒན་པ་ལ་གུས་ཞབས་དང་། རྐུན་མ་མ་རྒྱག་ཨ། ཆོས་ལ་སྙིང་རུས་བྱོས་དང་། ངེད་རྣམས་ལོ་རེ་དང་ཟླ་རེའི་མཚམས་སུ་ཡང་ཡང་ཐུག་ཏུ་ཡོང་ཆོག ”མ་ཎི་ཟློས་པ་ལྟར་བྱས་པའི་མདང་གི་སྐད་ཆ་དེ་བསྐྱར་དུ་བརྗོད་སོང་། ཨ་མས་སྐད་ཆ་དེ་དག་བརྗོད་ཀྱིན་སྣ་ཆུ་བཞུར་བ་དེ་འཐེན་ཙམ་གྱིས་མཆིལ་མ་མིད་དུས། བསྟན་འཛིན་གྱིས་ཨ་མས་མིག་ཆུ་གཏོང་བཞིན་པ་ཚོར་བས། བསྟན་འཛིན་གྱི་སྙིང་ཁམས་ཀྱང་འཁྱགས་ལྷང་ལྷང་བྱས། ཉི་མ་རི་རྩེ་ནས་དལ་གྱིས་འཕག་པའི་ཕྱི་ཉིན་གྱི་ཞོགས་པར། རྒྱབ་ལ་རྡོག་ཁྲེས་འཁུར་བའི་བསྟན་འཛིན་ནི། ཐག་རིང་གི་བཞུད་ལམ་ནས་སྐེ་དར་ལྷབ་ལྷུབ་ཏུ་གྲྭ་རྒན་ཟླ་བའི་རྗེས་དེད་དེ་རྒྱང་ནས་རྒྱང་དུ་བཞུད་དུས། ཁོའི་ཨ་ཕ་དང་། ཨ་མ། གཅུང་མོ་གསུམ་པོས་བྲལ་མི་འདོད་པའི་རྣམ་འགྱུར་ཞིག་བཟུང་ནས་ཁང་པའི་སྒོ་ཁ་ནས་འགྲེངས་ཏེ་མིག་སྐྱེལ་བྱེད་བཞིན་མཆིས།

གསུམ་པ།

འགྲིམས་མ་མྱོང་བའི་དགོན་པའི་ཁོར་ཡུག་ཅིག་ཏུ་གྱོན་མ་མྱོང་བའི་གཟན་ཤམ་གསར་པ་ཞིག་ལུས་ལ་གྱོན་དུས། རྐང་པའི་གཡས་གཡོན་ལ་ཅི་ཞིག་གིས་འཆིང་བ་བཞིན་གོམ་ཟུང་མདུན་དུ་སྤོ་བར་སྟབས་མི་བདེ་བ་དང་། ཕྲག་པར་ཡོད་པའི་རས་གཟན་དེ་ཇི་ཙམ་ཡར་ལ་བཞག་ཀྱང་དེ་ཙམ་ཐུར་ལ་ཟགས་ནས་འོང་བ་འདི། ལྷོ་གླིང་དགོན་འདིར་ཐོག་མར་འབྱོར་བའི་གྲྭ་ཆུང་ཀུན་ལ་ཕྲད་པའི་དཀའ་ངལ་ཞིག་ཡིན་པས། བསྟན་འཛིན་ལའང་དེ་མཚུངས་ཀྱི་དཀའ་ངལ་མི་ཉུང་བ་ཞིག་ཕྲད། མ་ཟད་ཁོ་ལ་དཀའ་ངལ་དམིགས་བསལ་ཞིག་ཡོད་པ་ནི། ཁོ་གསར་དུ་འབྱོར་སྐབས་ཕ་མའི་མིང་ལས་ཕ་ཡུལ་གྱི་མིང་ཡང་ཡག་པོ་མི་ཤེས་པ་དེ་ཡིན། དང་ཐོག་ཕ་ཡུལ་གང་ནས་ཡིན་པ་དྲིས་ཚེ་ཁོས་ཁྱིམ་ཚང་གི་མིང་བཏོན་ཀྱང་མི་རྣམས་ཀྱིས་ཤེས་ཀྱིན་མི་འདུག་པས། བལ་ཡུལ་ནས་ཡིན་ཞེས་བརྗོད་པ་དང་། བལ་ཡུལ་གང་ནས་ཡིན་དྲིས་ཚེ། ལན་ཅི་ཡང་འདེབས་མ་ཤེས་པར་ཁུ་སིམ་མེར་སྡོད་པ་ཡིན། ཁོས་ཕ་ཡུལ་གང་ནས་ཡིན་པ་ཡག་པོ་མི་ཤེས་པ་འདི་དགོན་པའི་གྲྭ་པ་རྒན་པ་ཚོ་མཚར་སྣང་གིས་བསམ་གཟས་ནས་ཁོའི་མགོ་ལ་ལག་པས་བྱིལ་བྱིལ་བྱས་ཏེ་ཀུ་རེའི་ཚུལ་དུ། “གྲོགས་པོ། ཁྱོད་ཀྱི་མིང་ལ་ཅི་ཟེར། ཕ་ཡུལ་གང་ནས་ཡིན་ཞེས་”ཡང་ཡང་འདྲི་བ་ཡིན། ཁོས་རང་ཉིད་ཀྱི་མིང་ “བསྟན་འཛིན་” ཞེས་ལན་བཏབ་སྟེ་ཁུ་སིམ་མེར་སྡོད། “ཨོའེ་་་་ གྲོགས་པོ། ཕ་ཡུལ་གང་ནས་ཡིན། ཕ་ཡུལ།” ཞེས་ཁོང་ཚོས་ནན་ཏན་གྱིས་འདྲི་བ་ན། ཁོས་མི་ཤེས་པའི་བརྡ་རུ་མགོ་གུག་སྟེ་གཡུག་ཙམ་བྱེད། འགའ་ཤས་ཀྱིས་“ཨ་་་་གོ་མ་སོང་། ད་མགྱོགས་པོར་ཤོད་” ཅེས་དགོད་འཛུམ་འཛུམ་དུ་མ་གོ་བ་ལྟར་བྱས་ཏེ་ཆེད་དུ་བརྙད་བརྐོ་བ་དང་། འགའ་ཤས་ཀྱིས་ “ཨ་ཁ། སྙིང་རྗེ།” རྗོད་ཀྱིན་ལག་པས་འགྲམ་ཤ་འཐེན་ཙམ་བྱེད། ཕ་ཡུལ་གང་ནས་ཡིན་པའི་དྲི་བ་འདི་ནི་ཤོག་འཐུམ་བརྒྱབ་པའི་ཀ་ཁའི་མ་ཡིག་དེ་ཁུར་ནས་དགེ་རྒན་རྩ་ལ་འགྲོ་བའི་ལམ་བར་དང་། གྲྭ་རྒན་ཚོས་ལབ་གླེང་བྱེད་བཞིན་ཡོད་པའི་འདུ་འཛོམས་མང་ས་དང་། ཐ་ན་རྩེད་མོའི་དུས་སྐབས་སོགས་ལའང་ཐོས་རྒྱུ་ཡོད་པས། སྐད་ཆ་འདི་དག་གིས་བསྟན་འཛིན་ལ་རང་བཞིན་གྱིས་མི་སྐྱིད་པ་བཟོ་བཞིན་ཡོད།

བསྟན་འཛིན་དགོན་འདིར་འབྱོར་ནས་ལོ་ཟླ་མང་པོ་ཞིག་ཕ་མ་ཐུག་རྒྱུའི་རེ་སྒུག་གིས་འདས་ཏེ། དེ་ཡང་དང་ཐོག་ཁྱིམ་ཚང་དང་བྲལ་ཁར། “ཁྱོད་རང་ཆོས་ལ་སྙིང་རུས་བྱོས་དང་། ངེད་རྣམས་ལོ་རེ་དང་ཟླ་རེའི་མཚམས་སུ་ཡང་ཡང་ཐུག་ཏུ་ཡོང་ཆོག” ཅེས་པའི་ཨ་མའི་སྐད་ཆ་དེ་ཡིད་ལ་དྲན་བཞིན་ཕ་མ་གཉིས་པོ་ཁོ་རང་ལ་ཐུག་ཏུ་ཡོང་རྒྱུའི་རེ་སྒུག་དང་། ཨ་མའི་བཀའ་བཞིན་རང་གིས་རང་ལ་སྐུལ་མ་བྱས་ཏེ་སློབ་སྦྱོང་ལ་དོན་གཉེར་དང་སྤྲོ་སྣང་བྱེད་ཀྱིན་ཉིན་རེའི་ལས་བྱ་དང་བློ་རྒྱུགས་རྣམས་དུས་ཐོག་ཏུ་ཕུལ་བ་དང་། ཉིན་གུང་བར་གསེང་དང་རེས་གཟའ་ཉི་མའི་གུང་སེང་ཡན་ཆད་ཀྱང་རང་ཤག་ཏུ་འཛུལ་ནས་ཡིག་གཟུགས་དང་། རི་མོ་བཅས་བྲིས་ནས་སྡོད་པ་ཡིན། ཟླ་རྒྱུགས་དང་བློ་རྒྱུགས་འབུལ་དགོས་ཚེ་མཚན་གྱི་གཟིམས་བརྡ་བརྡུངས་ནའང་གློག་འོད་ཆེམ་ཆེམ་དུ་འཕྲོ་བའི་ལྷ་ཁང་མདུན་གྱི་བར་ཁྱམས་དང་། རྩེད་ཐང་དཀྱིལ་གྱི་གློག་སྒྲོན་འོག་ཁ་འདོན་རྩ་ཚིག་དང་སློབ་དེབ་རྣམས་བློ་འཛིན་བྱེད་པས། ལྷོ་གླིང་དགོན་པའི་དགེ་རྒན་ཚོས་བསྔགས་བརྗོད་དང་རེ་བ་དམིགས་བསལ་བ་ཞིག་བྱེད་ཀྱིན་ཡོད། དེ་ལྟར་བསྟན་འཛིན་ནི་འཛིན་གྲྭར་འགྲོ་རྒྱུ་དང་སློབ་སྦྱོང་བྱེད་པར་དགའ་ཡང་ཉིན་མོའི་འཛིན་གྲྭ་དང་གཞུང་ལས། ཉིན་གང་ཚོགས་པ་འཚོག་པའི་ངལ་དུབ་སོགས་ཀྱིས་དགོང་ཚོགས་སློབ་ཁྲིད་སྐབས་བློ་རིག་མི་དྭངས་པ་དང་། ལུས་སེམས་ཉབ་ཉོབ་དང་། གཉིད་ཅོག་ཡང་ཡང་ཤོར་བས་ཉིན་རེའི་དགོང་ཚོགས་སློབ་ཁྲིད་ལ་ཧ་ཅང་སུན་སྣང་སྐྱེ།

དེ་རིང་ཡང་རྒྱུན་ལྡན་བཞིན་དགོང་ཚོགས་སློབ་ཁྲིད་ལ་ཉོབ་ནས་དགོན་པའི་ཉེ་འཁོར་གྱི་སྤང་གཤོངས་སུ་སྐྱོ་དུང་དུང་གིས་ཕ་མ་དྲན་བཞིན་ནུབ་ཁའི་ཉི་མར་རྒྱང་ལྟ་བྱེད་བཞིན་མཆིས། རྒྱང་དུ་ཅེར་གྱིན་བསམ་པའི་གཏིང་རིམ་ཞིག་ལས། ནུབ་ཁའི་མཐའ་མཚམས་དེའི་ཕ་རོལ་ན། རང་གི་ཕ་མ་དང་མིང་སྲིང་ཚོ་ཁྱིམ་ཐབ་དྲོན་མོའི་མཐའ་འཁོར་དུ་དགོང་ཟས་ལ་རོལ་གྱིན་དགོད་སྒྲ་ལྷང་ལྷང་ངང་ཡོད་འགྲོ་སྙམ་པའི་སེམས་ཚོར་ཞིག་སྐྱེས། སེམས་ཚོར་དེ་དལ་བུར་ལུས་ཀྱི་རྩ་ལམ་ཡོངས་ལ་ཁྱབ་སྟེ་མཆི་ཞག་དྲོན་མོ་ཞིག་མིག་ཟུང་གི་མཐའ་རུ་འཁོར། བཞུད་ལ་ཉེ་བའི་ཉི་མས་ཀྱང་ཁོ་ཡི་སེམས་ཚོར་རྟོགས་པ་བཞིན་གནམ་སའི་མཐའ་མཚམས་སུ་དམར་ལྷོག་ལྷོག་ཏུ་ཉམས་དམའ་བའི་འོད་མདངས་ཤིག་སྤྲོས་ནས་མཆིས། དེ་སྐབས་མཁའ་དབྱིངས་སུ་ལྡིང་བཞིན་པའི་བྱ་བྱེའུ་རྣམས་རང་ཚང་ན་ལོག་བཞིན་པ་མཐོང་ཕྲལ་རང་ཉིད་ཀྱང་དེ་མཚུངས་ནང་དུ་ལོག་རྒྱུ་ཞིག་བྱུང་ན་ཅི་མ་རུང་སྙམ། འདི་ལྟར་ཉིན་རེ་བཞིན་ནང་ལ་ལོག་འདོད་དང་ཕ་མར་ཐུག་འདོད་ཀྱི་འཁྲེང་སེམས་ངང་ལོ་ངོ་གསུམ་ལྷག་སོང་ནའང་བསྟན་འཛིན་གྱིས་ད་བར་ཕ་མའི་གྲིབ་གཟུགས་ཙམ་ཡང་མ་རིག་ལ། ཕ་མའི་འཚམས་འདྲིའི་སྒྲ་ཙམ་ཡང་མ་ཐོས་པར་ལུས།

ས་སྲོད་གློ་བུར་དུ་རུབ་པས། གང་ནས་འོངས་པའི་བསིལ་རླུང་གྲང་མོ་ཞིག་གིས་ཕྲག་པར་བཀལ་བའི་གཟན་སྣེ་ལྷབ་ལྷུབ་ཏུ་བསྐྱོད་པས། འཆར་ཡན་གྱི་དྲན་པ་ནང་དུ་བསྡུས་ཏེ་གཡས་ལྟ་གཡོན་ལྟ་ཞིག་བྱས་ཚེ། དགོན་པའི་ཉེ་འཁོར་གྱི་སྤང་གཤོངས་སུ་བསྟན་འཛིན་རང་ཉིད་གཅིག་པུ་ལས་སློབ་གྲོགས་ཡོད་ཚད་མཐོང་ཡུལ་དུ་མེད་པས། ད་ནི་ཕྱི་སོང་སྙམ་སྟེ་བྲེལ་རྟབ་ཀྱིས་འཛིན་གྲྭར་ཤར་མར་བསྐྱོད། སྒོ་དང་སྒེའུ་ཁུང་རྣམས་ཁྲ་ཆེམ་མེར་སྣང་བའི་འཛིན་ཁང་ནང་སློབ་གྲོགས་ཚོ་ཚ་ཚ་འུར་འུར་གྱིས། “ཆག ཆག”_ཅེས་པའི་ལྕགས་སྒྲ་ཞིག་དང་ལྷན་མགྲིན་དབྱངས་གཅིག་གྱུར་ངང་འུར་གྱིས་ཅི་ཞིག་སྐྱོར་གྱིན་འདུག ལག་པར་དབྱུག་པ་ཐོགས་པའི་དགེ་རྒན་དེས། མིག་ཟུང་ལ་ཁྲོ་གཉེར་ཟབ་མོ་ཞིག་བསྡུས་ཏེ་ “ག་བ་འགྲོ་ཡིན། ཏིང་ཏིང་གོ་མ་སོང་ངམ།”དྲག་ཤུལ་གྱིས་དྲིས་པར། བསྟན་འཛིན་ལ་ལན་ཅི་ཡང་གདབ་རྒྱུ་མེད་པར་མགོ་བོ་བྲང་ཁར་སྨད་དེ་བསྡད། “ཕར་སྡོད།”ཅེས་ལབ་པ་དང་། བསྟན་འཛིན་རང་ཉིད་སྡོད་སའི་གྲལ་གདན་དུ་བུད་པས། ཚ་འུབ་འུབ་ཀྱི་མཁའ་དབུགས་དྲོན་མོ་ཞིག་དང་། རྔུལ་དྲིས་བརླན་པའི་དྲི་མ་ཞིག་འཛིན་ཁང་ཡོངས་ལ་ཁྱབ་ནས་མཆིས།

རེས་གཟའ་ཉི་མ་ནི། ཉིན་ཞག་མང་པོ་མཐུད་ནས་སྒུག་བསྒུགས་པའི་ཆེས་སྤྲོ་སྣང་གི་གུང་གསེང་ཞིག་སྟེ། སློབ་ཕྲུག་མང་ཆེ་བ་སྐོར་གཡེང་ལ་བསྐྱོད་པ་དང་། འགའ་ཤས་སྔ་ས་ནས་རྩེད་ཐང་དུ་རུ་ཁག་བཟོས་ནས་རྐང་རྩེད་སྤོ་ལོ་རྩེ་བ། འགའ་ཤས་ས་ཁུང་བྲུས་ནས་ལྕགས་སྒོར་འཕེན་པ། འགའ་ཤས་བདའ་རེས་དང་ཡིབ་རེས། རྒྱུག་ཤར་ལྷོད་པ་སོགས་རང་སྣང་གང་སྐྱིད་ཀྱིས་རྩེད་འཇོར་གཡེང་བཞིན་མཆིས། འོན་ཀྱང་བསྟན་འཛིན་ནི་སློབ་ཕྲུག་དེ་དག་དང་ལྷན་དུ་མཐོང་བ་ཆེས་ཉུང་ཉུང་ཡིན། དེ་ནི་ཁོ་རང་རྩེད་མོ་ལ་མི་དགའ་བས་ཡིན་ནམ། ཡང་ན་སློབ་ཕྲུག་དེ་དག་དང་མ་འདྲིས་པས་ཡིན། ཡང་ན་རྐྱེན་གཞན་ཞིག་གིས་ཡིན་ནམ། གང་ལྟར་ཁོ་ནི་སློབ་ཕྲུག་དེ་དག་གི་ཁྲོད་དུ་མཐོང་བ་ཆེས་དཀོན་པོ་ཡིན། མཚམས་རེར་མཐོང་ཡང་སློབ་ཕྲུག་དེ་དག་གི་ནང་གསེས་རྩེད་མོ་རྩེ་མཁས་བདམ་གསེས་བྱས་ཏེ་རྩེད་པ་དང་། དངུལ་སྒོར་རྒྱན་དུ་བཞག་སྟེ་བརྩེ་བས། བསྟན་འཛིན་ནི་རྩེད་མོ་ཡག་པོ་རྩེ་མི་ཤེས་པའི་ཁར་ལག་པར་དངུལ་སྒོར་ཡང་མེད་སྟབས། རང་བཞིན་གྱིས་དེ་དག་གི་ཁྲོད་ནས་ཟུར་དུ་བུད་འགྲོ།

འཇམ་ཞིང་བསིལ་བའི་ཉི་འོད་དེ་ཤར་ཕྱོགས་ནས་ཐད་ཀར་ཤར་བས། དགོན་པའི་རྒྱ་ཕིབས་དག་གཟི་མདངས་རྒྱས་ཏེ་སེར་ལམ་ལམ་དུ་བཀྲག་མདངས་འཚེར་བའི་ཞོགས་པ་ཞིག་ལ། བསྟན་འཛིན་དགོན་པའི་མཐའ་སྐོར་ནས་དལ་ལྷོད་ཀྱིས་འགྲོ་བཞིན་ཡོད། འགྲོ་བཞིན་འགྲོ་བཞིན་ངལ་དུབ་ཀྱིས་དབུགས་གཏོང་ལེན་དཀའ་ཞིང་མགོ་ན་ཡོམ་ཡོམ་གྱིས་མི་བདེ་བའི་སྣང་བ་ཞིག་བྱུང་བས་དལ་བུར་རང་ཤག་ལ་ཕྱིན། དེ་ནས་ཉིན་མཚན་མེད་པར་མགོ་ན་བཞིན་གློ་ཡང་ཆག་མེད་བརྒྱབ། གློ་རྒྱག་ཐེངས་རེར་སྙིང་རྩ་དང་སྟོད་རྒྱབ་གཟེར་ཏེ་བྲང་སྙིང་ལག་པས་སྐྱོར་དགོས་ཐུག དེ་ལྟར་ནད་གཞི་དེ་ཉིན་རེ་ནས་ཉིན་རེར་ཇེ་སྡུག་ཏུ་བུད་སོང་ནའང་། བསྟན་འཛིན་གྱི་ལག་ན་སྨན་ཁང་ལ་འགྲོ་རྒྱུའི་དངུལ་མེད་པའི་ཁར། དགེ་རྒན་ལའང་མ་ལབ་པར་ནད་དེ་བསྲན་ནས་ཉིན་གསུམ་ལྷག་རང་ཤག་ཏུ་བསྡད། ཤག་རོགས་དེ་སེམས་ཚེགས་བྱེད་ཀྱིན་ནད་འདི་སྣང་མེད་དུ་འཇོག་མི་རིགས་པར་གང་མགྱོགས་སྨན་ཁང་ལ་བསྟེན་ན་ལེགས་ཚུལ་བཤད་པས། བསྟན་འཛིན་ནི་ཅི་བྱ་གཏོལ་མེད་དུ་ལུས་ཏེ་ལན་ཅི་ཡང་མ་བཏབ་པར་མལ་གདན་དུ་གཉིད་ཁུལ་བྱས་ནས་བསྡད། ཤག་རོགས་དེས་ཅི་ཞིག་གོ་སོང་བ་ལྟར་བྲེལ་རྟབ་ཀྱིས་སྒོ་ཁ་ནས་ཕྱིར་བུད། གློ་ཡང་ཡང་རྒྱག་བཞིན་མལ་གདན་དུ་ཉལ་བའི་བསྟན་འཛིན་གྱི་ཡིད་ན་ཕ་མ་ལྷག་ཏུ་དྲན་གྱིན་སེམས་པའི་ཟུར་སྣེ་ཞིག་ནས། ལོ་ངོ་འདི་འདྲ་མང་པོ་ཕྱིན་ཡང་ཐེངས་གཅིག་ཀྱང་ཐུག་ཏུ་མི་ཡོང་བ་ཅི་ཡིན་ནམ། ཕ་མས་རང་ཉིད་ངོ་མ་བསྐྱུར་བ་ཡིན་ནམ། འདི་དང་འདི་ལྟ་བུའི་དོགས་འདྲི་འདྲ་མིན་ཞིག་སྙིང་ཁམས་ལ་ཡང་ནས་ཡང་དུ་འཚངས་འོང་།

ནུབ་རིའི་ཕང་བ་ལ་ཉི་མའི་ཟེར་མདངས་བསྡུས་ཏེ་ཡོད་ཚད་མག་མོག་ཅིག་ཏུ་འགྱུར་ལ་ཉེ་བའི་དགོང་ཁར། བསྟན་འཛིན་ཚང་གི་ཁང་པའི་སྐར་ཁུང་ནས་དུ་བ་སྔོ་ལྷོག་ལྷོག་ཞིག་འཕྱུར་བར་བལྟས་ན། བསྟན་འཛིན་གྱི་ཕ་མ་ཁྱིམ་དུ་ཡོད་པ་ཤེས་ཐུབ། གནམ་ངོ་ཧ་ཅང་གྲང་ཞིང་ལྷགས་རླུང་ལྡང་བའི་ཤུགས་སྒྲ་དང་ལྷན་གཙང་ཆུའི་བཞུར་སྒྲ། “ཤག་ཤག”ཏུ་གྲགས་འོང་། ཕ་རྒན་དང་མ་རྒན་གཉིས་པོས་མེ་དམར་ལྷབ་ལྷབ་འབར་བའི་ཐབ་ལ། དུད་དྲེག་ཆགས་པའི་སྣོད་སྤྱད་ནག་ཀོང་ཀོང་ཞིག་བཙུགས་ནས་དགོང་ཐུག་ཅིག་སྐོལ་བཞིན་མཆིས། “སྙིང་རྗེ། བསྟན་འཛིན་ཁོ། ད་ཅི་ཞིག་བྱེད་ཀྱིན་ཡོད་ན། བདེ་པོ་རང་ཡོད་ན། ཁོར་མ་ཐུག་ནས་ཡུན་རིང་ཕྱིན་སོང་” དམར་ལྷབ་ལྷབ་འབར་བཞིན་པའི་ཐབ་ཀྱི་མེ་ལ་ཅེར་ནས་ཡོད་པའི་ཨ་མས་བསྐྱར་དུ་དེ་རིང་ཡང་སྙིང་ཉེའི་ངང་ནས་སེམས་ཚེགས་ཀྱིས་དྲིས་པར། ཕ་རྒན་གྱིས་”ཨ། ཁོ་བདེ་པོ་ལོས་ཡོད། ད་ལྟ་ཐུག་ནས་ཅི་བྱེད། ཕྱིས་སུ་ཡར་ཆེན་པོ་ཆགས་རྗེས་སྐད་གཏང་ཆོག་གི་རེད།” ཨ་མས་རྒྱུན་ལྡན་དྲིས་པའི་སྐད་ཆ་དེར་ཕ་རྒན་གྱིས་ཀྱང་རྒྱུན་ལྡན་བཞིན་སུན་སྣང་གིས་བརྗོད་པས། ཨ་མ་ཡང་རྒྱུན་ལྡན་ལྟར་ཁུ་སིམ་མེར་ལུས།

བཞི་པ།

འདས་ཟིན་པ་ལ་ཕྱིར་དྲན་ཞིག་བྱས་ན་དུས་ཚོད་ནི་ཇི་ལྟར་ཟིན་པའང་མི་ཚོར་བར་ཧ་ཅང་མྱུར་བ་དང་ཡུན་ཐུང་བ་བཞིན། བསྟན་འཛིན་ཡང་ལྷོ་གླིང་དགོན་འདིར་འབྱོར་ནས་གོ་མེད་ཚོར་མེད་ངང་མི་ལོ་བརྒྱད་ལྷག་སོང་ཟིན། ལོ་ངོ་དེ་དག་གི་ནང་དཀར་ཞིང་ཤ་རྒྱགས་ལ་གྲུང་ཤ་དོད་པའི་བསྟན་འཛིན་ནི། ད་ནི་ཡོངས་སུ་གྱུར་ཏེ་སྔར་ལས་གཟུགས་ཚད་ཆེ་ཞིང་ཤ་མདོག་ནག་ལ་སྐམ་ཞིང་རིད་པ་དང་། དགོན་པའི་སྒྲིག་འཛུགས་དང་མི་འགལ་བ་ཙམ་དུ་འཛིན་གྲྭར་འགྲོ་བ་ཙམ་ལས་སློབ་སྦྱོང་ལ་དོན་གཉེར་མི་བྱེད་པར། གུང་གསེང་དང་བར་གསེང་ཅུང་ཙམ་རག་ཚེ་རྩེད་འགྲན་རུ་ཁག་ཅིག་ཁྲིད་ནས་རྐང་སྤོལ་རྩེད་ཐང་དུ་སྐྱོད་རྐྱང་དང་། རང་ཉིད་འདོད་པ་དང་མ་མཐུན་ཚེ་གཞན་ལ་ཁ་རྩོད་རྒྱག་རྐྱང་། གཞུང་ལས་དང་ཚོགས་པ་ཡོད་ཚེ་གཞན་ཞིག་ལ་ཁ་གཡར་ནས་བྲོས་རྐྱང་བྱེད་པ་བཅས་ཀྱི་འགྱུར་ལྡོག་ཆེན་པོ་ཞིག་ཐེབས་ཡོད། མ་ཟད་ཕ་མས་ད་བར་ཐུག་ཏུ་མ་ཡོང་པར་ཁོ་རང་བསྐྱུར་བ་བཞིན་ཁོའི་སེམས་ལས་ཀྱང་ཕ་མ་དྲན་རྒྱུ་དང་ནང་དུ་ལོག་འདོད་ཀྱི་འདུན་པའང་ཡལ་ཟིན།

ལོ་རེའི་ཟླ་གཉིས་གུང་གསེང་སྐབས། སློབ་ཕྲུག་མང་ཆེ་བ་རྡོར་གདན་སྨོན་ལམ་བརྒྱུད་ནས་ཕ་ཡུལ་དུ་གུང་གསེང་དང་ཕ་མ་ཐུག་གར་ཕྱིན་དུས། བསྟན་འཛིན་ནི་རྩེད་འཇོའི་བག་གཡེངས་ངང་དགོན་པ་རུ་འདུག་འདུག་པ་ཡིན། གསེར་མདོག་གི་ཉི་མ་དེ་སྔོ་སངས་ཀྱི་མཁའ་དབྱིངས་ནས་ནུབ་རིའི་རྒྱབ་ཏུ་བཞུད་ལ་ཉེ་བའི་དགོང་ཁ་ཞིག་ཏུ། བསྟན་འཛིན་དང་ཁོའི་གྲོགས་པོ་རྡོབ་རྡོབ་གཉིས་པོས་ལྷམ་དང་རྐང་སྤོལ་འགྱིག་ཤོག་ནང་བཅུག་ནས་དགོན་པའི་རྒྱལ་སྒོ་ནས་ཕྱིར་ཐོན་ཁར། རྡོབ་རྡོབ་ཀྱིས་ “ཨོའེ་་་་། ཁྱོད་ངོ་མ་ཕ་ཡུལ་ལ་ཐེངས་གཅིག་ཀྱང་མི་འགྲོ་འམ། ཞེས་གློ་བུར་དུ་དྲིས་པར་དེ་མུར། “ཨ་ཡོ་་་་་། ད་སྐུ་མཁྱེན། ད་དེའི་སྐོར་མ་ལབ་དང་། ཉོབ་པ་ལ།” བསྟན་འཛིན་གྱིས་སུན་སྣང་དང་བཅས་ལན་བཏབ། ཡང་ཅང་མ་འགོར་བའི་རྗེས་རྡོབ་རྡོབ་ཀྱིས་ “ད་ལོ་རོགས་པ་མང་ཆེ་བ། འབུམ་ལྔ་ཚར་ནས་ཕ་ཡུལ་དུ་འགྲོ་གི་ཡིན་ཟེར་གྱི།” ཞེས་བརྗོད་པས། བསྟན་འཛིན་གྱིས་ “ཨ་་་། ད་གང་དུའང་འགྲོ་དགོས་མེད། ངའི་ཕ་ཡུལ་ཟེར་ནའང་དགོན་པ་འདི་རེད། ཕ་མ་ཟེར་ནའང་རིན་པོ་ཆེ་རེད། གཞན་ཕ་ཡུལ་ཕ་ཡུལ་ཅི་མི་ཤེས།” ཉོབ་སྣང་དང་བཅས་བརྗོད་པས་རྡོབ་རྡོབ་ནི་འཛུམ་དམུལ་དམུལ་དུ་ཅུང་བློ་ལ་མ་བབས་པར་ “ཨ་ལེ། རེད་བས། ཡ་་་་་ཡ” ཞེས་བརྗོད་ཀྱིན་ཁོང་གཉིས་རྩེད་ཐང་ཕྱོགས་སུ་བསྐྱོད།

ཉིན་ཞིག་བསྟན་འཛིན་ནི་ཁ་པར་རྩེད་བཞིན་རང་ཤག་ཏུ་ཡོད་སྐབས། ཁོའི་གྲོགས་པོ་རྡོབ་རྡོབ་ཀྱིས་གྲྭ་ཕྲུག་གསར་པ་ཞིག་འཁྲིད་ནས་ཤག་ཏུ་འཛུལ་སླེབས། གྲྭ་ཕྲུག་འདི་རྡོར་གདན་སྨོན་ལམ་བརྒྱུད་ནས་ལྷོ་གླིང་དགོན་པར་གྲྭ་པ་གསར་དུ་འོངས་བ་དང་། གཞན་གྱི་གྲྭ་ཤག་ལ་འཛུལ་ནས་བསྟན་འཛིན་འཚོལ་བཞིན་འདུག་པ་མཐོང་སྟེ་ཁོས་འཁྲིད་ནས་ཡོང་བ་ཡིན་ཟེར། དེ་སྔ་ཁྱོན་ནས་མཐོང་མྱོང་མེད་པའི་གྲྭ་ཕྲུག་གསར་པ་འདིས་བསྟན་འཛིན་རང་ཉིད་འཚོལ་བཞིན་ཡོང་བ་བསྟན་འཛིན་ལ་མཚར་སྣང་སྐྱེ་རུ་བཅུག ད་དུང་བསྟན་འཛིན་ཁོའི་ཕ་ཡུལ་ནས་ཡིན་ཞེས་བརྗོད། བསྟན་འཛིན་གྱིས་ཐད་ཀར་ངོས་ལེན་དང་ཡིད་ཆེས་སྐྱེ་མི་ཐུབ་ནའང་། བསྟན་འཛིན་གྱི་ནང་མིའི་པར་དང་ཕ་ཡུལ་གྱི་པར་ཀྱང་བསྟན་རྒྱུ་འདུག་པས་དེ་ལས་ཀྱང་བསམ་ཡུལ་ལས་འདས་པ་ཞིག་ཏུ་བསྐྱལ།

དེ་ནས་བསྟན་འཛིན་དང་གྲྭ་ཕྲུག་གཉིས་པོས་ཕ་ཡུལ་གྱི་སྐོར་ལ་ལབ་གླེང་ཡུན་རིང་བྱས། བསྟན་འཛིན་གྱི་གཅུང་མོ་ནི་གཞན་གྱི་མནའ་མར་ཕྱིན་པ་མ་ཟད། ཡོངས་ལ་ཁྱབ་པའི་ནད་གཞི་དེ་ཕ་ཡུལ་དུའང་ཁྱབ་བརྡལ་བྱུང་སྟེ་བསྟན་འཛིན་གྱི་ཨ་མའང་ནད་དེས་བཟུང་རྗེས། ཞབས་རིམ་འཚོགས་པ་དང་ཕ་ཡུལ་གྱི་ཨེམ་ཆི་ལ་བསྟེན་པ་སོགས་ཐབས་ཡོད་དགུ་རྩལ་སྤྲུགས་བྱས་ཀྱང་ནད་དེ་དྲག་སྐྱེད་མ་སོང་བར་ཚབས་ཇེ་ཆེར་སོང་སྟེ། རྒྱལ་སའི་སྨན་ཁང་བསྟེན་ཆེད་ཕ་ཡུལ་ནས་འོང་བའི་ལམ་བར་དུ་དབུགས་ཀྱི་རྒྱུ་བ་ཆད་ནས་འདས་གྲོངས་སུ་གྱུར་ཚུལ་ཐོས་པས། གྲྭ་ཕྲུག་དེའི་སྐད་ཆ་དག་ཉན་གྱིན་ཉན་གྱིན་བསྟན་འཛིན་གྱི་སྙིང་ཁམས་ལས་ཅི་ཞིག་མེད་སོང་བ་ལྟར་སྟོང་ལྷང་ལྷང་གི་ཚོར་བ་སྐྱེན་པོ་ཞིག་གིས་ཁྱབ།

ནང་དུ་ཕ་རྒན་གཅིག་པུ་ལས་མེད་པས་དགོན་པ་ནས་ལོ་དགོངས་ཞུས་ཏེ་ཕ་ཡུལ་དུ་ཡོང་དགོས་པའི་ལོན་ཞིག་ཀྱང་བསྐུར་འདུག་པས། ཆུང་དུས་ནས་ད་ལྟའི་བར་གར་སོང་འདིར་སོང་མེད་པར་གཞན་ཡུལ་དུ་བཏང་ནས་ད་ལྟ་མཁོ་དུས་གཞི་ནས་ནང་དུ་སྐད་གཏོང་བ་འདིས་ཕ་རྒན་དེ་ལ་སེམས་པའི་གཏིང་ནས་ཁོང་ཁྲོ་མེ་ལྟར་འབར།

ལྔ་པ།

ཕ་རྒན་ནི་རང་གི་བཟའ་ཟླ་གྲོངས་བའི་སེམས་སྡུག་གིས་ཉི་མ་ནས་ཉི་མ། ཟླ་བ་ནས་ཟླ་བ་བསྟུད་མར་ཆང་འཛེམ་མེད་དུ་འཐུང་བཞིན་སྲང་ཁྲོད་ཀྱི་ཁྱི་འཁྱམ་ལྟར་གནས་ངེས་མེད་དུ་ཉལ་བ་དང་གནས་ངེས་མེད་དུ་རྒྱུག་པར་བྱེད། བཟའ་ཟླ་གྲོངས་བའི་རྗེས་ཕ་རྒན་ཁེར་རྐྱང་དུ་ལུས་ཤིང་ཁྱིམ་གྱི་ལས་བྱ་ཡོད་ཚད་ཕ་རྒན་གྱི་ཐོག་ཏུ་བབས། ཁྱིམ་ལས་དེ་ཁོང་ཉིད་གཅིག་པུས་མི་ལྕོགས་སྟབས་ཁྱིམ་མཚེས་བཀྲ་ཤིས་ཉི་མ་སོགས་ཀྱིས་རོགས་ཅི་ཐུབ་བྱས་ནའང་ཕ་རྒན་ནི་ཁ་ལ་ཆང་ཞིག་རག་ཚེ་ནང་གི་ལས་བྱ་རྣམས་རྩིས་མེད་སྣང་མེད་དུ་གཡུག་གིན་ཡོད་པས་ཁྱིམ་མཚེས་བཀྲ་ཤིས་ཉི་མ་སོགས་ཀྱིས་སེམས་ཚེགས་དང་སྙིང་ཉེ་ཡིས་ཁེར་རྐྱང་དུ་གནས་སྟངས་འདི་འདྲའི་ངང་འདུག་ན་ཁྱིམ་ཚང་འཁྱོངས་ཐབས་མེད་པས། ཆུང་དུས་ནས་གྲྭ་པར་བརྫངས་བའི་རང་གི་བུ་བསྟན་འཛིན་ན་ཚོད་ཀྱང་ལོན་ཡོད་པས། ནང་དུ་སྐད་བཏང་ནས་མནའ་མ་ཞིག་བསུས་ན་ལེགས་ཚུལ་ཐེངས་མང་ཞུས། སེམས་སྡུག་གིས་མནར་བཞིན་པའི་ཕ་རྒན་ཡང་ད་ལྟའི་རང་གི་དཀའ་སྡུག་སེལ་བའི་རེ་བ་ཉག་གཅིག་ནི། རང་གི་བུ་ནང་དུ་སྐད་གཏོང་བ་འདི་ལས་ལེགས་པ་ཞིག་མེད་པར་དྲན་ནས། ངག་ཐོག་ནས་ལན་བསྐུར་བ་དང་། ཁ་པར་བརྒྱུད་ནས་འབྲེལ་བ་ཐེངས་མང་བྱས་ཏེ། ཁྱོད་ནི་ནང་གི་བུ་གཅིག་དང་། ཁྱིམ་ཚང་འདིའི་མ་འོངས་རྒྱུད་འཛིན་ཡིན་པས། སྔ་རྗེས་སུ་གང་ལྟར་ནང་དུ་ཡོང་དགོས། ཨ་མ་ཚེ་ལས་འདས་པ་ནས་བཟུང་ཁྱིམ་གྱི་ནང་ལས་དང་ཕྱི་ཡི་ལས་ཀ་རྣམས་མི་གཅིག་གིས་ལས་ཐབས་བྲལ་བས། ད་ལྟའི་དཀའ་སྡུག་འདི་འདྲ་ཞིག་གི་སྐབས་སུ་ཕ་རྒན་གྱི་ལས་རོགས་སུ་ཡོང་དགོས་པའི་རེ་བ་ཐེངས་མང་བརྗོད། འོན་ཀྱང་བསྟན་འཛིན་གྱི་དང་ཐོག “འོ་ཡ་ཡ། ལོ་རྗེས་མར་སྟབས་འགྲིག་ན་ལྟ་ཆོག” ཅེས་ཕ་རྒན་གྱིས་སྐར་ཆ་ཁ་ཤས་ནང་སྡུག་སྐད་ལུང་པ་གང་བརྒྱབ་པ་ལ་བསྟན་འཛིན་གྱིས་ལན་བསྡུས་པ་ཞིག་བརྒྱབ་ནས་ཁ་པར་གྱི་སྒོ་བརྒྱབས། ཕྱིས་ཕྱིས་སུ་ཁ་པར་ཡང་མི་ལེན་པར་གོ་མེད་ཚོར་མེད་དུ་གྱུར། དེ་ལྟར་ལོ་ངོ་དྲུག་ལྷག་སོང་ཡང་བུ་བསྟན་འཛིན་ནང་དུ་ཡོང་རྒྱུ་མེད་པ་མ་ཟད། འབྲེལ་ཐག་ཆད་དེ་གར་ཡོད་འདིར་ཡོད་མེད་པར་གྱུར།

སྔར་ཡོད་ཀྱི་སེམས་སྡུག་སྟེང་ཕྱིས་ཀྱི་གདུང་བ་ལྷག་པོ་ཞིག་བསྣན་པའི་ཕ་རྒན་ནི། སྔར་བཞིན་གཙང་ཆུའི་བཞུད་ལམ་ལས། མིག་ཟུང་ནང་དུ་བརྡིབས་ཏེ་སྐྲ་ལོ་ཟང་ཟིང་ངང་ཁ་ཆུ་ཟགས་བཞིན། ཚིག་ཐོན་ལ་མ་ཐོན་པའི་ཁེར་ལབ་ཅིག་གིས་སུ་ཞིག་ལ་སྡིགས་མོ་བྱེད་ཀྱིན་གོམ་ཁ་འཁྱར་འཁྱོར་དུ་གང་ཞིག་ལ་བསྐྱོད་བཞིན་མཆིས།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།