མཐོ་སྒང་གི་འཚོ་བ།

ལོ་རིམ་གསུམ་པའི་སློབ་གཉེར་བ། པདྨ་བཀྲ་ཤིས།

གཅིག

བློ་ལྡན་ནི་འདི་ནས་ཡར་བརྩིས་པའི་མི་ལོ་ཉི་ཤུ་ཏག་ཏག་ཁོ་རང་གི་སྐྱེས་ཡུལ་ལ་སོང་མེད། ད་ལྟ་ཁོ་གནས་སྡོད་བྱེད་ས་ནི་ཕྱི་གླིང་ཧྥ་རན་སིའི་རྒྱལ་ཁབ་ཏུ་ཡིན་པ་དང་། ཁོ་རང་གི་སྐྱེས་ཡུལ་ནས་དང་པོ་འོང་སྐབས་བྱིས་པ་ལོ་དྲུག་གི་ན་ཚོད་ཅིག་ལས་གང་ཡང་མིན་ནའང་བྱམས་བརྩེ་ཅན་གྱི་ཕ་མའི་རེ་བ་ལྟར་དུ་རྒྱུས་མེད་མི་ཡུལ་ལ་འགྲིམས་པའི་ལས་ལ་བསྐོས། སྐབས་དེ་དུས་ཁོས་གཞི་རིམ་སློབ་གྲྭ་ཞིག་ཏུ་འཛུལ་ཞུགས་བྱེད་ཐུབ་ཙམ་བྱུང་ནས་ག་ལེ་ག་ལེར་ཁོ་ཡི་བློ་གྲོས་དང་བརྩོན་པ་རྒྱུན་སྐྱོང་གི་མཐུ་ལས་འབྲིང་རིམ་གྱི་སློབ་མཐར་ཕྱིན། བར་སྐབས་སུ་ཁོ་ནང་པའི་གཞུང་ལུགས་དང་ལྟ་གྲུབ་ལ་ཐོས་བསམ་བྱེད་འདོད་ཀྱི་འདུན་པ་འགོག་མེད་ཅིག་སྐྱེས་ནས་གདན་སའི་བཤད་གྲྭ་ཆེན་མོ་ཞིག་ཏུ་འཛུལ། འཛིན་གྲྭའི་ཐེམ་སྐས་རིམ་གྱིས་བགྲོད་དེ་སློབ་དཔོན་གྱི་མཚན་གནས་ཐོབ་པ་མ་ཟད་བསྐྱར་དུ་ཕྱིའི་ཚན་རིག་གི་སྐོར་ལ་སློབ་སྦྱོང་བྱེད་པར་མོས་ནས་ནུབ་ཕྱོགས་ཧྥ་རན་སིའི་མཐོ་སློབ་གྲགས་ཆེན་ཞིག་ཏུ་ཞུགས་ཏེ་རིག་པའི་རྟ་ཕོར་བཞོན་ཅིང་བརྩོན་འགྲུས་ལྕག་གིས་འབྲབ་སྒང་ལ་ཡིན་པ་མ་ཟད་གནའ་དེང་གི་མི་རབས་སྔ་ཕྱི་དང་རིག་གཞུང་གི་འགྱུར་འགྲོས་ཐད་ལ་ཞིབ་འཇུག་བྱེད་མུས་རེད།

ད་ལོའི་གུང་སེང་ལ་བློ་ལྡན་གྱི་མ་མ་དང་ཁོ་རང་། ད་དུང་གྲོགས་འཁོར་འགའ་དང་ལྷན་དུ་མཐོ་སྒང་གི་ས་ཆར་སྤྲོ་འཁྱམ་འགྲོ་རྒྱུའི་གྲོས་མོལ་བྱུང་། སྤྱིར་བློ་ལྡན་ལ་མཚོན་ན་མཐོ་སྒང་ནི་ཁོ་ཡི་གཞིས་ཁྱིམ་ངོ་ཐོག་དེ་ཆགས་ཡོད་ནའང་ཁོ་གཞིས་ཁྱིམ་དང་གྱེས་བྲལ་དུ་སོང་ནས་མི་ལོ་ཧྲིལ་པོ་ཉི་ཤུ་འདས་པའི་སྟབས་ཀྱིས་གཉེན་ཉེ་འབྲེལ་དང་ཕ་ཁྱིམ་དྲན་པའི་ན་ཟུག་ཐེངས་གཅིག་ཀྱང་འབྱིན་མྱོང་མེད་ཅེས་བཤད་ནའང་ཆོག ཞེ་ལ་ཐོགས་པའི་སྐད་ཆ་ཚིག་གཅིག་ཀྱང་ཕ་ཡུལ་ལ་བསྐུར་མྱོང་མེད། གནས་སྟངས་དེ་ནི་བློ་ལྡན་ཁོག་ཆེ་ཞིང་ཞེ་གནག་པའི་ལན་པས་ཅིས་ཀྱང་མིན། སྔོན་མ་ཆུང་བྱིས་པ་ལོ་དྲུག་གི་ན་ཚོད་ལ་སོན་མ་ཐག་ཕ་ཡུལ་དང་གྱེས་པའི་རྫོངས་སྟ་བརྒྱབ་ནས་ལོ་ཟླ་དུ་མ་ཞིག་གི་ནང་ལ་ཕ་མ་སྤུན་མཆེད་རྣམས་ཀྱིས་དྲན་གསོའི་ཚུལ་དུ་ལག་རྟགས་སམ་བསྐུར་མ་རྐང་གཅིག་ལག་ཏུ་འབྱོར་མེད་ཅིང་ཐ་ན་ཡིག་ཐུང་སྣེ་གཅིག་གིས་ཕན་ཚུན་བརྩེ་སེམས་མཚོན་པར་མ་ནུས་པས་ཡིན་སྲིད། ད་ལོ་བློ་ལྡན་མཐོ་སྒང་ལ་ཆས་པ་དེ་ཡང་དོན་ལ་ཕ་ཡུལ་ཕྱོགས་ན་གནས་པའི་ཕ་མ་དང་ཉེ་འབྲེལ་ཐུག་འཕྲད་བྱེད་པར་རིངས་ནས་འགྲོ་བ་མ་ཡིན་ཏེ། དམིགས་ཡུལ་ངོ་མ་ནི་ས་ཆ་ངེས་མེད་སྐོར་སྐྱོད་བྱེད་ཞོར་དུ་གནའ་དེང་གི་མི་རབས་བར་གྱི་འཚོ་བའི་ཁྱད་པར་དང་རིག་གཞུང་འཕེལ་གྲིབ་སྐོར་ལ་ཞིབ་འཇུག་བྱེད་ཕྱིར་ཕྱིན་པ་ཡིན།

གཉིས་པ།

བློ་ལྡན་གྲོགས་འཁོར་དང་བཅས་བལ་ཡུལ་ནས་ཞག་མ་བཅུ་ཡི་རྗེས་ཕ་ཡུལ་མཐོ་སྒང་དུ་སླེབས། ཁོ་ནི་རང་གི་གཞིས་ཁྱིམ་དྲོད་མོར་སླེབས་ནའང་སོ་སོའི་ཕ་ཁྱིམ་གྱི་བྲོ་བ་ཅི་ཡང་རྙེད་མེད་ཁར་གློ་བུར་གྱི་མགྲོན་པོའི་ཚོར་སྣང་ཞིག་ལས་གང་ཡང་ཚོར་མེད། ཧ་ལས་ཧང་སང་དགོས་པ་ཞིག་ལ་བློ་ལྡན་གྱི་ཕ་མས་ཁོ་ཐུག་རྒྱུར་ལོ་ནས་ལོ་མཐུད་དེ་ངང་སྒུག་བྱས་སྟབས། ཕྲ་ཞིང་རིང་བའི་ཁོ་ཡི་གཟུགས་བྱད་དང་འཛུམ་གྱིས་ཁེངས་པའི་ངོ་གདོང་མཐོང་ན་ངེད་རྒན་རྒོན་གཉིས་ཀྱི་མི་ཚེའི་མཇུག་རྫོགས་ཀྱང་རྩ་བ་ཉིད་ནས་མི་འགྱོད་ཅེས་ཁ་ཞེ་གཉིས་སུ་མེད་པའི་ཕ་མ་གཉིས་པོས་ཁོ་བོའི་ཡ་ཐོད་གཉེར་རིས་སུམ་རྩེགས་ཅན་དེ་དང་དབུ་ཐུག་བྱས་ལོང་མེད། དགའ་སྣང་འཕྲོ་རྒྱུ་ཤུགས་ཆེ་དྲགས་ཏེ་མིག་ཟུང་གཉིས་ནས་རྡོལ་བའི་མཆི་མས་མཁུར་ངོས་མ་ལུས་བརླན་ཅིང་། མིད་པ་བརྣངས་པའི་འཚམས་འདྲི་ལྡབ་ལྡིབ་དེ་ཞུ་སྐབས། བློ་ལྡན་ནི་ཁྱད་གསོད་ཀྱི་རྣམ་པས་ཁྲེལ་དགོད་དང་འདི་གཉིས་བདག་གི་ཕ་མ་ཡིན་དོགས་མེད། གལ་ཏེ་ཡིན་ན་སྔོན་མ་ང་བྱིས་དུས་ཕོ་རོག་སྨུག་ཁྲོད་བསྐྱལ་པ་ལྟར་ཆ་རྒྱུས་གང་ཡང་མེད་པའི་ལུང་པ་ལ་བསྐྱལ་ནས་མཁོ་བའི་མཐུན་རྐྱེན་རྐང་གཅིག་སྦྱར་མེད་པ་མ་ཟད་བདེ་ཐང་ཡིན་སྐོར་གྱི་འཕྲིན་ཐུང་ཞིག་ཀྱང་བཏང་མྱོང་མེད་དོན་ཅི་ཞིག་ཏུ་འཁུམས། རྟོག་པའི་གཞུ་མོ་ནང་ལ་བཀུག་སྟེ་འཐོམ་འཐོམ་མེར་ལུས། ཡུན་རིང་རྗེས་ཕ་མ་ཐུག་འཕྲད་བྱུང་བའི་སྐྱིད་སྣང་གི་རྫི་ཙམ་ཡང་མེད་པ་དེ་ཡིན། དོན་དངོས་སུ་ཕ་མས་བློ་ལྡན་ལ་བཅངས་པའི་བརྩེ་སེམས་དང་ཡིད་ཆེས་ཀྱི་ཟབ་ཚད་ནི་གཏིང་དཔོག་དཀའ་བ་ཞིག་ཡིན་ནའང་། མཐོ་སྒང་གི་ཕྱོགས་ལ་དྲྭ་ལམ་མེད་པ་དང་གནམ་ས་མཐོ་དམན་བཞིན་ས་ཚིགས་རི་ལུང་བར་མེད་ཀྱིས་བཅད་སྟབས་བློ་ལྡན་གྱི་གྲིབ་གཟུགས་ལྷན་དུ་ཕ་མའི་བརྩེ་སེམས་ནམ་ཡང་འབྲལ་མེད་དུ་གནས་ཀྱང་འབྲེལ་འདྲིས་བྱ་རྒྱུའི་གོ་སྐབས་གསེར་ལས་དཀོན་པས་ཡིན།

ད་ནི་དཔྱིད་ཟླ་གསུམ་པ་ཚེས་ཟིན་པས་གྲོང་མི་རྣམས་སོས་ལས་བྲེལ་འགོ་བརྩམས་ཡོད། ཞིང་ཁའི་ཟར་ཟུར་གྱི་རྡོ་ཧྲུག་དང་གད་སྙིགས་དག་བརྫུམས་ནས་འབོ་བ་དང་ས་ཞིང་ངོས་སྙོམས་པའི་ཆེད་དུ་རྫ་ལས་བྱེད། དེའི་མཇུག་ཐོགས་སུ་ཡུལ་མི་ས་གཞི་གྲོང་ཁང་ཅན་ཡོད་ཚད་མཉམ་གཅིག་ཏུ་འཛོམས་ཏེ་ཡུར་མ་འདོན་པ་དང་། ཡུར་བ་བཏོན་ཟིན་ནས་དུད་ཁྱིམ་གཅིག་ཀྱང་མ་ལྷག་པར་མི་སྣ་རེ་འཛོམས་ནས་ཆུ་རྒྱན་1རྒྱག་སྲོལ་ཡོད།

གྲོང་བདག་སོ་སོའི་ཆུ་འཆུ་རེས་གོ་རིམ་སྔ་ཕྱི་སུ་ཁེལ་རིམ་བཞིན་ཕུ་ཆུ་དྲངས་ནས་རྫིང་ཆུ་བསྐྱིལ་དགོས་པ་དང་། ཉིན་ཕྱི་མའི་ཞོགས་པའི་ཉི་འོད་འཕྲོ་བ་དང་སུ་མགྱོགས་ཚུལ་དུ་ས་ཞིང་འཆུ་བ་དང་། ཆུ་བཅུས་རྗེས་ཞག་མ་གཉིས་ཞིང་སྐེམ་པར་བྱེད། བསྐམས་ཚར་ནས་ཡུལ་མི་ཕན་ཚུན་བསྡེབས་ཏེ་ཞིང་ཁ་འདེབས་ཀྱི་ཡོད། སྣེ་ཁྲིད་ཀྱིས་རྨོས་རྟ་ཁྲིད། ཐོང་མཁན་གྱིས་ཞིང་ཁ་རྨོ་བ་དང་ལས་རོགས་ཕོ་གཞོན་མོ་གཞོན་མཉམ་རུབ་ཀྱིས་ཏོག་བཤད་རེ་འཐེན་འོངས་ན་གྲོག་ཚང་རྡོལ་བ་ལྟར་ས་གཞི་གཡོ་འགུལ་གཏོང་བ་དང་གླུ་སྒྲའི་དབྱར་རྔས་ལུང་པ་ཡོམ་དུ་འཇུག་པ་ཡིན།

གསུམ་པ།

གཟའ་སྐར་འཕྲོད་སྦྱོར་དགེ་བའི་གནངས་ཉིན་ནི་སྔར་རྒྱུན་བཞིན་ཞོགས་པ་ཐོ་རེངས་སྐྱ་བརྡ་གཏོང་ལ་ཉེ་དུས་དབྱར་ས་ལ་གྲོང་འབྲོག་རྣམས། གཡང་དཀར་ལུག་གི་འབའ་སྒྲ་ལྡིར་ལྡིར་དང་། ཅང་ཤེས་རྟ་ཕོའི་འཚེར་སྐད་ལྷང་ལྷང་ངེ་། ནོར་གནག་འབྲི་གཡག་ངུར་སྒྲ་འུར་དི་རི། སྒོ་ཁྱི་རྒྱ་བོའི་ཟུག་སྐད་ངར་ཚད་དེ་དབྱར་ས་ལ་སྐྱས་འདེགས་པ་ཡིན། བློ་ལྡན་ནང་མི་ལའང་ར་ལུག་ཆིག་བརྒྱ་ཟིན་ལ་ཉེ་བ་ཞིག་ཡོད་པ་ཁྱིམ་མཚེས་བཀྲ་ཤིས་ཚང་གི་གྲོང་མོ་2མེ་ཏོག་སྒྲོན་དཀར་ལ་ཡིད་ཆེས་བློ་ཁེལ་གྱིས་སྲོང་རོགས་ཞེས་རེ་སྐུལ་བྱས་པ་བཞིན་མོས་ཀྱང་བློ་ལྡན་ནང་མི་ལ་ས་གཞི་གྲོང་ཁང་རྒྱ་ཆེ་བ་མ་ཟད་ཁྱིམ་གྱི་ཕུ་མདོ་གཉིས་ཀའི་ལས་འགན་ཁུར་མཁན་བློ་ལྡན་གྱི་ཨ་མ་བཀྲ་ཤིས་ཆོས་དང་ཕ་རྒན་དཔལ་འབྱོར་གཉིས་ལས་མེད་སྟབས་ཁ་སངས་ངོ་ཡངས་ཀྱི་སྒོ་ནས་ཁས་ལེན་བྱས། ཡུལ་གཅིག་གི་ལང་ཚོའི་མྱུ་གུ་སྨིན་བཞིན་པའི་བློ་ལྡན་གྱི་ན་མཉམ་ཚོ་ཡང་རྒྱགས་ཕྱེ་དང་མལ་གོས་འཁྱོགས་ཚོད་རེ་ཁུར་ནས་ཧ་ལམ་དབྱར་ས་ཕྱོགས་ལ་བྲེལ་འཚུབ་འཚུབ་ངང་། དབྱར་རྩྭ་དགུན་འབུ་འཐུ་རུ་སོང་ཟིན། ཁྱིམ་ཤུལ་དུ་མི་སྐད་གོ་རྒྱུ་ལྟ་ཅི་ཡོད་ཁྱི་སྐད་ཙམ་ཡང་མེད་ལ། འཇམ་ཅག་གེར་མི་མེད་ལུང་སྟོང་ཞིག་དང་ཧ་ཅང་མཚུངས་པས། མཚན་མོ་རྨི་ལམ་གྱི་ཡུལ་ལྗོངས་སུ་ཆས་རན་པའི་དུས་ལ་སླེབས་ཀྱང་བློ་ལྡན་ནི་གཉིད་ཀྱི་རྫི་ཙམ་ཡང་མེད་པར་སྐྱོ་ཡུས་དང་བཅས། ཁང་ཐོག་ལ་བསྐྱོད་ནས་སྔོ་སངས་བུ་མོའི་བཞིན་རས་ལ་ཅེར་ཏེ་ཤིན་ཏུ་ཡིད་མུག་པའི་ཚུལ་གྱིས་ངན་པ་རེ་འཐེན་ཞོར་ལྟག་པ་དགྱེད་ནས་ཇི་ཙམ་རྒྱང་ལྟ་བྱས་རུང། སྔོ་སངས་བུ་མོའི་སྒེག་ཉམས་ཀྱི་གཟུགས་གདོས་མིག་ཏུ་སྤྲུལ་ནས་འདར་སྐྱོམ་སྐྱོམ་གྱི་མིག་འཚུམ་དང་། དགའ་བའི་ཟོལ་གྱིས་ཟུར་མིག་གི་མདའ་མོ་འཕེན་སྟངས་ལ་བསམ་གཞིག་བགྱིས་ན་ཡིད་གཏིང་ནས་མི་སྐྱོ་བའི་རང་དབང་རང་མི་འདུག བློ་ལྡན་ལ་མཚོན་ན་མཚན་ཐུན་དེ་ནི་ལོ་ཟླའི་ཡུན་ལས་མ་འདས།

གཞིས་བྱེས་གྱེས་ནས་བདུན་ཕྲག་གསུམ་གྱི་རྗེས་སུ་བློ་ལྡན་སྐྱོ་ཡུས་དང་འཚེར་སྣང་གིས་མནར་བའི་སྐམ་རིད་ཀྱི་ལུས་དེའང་ཡར་གསོ་ཇེ་མགྱོགས་ནས་ཇེ་མགྱོགས་སུ་འགྲོ་བ་མ་ཟད་ཡུལ་ལྗོངས་ཀྱི་རྣམ་པ་ཅི་འདྲའི་མཛེས་སྡུག་ལྡན་པ་ཞིག་ཏུ་གྱུར་ཚར། ཁ་སང་ཟླ་བ་གཅིག་གི་སྔོན་ལ་བཏབ་པའི་ཞིང་ཁར་མིག་ལ་མཛེས་པའི་ལྗང་སྨྱུག་འབུས་པ་དག་བསིལ་རླུང་ལྡང་ཐེངས་རེར་བྲོ་གར་གྱི་རྣམ་པས་རྐྱང་སྐུམ་འདེགས་འཇོག་མ་གྲོས་གཅིག་ཏུ་མཐུན་པའི་མགོ་ལྕོག་ལྡེམ་ལྡེམ་པོའི་སྙེ་མ་དེ་དག་ཅི་འདྲའི་ཡིད་དུ་འོང་བ་ཞིག་རེད་ཨང་། མ་བཅོས་པའི་མཛེས་སྡུག་དེ་དག་ནི་བློ་ལྡན་ལ་སེམས་གསོ་བྱེད་མཁན་གྲོགས་པོ་ལྷད་མེད་ཅིག་ཡིན་ངེས།

བཞི་པ།

ནམ་ཟླའི་འཁོར་སྐྱོད་ནི་འཇིག་རྟེན་གྱི་རྟ་ཕོ་མགྱོགས་ཤོས་དེ་ཡིན་སྲིད། ད་ནི་དབྱར་ཟླ་ལྔ་པའི་ཟླ་མཇུག་ཚེས་ཚར་ནས་རི་ཀླུང་མར་དབྱར་རྩྭ་དགུན་འབུ་སྐོ་མཁན་གྱི་འགྲུལ་པ་དག་ཕྱིར་ལོག་ནས། ཡུལ་གྲོང་ལ་མི་ཚོགས་ཇེ་མང་ནས་ཇེ་མང་དུ་འགྲོ་མུས་ཡིན། དབྱར་ཁའི་ལྷས་ར་ནས་ལོག་འོང་མཁན་ཡུལ་མི་རྣམས་ཀྱིས་བཤད་ལུགས་ལ་ཉན་ན་ད་ལོ་དབྱར་རྩྭ་དགུན་འབུ་ལེགས་པོ་བྱུང་ཚུལ་གླེང་གིན་ཡོད།

དབྱར་ཟླ་དྲུག་པའི་ཚེས་པ་བཅུ་གསུམ་ཉིན་ནི་མཐོ་སྒང་གི་ཡུལ་མི་རྣམས་ཡུལ་ལྷའམ་ཕོ་ལྷ་གསོལ་མཆོད་ཟབ་རྒྱས་བྱེད་སྲོལ་ནམ་རྒྱུན་ནས་ཡོད་པ་བཞིན་ད་ལོ་ཡང་ཡུལ་ལྷ་གསོལ་མཆོད་བྱ་རྒྱུའི་གཏན་ཁེལ། འབྱེད་སྒོ་འདི་ནི་ཕ་མེས་ཀྱི་རིག་གཞུང་དག་མ་གསེར་ལྟ་བུ་ཞིག་ཡིན་པ་དང་ལོ་འཁོར་གཅིག་ལ་ཐེངས་གཅིག་ལས་མེད་སྟབས་གོ་སྐབས་དམ་འཛིན་བྱེད་པར་ལོས་སྤྲོ། དམིགས་བསལ་དབྱར་སྐྱིད་ངོ་ཐོག་ཡིན་ཟེར་ན་མི་ཆོག་པ་གང་ཡང་མེད། ནེའུ་གསེང་ཆུ་སྐྱེས་ཀྱིས་བལྟམས་པའི་སྤང་ལྗོངས་སུ་རྟ་མདོ་བའི་རྒྱུག་རྩལ་འགྲན་རེས་དང་སྒྱུ་རྩལ་ལྡན་པའི་ཁྲབ་སྟོན་ཅི་ཡང་ཡོད། གལ་ཏེ་དུས་ཐོག་ཏུ་གསོལ་མཆོད་བྱེད་མ་ཁོམས་པ་སོགས་བྱུང་ན་ཡུལ་ལྷ་ཞི་བདག་ཁྲོས་པའི་ཆོ་འཕྲུལ་ལས་དབྱར་ཆར་ཞོད་ཀྱིས་ཕོངས་ནས་སོ་ནམ་པའི་ལོ་ཏོག་དང་། རྟ་ནོར་ཕྱུགས་རིགས་ཀྱི་ལྟོ་ཁ་འགེང་བའི་རྩྭ་རྩི་ཤིང་སད་ཀྱིས་འཁྱེར་ནས་ཞིང་འབྲོག་གཉིས་ཀ་ལ་མུ་གེའི་འཇིགས་པ་འོང་བའི་གཏམ་རྒྱུད་ཀྱང་ཡོད། དེར་རྟེན་ཡུལ་མི་རྣམས་ཀྱིས་གལ་ཆེན་བརྩིས་ནས་གྲོང་པའི་མཁར་རྒན་རྣམས་འབུ་རས་དཀར་པོ་སྟོད་ལ་གཡོགས། སྣམ་བུ་ཕྱུ་བ་སྨད་ལ་བཀླུབས། སྟོང་སྐུད་དམར་པོ་ཐོད་ལ་དཀྲིས། གསེར་དངུལ་སོར་དུབ་ལག་ལ་བརྒྱུས་པ་སོགས་ཟབ་སྤྲོས་རྒྱ་ཆེར་བྱས་ཏེ་མདོ་རིག་རྟ་བོའི་རྒྱུག་རྩལ་ཕུར་ནས་འགྲན། ཆ་ལུགས་ཆས་གོས་བཟང་ངན་གཤིབས་ནས་འགྲན་པ་ཡིན། ཁྱིམ་གཞིས་འཛིན་པའི་ཨ་མ་རྣམས་གནག་སྣུམ་སྐྲ་ལོའི་ལྷས་མ་ཐུར་དུ་བསླས། གཡུ་དང་བྱུ་རུའི་རྡང་བསྐོར་སྐེ་ལ་བཏགས། རྒྱབ་གོས་སྐམ་ལོ་གྲུ་བཞི་རྒྱབ་ནས་སྐོར། སྨད་དཀྲིས་འཇའ་ཐིག་རང་ཤར་སྐེད་ལ་དཀྲིས། གསེར་དངུལ་ཁུག་མ་ཟུར་གསུམ་མདུན་ནས་དཔྱངས། འབུར་བའི་ཕྲ་རྒྱན་བཏབ་པའི་སྡིག་ར་3བྲང་ངོས་སུ་གཟར་ནས་གཞས་དང་ཞབས་བྲོའི་བྲོ་ར་ཐང་ལ་བཀྲམ། བཟའ་བཏུང་སྣ་ཁག་དགུ་འཛོམས་སྤང་ཁར་བཤམས་ནས་དགའ་སྟོན་རོལ་པ་ཡིན། རྣམ་རིག་བཀྲ་བའི་བྱིས་པ་ན་ཟླ་ཚོ་མཉམ་དུ་འགྲོགས་ནས་མདའ་གཞུ་ལག་ཏུ་ཐོགས་ཤིང་ཤོག་སྒམ་གྱིས་བཟོས་པའི་ཞྭ་མོ་མཚོན་མདངས་བཀྲ་ཞིང་རྩེ་ལ་སྔོ་དམར་ལྗང་གསུམ་གྱི་རས་སྣ་བསྒྲེངས་པ་རེ་གྱོན། ཕས་རྒོལ་སྙིང་རྩ་ཞིབ་མོར་གཏུབ་པའི་རལ་གྲིའི་ཚབ་ཏུ་ལྕགས་འདུམ་རེ་སྐེད་ལ་གཟར་ནས་ཧོར་གླིང་གཡུལ་འགྱེད་དང་ལྗང་གླིང་གཡུལ་འགྱེད་ཀྱི་ཚུལ་དུ་འཐབ་འཛིང་གི་རྩེད་མོ་རྩེ་བ་དང་། རྣལ་འབྱོར་གྱི་རྩེ་མོ་མི་ལའི་མགུར་འབུམ་དང་པདྨ་འོད་འབར། སྣང་ས་འོད་འབུམ་སོགས་ཀྱི་རྣམ་ཐར་དགུན་དུས་རྒན་རབས་རྣམས་ཀྱི་བརྒྱུད་ནས་མཐོང་ཐོས་བྱུང་བ་དག་ཁོང་ཚོས་ཟློས་གར་སྣ་ཚོགས་ཤིག་འཁྲབ་ཀྱིན་ཡོད། བྱིས་པའི་བློ་རིག་ནི་ཆུ་ཤེལ་ལྟར་དྭངས་ཤིང་སྤྲོ་སེམས་ཀྱི་འཆར་སྒོ་དགུང་ལས་མཐོ་བས་རྩེད་ར་ན་བློ་ལྡན་གྱི་པར་ཆས་སྒོར་དབྱིབས་ཅན་དེ་སྐེ་ལ་བཏགས་ནས་ཆུང་བྱིས་དུས་འཚོ་བ་ལ་ཕྱིར་དྲན་མི་བྱེད་ཀ་མེད་དུ་གྱུར། ངོ་མ་ཕོ་ལྷ་གསོལ་མཆོད་བྱེད་སྟངས་དེ་ནི་ཆོས་དང་འཇིག་རྟེན་གཉིས་ཀའི་ལུགས་དང་མཐུན་པ་ཅི་འདྲའི་ཡིད་འོང་གི་མཛེས་སྡུག་ལྡན་པ་སྨྲ་བརྗོད་ཀྱི་ཡུལ་ལས་འདས།

ལྔ་པ།

ད་ལྟ་ནམ་ཟླ་དབྱར་གྱི་དགུང་བོད་ཟླ་བདུན་པའི་ཟླ་མཇུག་སླེབས་ཟིན་པས་ལོ་ཏོག་སྨིན་རྒྱུར་ཧ་ཅང་ཉེ་ཞིང་། ཡུལ་མི་རྣམས་དབྱར་ཚོང་ལ་འགྲོ་བའི་སྐབས་དང་ཁེལ། མཐོ་སྒང་ཚང་གི་བྱང་ཚོང་འགྲོ་ས་ནི་ཉིན་གཅིག་གི་ལམ་ཐག་ལས་མེད་པའི་གངས་ལྗོངས་བོད་ལས་གཞན་གང་ཡང་མིན། མཐོ་སྒང་དོལ་པོའི་ས་ཚིགས་དང་ལ་མོ་གཅིག་གི་མདུན་རྒྱབ་ལ་གནས་ཡོད། བློ་ལྡན་ད་ལོ་ཕ་ཡུལ་མཐོ་སྒང་དོལ་པོ་ལ་སླེབས་ནས་མ་བཅོས་ལྷན་སྐྱེས་ཀྱི་འཚོ་བ་སྐྱེལ་སྟངས་སྐོར་ལ་རྒྱུས་ལོན་ལེགས་པོ་བྱུང་སྟབས་མཐོ་སྒང་ལ་ཐིམ་པའི་སེམས་ཁམས་རྣལ་མ་ཞིག་སྐྱེས་པ་མ་ཟད་མཐོ་སྒང་གི་ཡུལ་མི་དཀྱུས་མ་ཞིག་ཏུ་གྱུར་ཟིན།

དེ་ལྟར་བློ་ལྡན་ཡང་བྱང་ཚོང་ལ་འགྲོ་རྒྱུའི་ནང་མི་ལྷན་འཛོམས་ཐོག་མང་མོས་བྱུང་བ་བཞིན་ཁོ་བོ་བོད་ལ་འབྱོར་ནས་ཞག་མ་གསུམ་པ་དེ་ཆགས་ཡོད་སྟབས། ཡང་མེས་ནས་མི་རབས་དང་མི་རབས་བར་འབྲེལ་བའི་ཁོང་ཚོ་ནང་མིའི་གནས་ཚང་གིས་བློ་ལྡན་དཔལ་འབྱོར་གྱི་བུ་གཅིག་པུ་དེ་ཡིན་པར་ངོ་འཕྲོད་ནས། ཉེ་སྣང་དང་བརྩི་བཀུར་ཞུ་སྟངས་ལ་གཞིགས་ན་ཕལ་ཆེར་ལྷད་མེད་ཀྱི་བརྩེ་སེམས་དེ་ཕ་མེས་ནས་བར་མ་ཆད་པ་བརྒྱུད་ཚུལ་མངོན་གྱུར་དུ་དཔོག་ཐུབ།

ཡུལ་མི་རྣམས་རྟ་དྲེལ་དང་མཛོ་གཡག་དག་ལ་བྱང་ཟོག་བཀལ་ནས་ཕྱིར་ལོག་འོང་བའི་ཁྲོད་ནས་བློ་ལྡན་ནི་འཛུམ་ཤིག་ཤིག་ངང་མཐོ་སྒང་གི་ཡུལ་དུ་འགྲུལ་པ་དང་ཤོས་གྲས་སུ་སླེབས་པ་དང་། དབྱར་རྩྭ་དགུན་འབུ་དང་བཅའ་དངོས་ཉོ་ཚོང་གི་རིགས་སྔ་ལོ་དང་བསྡུར་ན་ད་ལོ་རྦད་དེ་ཡག་རབས་གཞིས་ཀྱི་ཡུལ་མིའི་རྣ་བའི་བུ་གར་གཏམ་བཟང་གི་གླིང་བུ་སྙན་མོ་དེ་ཁོས་བུས་པ་ཡིན།

ད་ནི་སྟོན་ཟླ་ཚེས་པ་འདྲ། ངོས་ཡངས་པའི་ཞིང་ཁའི་སྙེ་མ་དང་འབྲུ་རིགས་གཞན་དག་སེར་ཐིང་ཐིང་དུ་གྱུར་པ་དང་ཞིང་པ་རྣམས་སྟོན་ལས་བྲེལ་འགོ་བཙུགས་པའི་ཁྲོད་ན། ལས་མི་མོད་པའི་ཁྱིམ་ཚང་རེ་འགའ་ནི་བཙས་མ་བརྔས་ཚར་བ་མ་ཟད་གཡུལ་རའི་ནང་སྙེ་མ་བསྐྱས་པ་དག་བསྟར་ཕྲེང་ཚོམ་བུ་བཀོད་པ་ལྟར་ཅོག་ཀྱང་བརྒྱབ་ཟིན། བློ་ལྡན་ནང་མི་ལ་སོས་སྟོན་དབྱར་གསུམ་ཞིང་ལས་བྱེད་མཁན་ཨ་མ་བཀྲ་ཤིས་ཆོས་དང་ཕ་རྒན་དཔལ་འབྱོར་གཉིས་ལས་མེད་སྟབས་ནམ་ཞག་རྒྱུན་དུ་སྟོན་ལས་རྗེས་ལུས་ཐེབས་ཐེབས་ངང་ཡིན།

ཡུལ་མི་ཁྱིམ་མཚེས་དག་གིས་ཟེར་ན་ད་ལོ་དཔལ་འབྱོར་ཁྱིམ་ཚང་སྟོན་ཐོག་བསྡུ་རྒྱུར་རྗེས་ལུས་ཐེབས་མི་སྲིད། ཁྱོག་སྟོང་4སྟག་འདྲ་བའི་བློ་ལྡན་དམའ་ས་ནས་སླེབས་ཡོད། འོན་ཀྱང་བློ་ལྡན་ནི་འདི་ནས་ཡར་ལོ་གྲངས་དེད་ན་མི་ལོ་ཉི་ཤུ་ཏག་ཏག་གོས་འཇམ་པོས་ལུས་གསོས། ཟས་ཞིམ་པོས་གྲོད་པ་བཀང་། བློ་བདེ་པོས་ཟ་ཉལ་བཀུག ས་འཇམ་པོར་གནས་སྡོད་བཅས་ནས་ཞིང་ལས་དང་འབྲོག་ལས་གང་ལ་ཡང་ཉམས་མྱོང་གི་གོམ་སྣེ་ཐུང་བས་ཕ་མ་གཉིས་ཀྱི་ལས་རོགས་ཡོང་ཐབས་བྲལ། དཔལ་འབྱོར་ནང་མི་ད་ལོར་ཡང་རྗེས་ལུས་ཐེབས་རྒྱུར་བཤད་ག་ལ་དགོས།

དྲུག་པ།

སྟོན་ཟླ་བརྒྱད་པ་ཚེས་པའི་ཟླ་མཇུག་ལ་སྟོན་ཁའི་མཚེར་ས་ནས་གྲོང་འབེབས་ཕྱིར་ཡུལ་ནས་སྐྱས་དཔོན་རྣམས་རྟ་ཁྱུ་རེ་དེད་དེ་ལྷས་ལ་ཆས། ཞིམ་མངར་རྩྭ་ཐང་མུ་མེད་ལུག་གིས་ཁེངས། སྦྲ་གུར་གྲུ་བཞིའི་དུད་སྣེ་གནམ་ལ་བརྐྱངས། ཆོན་ཐག་གྲངས་མེད་འཐིབས་པའི་ཉེ་འདབས་ན། བཙན་པའི་འབྲོག་ཁྱི་རྒྱ་བོ་འཕར་རྩལ་ངོམས། འུར་རྡོ་ཆུ་མིག་དགུ་སྒྲིལ་སྐེད་ནས་དཔྱངས་པའི་ཨ་ཅེ་གྲོང་མོས་སྐྱས་དཔོན་རྣམས་འཛུམ་གྱིས་སྦྲ་གུར་ནང་ལ་སྣེ་ལེན་ཞུས། སང་ཉིན་ཚེས་གཅིག་ལ་གཟའ་སྐར་དགེ་བས་རུ་སྡེའི་གྲོང་འབེབས་རྒྱུར་གཏན་ཁེལ་བྱུང་། འབྲི་གཡག་རྟ་གསུམ་ལ་མར་དང་ཆུར་བའི་ཁལ་བཀལ། གོམ་འགྲོས་ཞིབ་མོའི་རྟ་ལ་གྲོང་མོ་བསྐྱོན་ནས་ཀི་སྒྲ་འུར་དིར་དིར་དང་བཅས་ཡུལ་ལ་སྐྱས་འོང་བའི་ཁྲོད། བློ་ལྡན་ཡང་བྲེལ་འཚུབ་འཚུབ་ཀྱིས་རྫི་རོགས་གཞན་དང་མཉམ་དུ་ཁོང་ཚོ་རུ་སྡེའི་ར་ལུག་ཆིག་སྟོང་ལྷག་ཅིག་ཡོད་པ་དག་དེད་ནས་ལོག་འོང་།

ཡུན་རིང་རྗེས་གཞིས་བྱེས་ལྷན་དུ་འཛོམས་པའི་དགའ་སྤྲོའི་ཚོར་སྣང་ནི་དངོས་གནས་བརྗོད་མི་ཤེས་པའི་གསང་བ་སེམས་ཀྱི་མྱོང་བ་ཁོ་ནར་ཡིན་ངེས། གྲོང་མོ་དང་རྫི་བོ་གཉིས་ཀྱིས་དབྱར་ཐོག་གཅིག་ལ་ཉིན་གྱི་མི་དང་། མཚན་གྱི་ཁྱི་བཞིན་བྱས་ཞེས་པའི་དཔེ་ལྟར་འབད་པ་ལྷོད་མེད་ཀྱིས་བསགས་པའི་ཁྱིམ་ཚང་རེ་ནས་མར་ཆུར་གྱི་ཕུད་ལས་ཞིམ་མངར་བཅུད་གསུམ་ལྡན་པའི་ཐུད་བརྫིས། མར་ཕུད་སྐྲོག་གེ་རེ་དང་ཆུར་ཕུད་སྒྱེ་མོ་གང་ད་དུང་ཆུར་ཞིབ་སོགས་དགོན་སྡེ་ཁག་ལ་ཕུལ་ཟིན་པའི་རྗེས་སུ། ནང་མིའི་ཡོངས་རྫོགས་མཉམ་དུ་འཛོམས་ནས་ཞོ་ཁའི་ཕྱེ་མར་ཞེས་ཡོངས་སུ་གྲགས་པའི་ཞིམ་ཟས་དེའི་བྲོ་བ་མྱོང་བ་སོགས་ནི་རྒན་རབས་རྣམས་ལ་མཚོན་ན་སྲོལ་རྒྱུན་གྱི་ཟས་སྣ་ཞིག་ལས་དེ་ཙམ་དགེ་མཚན་མི་ཆེ་རུང་། ལོ་ན་ཕྲ་བའི་ཕོ་གཞོན་མོ་གཞོན་རྣམས་ལ་ནི་སྟོན་ཚེས་པ་ནས་བཟུང་ཝ་ལེར་དྲན་པའི་མེ་ལོང་ངོས་སུ་འཆར་བའི་ཟས་མཆོག་དེ་ནི་ཞོ་ཁའི་ཕྱེ་མར་ཡིན་པས་བྱིས་པ་ཚོ་ཡི་སེམས་ཐག་ཉེ་ཤོས་ཀྱི་ཟས་ཀྱང་དེ་རང་ལས་མ་འདས། དཀར་ཡོལ་བཀྲ་ཤིས་རྟགས་བརྒྱད་ཀྱི་ཕྱེད་དུ་ཞོ་བཀང་བའི་སྒང་ལ་སྦྲང་དཀར་རྩམ་པ་ལ་ཐུད་མར་ཆུར་གསུམ་དང་། ཀ་ར་བུ་རམ་གྲོ་མ་སོགས་བསྲེས་ནས་བརྫིས་པའི་ཞོ་ཁའི་ཕྱེ་མར་ནི་སྟོན་དུས་སུ་འཚམས་པའི་བཅུད་ལྡན་རོ་མཆོག་ཏུ་གྱུར་བའི་དམིགས་བསལ་གྱི་ཁ་ཟས་ཤིག་ཡིན།

བདུན་པ།

བྱང་ཕྱོགས་མ་ཕམ་གཡུ་མཚོའི་མཚེའུ་ཡི་འདམ་བྱ་ངང་པ་དང་ངུར་བའི་ཁྱུ་ཚོགས་དག་བསྟར་ཕྲེང་བསྒྲིགས་ནས་ནུབ་རྒྱ་མཚོའི་འདབས་སུ་གནས་སྤོ་སྐབས་བྱ་ལམ་གོང་མ་བརྒྱུད་ནས་འགྲུལ་བཞུད་བྱེད་སྐབས་ང་ཚོའི་མིག་ལམ་དུ་མི་མངོན་ན་འང་། གནམ་ངོ་འཚུབ་པའི་སྤྲིན་དང་སྨུག་པ་འཁྲིགས་པའི་རྐྱེན་གྱིས་ངང་པ་དག་བཞུད་ལམ་བསྐྱུར་ཏེ་བར་སྣང་དུ་གླག་གིས་ཁྱུ་གཏོར་ནས་ཡུལ་ཁྲོད་དུ་བབས་ནས་བྱ་སྐད་འདོན་པ་དང་། འདམ་བྱའི་གཤོག་སྣེ་མཐུད་དེ་འཕུར་ལྡིང་བྱེད་ཚུལ་འདི་ནི་བྱིས་པ་རྣམས་ཀྱི་མིག་ལམ་དུ་རྒྱུ་བའི་ལྟད་མོ་ཆེས་ལྟ་སྙིང་དོད་ཤོས་དེ་རེད།

ཁ་བའི་ལོ་འདབ་ས་གཞིར་བབས་ནས་གཡུ་ལོ་བཀོད་པའི་ནགས་ཚལ་སྣམ་བུ་དཀར་པོས་གཡོགས། བྱ་དང་བྱིའུའི་དབྱངས་འགྱུར་འདར་སྐད་སྐྱོམ། གྲང་ངར་གྱིས་བཟས་དྲགས་པའི་དར་ལྕེ་ལྷབ་ལྷབ་ཏུ་གཡོ། དྭངས་གཙང་ཞིམ་མངར་ཆུ་མོ་འཁྱགས་ཀྱིས་བསྡམས། ང་ར་བུ་ཡུག་བར་མེད་ལྷགས་པའི་ཁྲོད། མཛེས་ལྡན་བུ་མོའི་མཁུར་ཚོས་ཚལ་ལྟར་གྱུར། གཟིལ་རྔམ་ཅན་གྱི་གངས་དཀར་ལྷུན་པོར་གཟི་འོད་འཕྲོ་བའི་ནམ་ཟླ་ལ་གཞིགས་ན་དགུན་ཟླ་གསུམ་ཚེས་པའི་ཚེས་འགོ་ཡིན་པའི་ངེས་ཤེས་སྐྱེས།

དེང་སང་ཡུལ་གྱི་གྲོང་པའི་མཁར་རྒན་རྣམས་རོང་ཚོང་ལ་འགྲོ་བའི་སྒང་ཡིན་པ་དང་ཞོར་དུ་རྒན་རྒོན་དང་གཞོན་རབས་ཁ་ཤས་རྒྱ་གར་དང་བལ་ཡུལ་གྱི་རྒྱལ་ས་ཡམ་བུ་ལ་གནས་སྐོར་བསྐྱོད། གནས་སྐོར་བ་རྣམས་ཀྱི་ལམ་སྟོན་པ་ནི་བློ་ལྡན་ཡིན། ཁོས་སྤྱི་ཚོགས་ཀྱི་འགྲོ་སྟངས་གང་འཚམས་ཤེས་ཤིང་དམའ་སའི་སྐད་ཡིག་ལ་ཐོགས་པ་མེད་པས་ལམ་སྟོན་པའི་འགན་ཕྲག་ཐོག་ཏུ་བབས། འགྲུལ་བཞུད་པ་ཁོང་ཚང་ལ་མི་ནོར་གཉིས་བསྡོམས་པས་གྲངས་འབོར་ལྔ་བཅུ་ལྷག་ཅིག་ཡོད། ཁོང་ཚོ་ཁ་སང་བོད་ཟླ་དགུ་བའི་ཚེས་ཉེར་ལྔ་ལ་གཞིས་ཡུལ་ནས་འོངས།

ཉིན་ཞག་གསུམ་གྱི་ཚུགས་སར་སླེབས་པའི་ཚོད་དུ་བདུན་ཕྲག་གཅིག་སྟུད་མར་ཁ་བ་འབབ་རྒྱུན་ཆད་མེད་བབས་ནས། ཡུལ་མི་རྣམས་སེམས་ཁྲལ་དང་དངངས་ཚབ་ཀྱི་ཁྲོད་ནས་གནམ་ངན་འགོང་པོ་འདིས་བྱེད་པ་འདྲ་པོ་ཞིག་སུས་བྱེད། ལྟས་ངན་ཞེས་གནམ་ལ་འཁོན་ནས་དམོད་དོར་བ་དང་འགྲུལ་པའི་ཆེད་དུ་དགོན་སྡེ་ཁག་ལ་ཞབས་རིམ་སྐྱེལ་བ་དང་། མོ་བའི་སྐུ་མདུན་དུ་ཕྱག་མོ་ཞུ་བ་སོགས་ཐབས་ཤེས་ཡོད་དགུ་རྩལ་སྤྲུག་བཏོན་ཀྱང་། སེམས་སྡུག་གིས་མནར་ནས་དེ་རིང་བསྡོམས་པས་བདུན་ཕྲག་གཅིག་ཏག་ཏག་སོང་ཡོད། ཞག་མ་བདུན་མཐུད་པའི་ཁ་བའི་འབབ་སྟོབས་ཇི་འདྲ་ཞིག་ཡོད་ཨང་ཉིན་མཚན་གཉིས་རང་བབས་པའི་ཁ་བའི་ཆེ་ཚད་ཀྱང་པུས་སྦྲིད་འགྲོ་བ་མ་ཡིན་ནམ། ད་ལོའི་འགྲུལ་པ་རྣམས་ཀྱི་སྐྱིད་སྡུག་ལ་བསམས་ན་བསམ་ཕོད་ས་དངོས་གནས་མི་འདུག ལ་ལུང་གི་ཁ་བའི་འབབ་ཤུགས་དང་ཁ་ངར་གྱིས་སྲོག་ཆགས་མང་པོའི་ཚེ་སྲོག་འཕྲོགས་པའི་གཏམ་རྒྱུད་དག་དྲན་ན་དྲན་གང་ནས་ཐུབ། གལ་སྲིད་ད་ལྟ་ཁོང་ཚོ་ཁ་བ་དང་དམག་འཐབ་ཀྱིན་ཡོད་ན་ཁོང་ཚོར་གཡུལ་ལས་རྒྱལ་བའི་གདེང་ཚོད་འདྲ་ཨེ་ཡོད། ཤུལ་གྱི་ཡུལ་མི་རྣམས་ལ་ནི་དཀོན་མཆོག་གསུམ་གྱིས་གང་གཟིགས་པ་ཞིག་མ་གཏོགས་བྱེད་ཐབས་ཀྱང་ཟད། བྱེས་པ་རྣམས་གསོན་པོར་གནས་ཡོད་པའི་རེ་བ་དང་ཡིད་ཆེས་ཀྱང་དེ་ཙམ་མི་འདུག ད་དུང་བློ་ལྡན་ལུས་ཟུངས་ཞན་པ་དང་དབུགས་ཐག་ཐུང་བས་ཁ་བའི་གནོན་ཤུགས་འོག་ངལ་དུབ་ཀྱི་ཁུར་པོས་ཇི་ལྟར་མནར་ཡོད།

བློ་ལྡན་གྱི་ཨ་ཕ་དཔལ་འབྱོར་དང་ཨ་མ་བཀྲ་ཤིས་ཆོས་གཉིས་ཀྱི་བྱམས་བརྩེས་གཉོར་སྐྱོང་བྱས་པའི་ཁོག་པའི་སྙིང་ལྟ་བུའི་བུ་གཅིག་པུ་དེ་བློ་ལྡན་ཡིན། བློ་ལྡན་ད་ལྟ་ཁ་བའི་ཁྲོད་ན་གནས་སྟངས་ཅི་འདྲ་ཞིག་ལ་ཐུག་ཡོད་མེད་ཆ་མ་འཚལ་བའི་གནས་སུ་གྱུར་ཡོད་སྟབས། བློ་ལྡན་གྱི་ཕ་མ་གཉིས་པོའི་གདོང་གཉེར་རིས་ཀྱིས་བསླས་ནས་འཛུམ་མདངས་ཤོར། ཁའི་དུང་སོ་བུད་ནས་ཤོ་རེ་ཐོན། ལུས་ཤ་རུས་རྒུད་པའི་སྐྱི་སེ་བསྐམས་ཀྱང་བློ་ལྡན་ལ་ཞེན་པའི་དུང་བ་ཇེ་ལྕི་ནས་ཇེ་ཟབ་ཏུ་སོང་།

  1. དོལ་པོའི་སྐད་དུ་ཆུ་འཆུ་རེས་སྔ་ཕྱི་སུ་ཁེལ་ལ་ཤོ་རྒྱན་རྒྱག་པ་ལ་གོ།
  2. ལྷས་ཀྱི་གཞིས་འཛིན་མཁན་ལ་གོ
  3. དོལ་པོའི་བུ་མོའི་མཆོར་གཟབ་སྐབས་འདོགས་པའི་རྡོ་རྗེའི་དབྱིབས་ཅན་གསེར་དངུལ་རྒྱུ་ལས་བཟོས་པ་ཞིག་ལ་ཟེར།
  4. དོལ་པོའི་ཡུལ་སྐད་དང་བོད་ཀྱི་བརྡ་སྙིང་སྟེ་ཕོ་གཞོན་དར་མ་ལ་གོ
Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།