ནང་པའི་གྲུབ་མཐའ་སྨྲ་བ་བཞིའི་རྟེན་འབྲེལ་འཇོག་ཚུལ།

སློབ་དཔོན་ཚུལ་ཁྲིམས་འགྱུར་མེད། ཝཱ་ཎ་མཐོ་སློབ།

གཅིག རྟེན་འབྲེལ་སྤྱིའི་རྣམ་གཞག

མཛོད་ལས།[1] གང་ཞིག་ཀུན་ལ་མུན་པ་གཏན་བཅོམ་ཞིང་། །འཁོར་བའི་འདམ་ལས་འགྲོ་བ་དྲངས་མཛད་པ། །དོན་བཞིན་སྟོན་པ་དེ་ལ་ཕྱག་འཚལ་ནས། །ཞེས་གསུངས་པ་ལྟར། མཉམ་མེད་ཐུབ་པའི་དབང་པོ་གང་ཉིད་གདུལ་བྱའི་ཁམས་དབང་དང་མཐུན་པར་ཆོས་འཁོར་རིམ་པ་སྣ་ཚོགས་བསྐོར་བའི་གསུང་གི་སྙིང་པོ་སྲོག་ཤིང་ལྟ་བུ་ནི་རྟེན་འབྲེལ་ཟབ་མོའི་ཚུལ་འདི་ཉིད་ཡིན་ལ། ལྷག་པར་དུ་རྟེན་འབྲེལ་ཟབ་མོའི་ཚུལ་འདི་བདེན་བཞིའི་ལམ་ནས་གསལ་བར་མཛད་པ་ནི་ཆེས་ཁྱད་པར་དུ་འཕགས་པའི་ཁྱད་ཆོས་བླ་ན་མེད་པ་སྟེ། བདེ་བར་གཤེགས་པ་རྫོགས་པའི་སངས་རྒྱས་ཀྱི་ཐུགས་རྗེ་དང་མཁྱེན་པའི་དཀྱིལ་འཁོར་ཉག་གཅིག་ལས་བྱུང་བའོ། །དེས་ན་ནང་བསྟན་མཚན་ཉིད་རིག་པའི་གཞུང་གི་རྒྱབ་རྟེན་ས་དང་། ཕུགས་གཏུག་ས་རྟེན་འབྲེལ་འདི་ཁོ་ན་ལགས་ན། ཁ་ཅིག་གིས་ནང་བསྟན་མཚན་ཉིད་རིག་པའི་གཞི་འཆོལ་ས་རྨོངས་དད་རེད་ཅེས་སྨྲ་བ་ནི་ནང་བསྟན་ལ་རྒྱུས་མངའ་རྡུལ་ཙམ་མེད་པའི་རང་གི་རང་མཚང་ངོམས་པ་ཙམ་དུ་ཟད་དོ།།

དེ་ཡང་སཱ་ལུ་ལྗང་པའི་མདོ་ལས།[2] དགེ་སློང་དག སུས་རྟེན་ཅིང་འབྲེལ་བར་འབྱུང་བ་མཐོང་བ་དེས་ཆོས་མཐོང་ངོ་། །སུས་ཆོས་མཐོང་བ་དེས་སངས་རྒྱས་མཐོང་ངོ་ཞེས་གསུངས་པ་དེ་ལ་རྟེན་ཅིང་འབྲེལ་བར་འབྱུང་བ་གང་ཞེ་ན། རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བྱ་བ་ནི། འདི་ལྟ་སྟེ། འདི་ཡོད་པས་འདི་འབྱུང་ལ། འདི་སྐྱེས་པའི་ཕྱིར་འདི་སྐྱེ་བ་སྟེ། གང་འདི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ། རེག་པའི་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲེད་པ། སྲེད་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ། སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འབྱུང་སྟེ། དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པོ་འདི་འབྱུང་བར་འགྱུར་རོ། །ཞེས་གསུངས་པ་ལྟར། མདོ་འདིའི་ཚིག་གིས་དངོས་སུ་བསྟན་པ་ལ་རྟེན་འབྲེལ་ཡན་ལག་བཅོ་ལྔ་དང་། འདི་ཡོད་པས་འདི་འབྱུང་ཞེས་རྒྱུའི་རྟེན་འབྲེལ་དང་། འདི་སྐྱེས་པས་འདི་སྐྱེ་བ་ཞེས་འབྲས་བུའི་རྟེན་འབྲེལ་ཏེ་མདོར་ན་འདུས་བྱས་རྟེན་འབྲེལ་ལས་འདུས་མ་བྱས་སོགས་བཏགས་ཡོད་ཀྱི་རྟེན་འབྲེལ་དངོས་སུ་བསྟན་མེད། འོན་ཀྱང། དེ་ནི་མུ་སྟེགས་པ་དང་ཚུར་མཐོང་སོ་སོ་སྐྱེ་བོ་རྣམས་ཀྱིས་རྒྱུ་འབྲས་ཀྱི་ཚུལ་ལ་ལོག་པར་རྟོག་པ་མང་ཞིང་ཕྱིན་ཅི་ལོག་གི་འདུ་ཤེས་ལྕི་བས་དེ་ལྟར་གསུངས་པ་ལས་རྟེན་འབྲེལ་ལ་འདུས་བྱས་ཀྱིས་ཁྱབ་པའི་དོན་མིན་པར་འོག་ནས་འཆད་པར་འགྱུར་རོ། །དེ་ཡང་སཱ་ལུ་ལྗང་པའི་མདོ་ལས།[3] དེ་ལ་རྟེན་ཅིང་འབྲེལ་བར་འབྱུང་བ་མཐོང་བ་ཇི་ལྟ་བུ་ཞེ་ན། འདི་ལ་བཅོམ་ལྡན་འདས་ཀྱིས་སུས་རྟེན་ཅིང་འབྲེལ་བར་འབྱུང་བ་རྟག་པ་དང་། སྲོག་མེད་པ་དང་། སྲོག་དང་བྲལ་བ་དང་། ཇི་ལྟ་བུ་ཉིད་དང་། མ་ནོར་བ་དང་། མ་སྐྱེས་པ་དང་། མ་བྱུང་བ་དང་། མ་བྱས་པ་དང་། འདུས་མ་བྱས་པ་དང་། ཐོགས་པ་མེད་པ་དང་། དམིགས་པ་མེད་པ་དང་། ཞི་བ་དང་། འཇིགས་པ་མེད་པ་དང་། མི་འཕྲོག་པ་དང་། རྣམ་པར་ཞི་བ་མ་ཡིན་པའི་རང་བཞིན་དུ་མཐོང་བ་སྟེ། ཞེས་པ་ནས། རྣམ་པར་ཞི་བ་མ་ཡིན་པའི་རང་བཞིན་དུ་མཐོང་བ་དེ་འཕགས་པའི་ཆོས་མངོན་པར་རྟོགས་ཏེ། ཡང་དག་པའི་ཡེ་ཤེས་དང་ལྡན་པས་བླ་ན་མེད་པའི་ཆོས་ཀྱི་སྐུར་སངས་རྒྱས་མཐོང་ངོ་། །ཞེས་གསུངས་པ་ལྟར། འདིར་རྟེན་འབྲེལ་གྱི་ཁྱད་ཆོས་ལྔ་གསུམ་བཅོ་ལྔར་གསུངས་པ་ལྟར་གཞི་དེ་རྟེན་འབྲེལ་ཡིན་པ་ལ་སྲོག་དང་བྲལ་བའམ་བདག་དང་བྲལ་བ་སྟེ། བདག་མེད་པའི་སྟེང་ནས་རྟེན་འབྱུང་བསླུ་བ་མེད་པའི་ཚུལ་འཐད་ལ། བདག་དང་བྱེད་པོའི་སྟེང་ནས་མི་འཐད་པའི་ཚུལ་བསྟན་ཏོ། །ཡང་དེ་ཉིད་ལས།[4] རྒྱུ་དང་བཅས་པ་ལས་བྱུང་བའི་མཚན་ཉིད་དང་། མི་རྟག་པ་དུ་མའི་རྒྱུ་ལས་བྱུང་བའི་མཚན་ཉིད་དང་། བདག་མེད་པར་འབྱུང་བའི་མཚན་ཉིད་དང་། ནུས་པའི་རྐྱེན་ལས་བྱུང་བའི་མཚན་ཉིད་དང་། བྱེད་པ་མེད་པའི་རྐྱེན་ལས་བྱུང་བའི་མཚན་ཉིད་དོ། །ཞེས་རྟེན་འབྲེལ་གྱི་ཁྱད་ཆོས་ལྔ་དང་། ཡང་དེ་ཉིད་ལས།[5] འདི་ལྟར་ཡང་རྟེན་ཅིང་འབྲེལ་བར་འབྱུང་བ་འདི་གཉིས་ཀྱི་ཕྱིར་འབྱུང་སྟེ། གཉིས་གང་ཞེ་ན། འདི་ལྟ་སྟེ། རྒྱུ་དང་འབྲེལ་པ་དང་། རྐྱེན་དང་འབྲེལ་པའི་ཕྱིར་རོ། །དེའང་ཕྱིའི་དང་། ནང་གི་དང་རྣམ་པ་གཉིས་སུ་བལྟའོ། །ཞེས་རྒྱུ་རྣམས་རིགས་འདྲ་སྔ་མ་སྔ་མ་ལས་བྱུང་བའི་ཆ་དྲུག་དང་། རྐྱེན་ས་དང་ཆུ་མེ་རླུང་ནམ་མཁའ་དུས་བཅས་ཁམས་དྲུག་གིས་བསྟན། ཡང་དེ་ཉིད་ལས།[6] དེ་ལ་ཕྱི་རོལ་གྱི་རྟེན་ཅིང་འབྲེལ་བར་འབྱུང་བ་རྣམ་པ་ལྔར་བལྟ་སྟེ། ལྔ་གང་ཞེ་ན། རྟག་པར་མ་ཡིན་པ་དང་། ཆད་པར་མ་ཡིན་པ་དང་། འཕོ་བར་མ་ཡིན་པ་དང་། རྒྱུ་ཆུང་ངུ་ལས་འབྲས་བུ་ཆེན་པོ་མངོན་པར་འགྲུབ་པ་དང་། དེ་དང་འདྲ་བའི་རྒྱུད་དུའོ། །ཞེས་ཕྱིའི་རྟེན་འབྲེལ་ལའང་ཁྱད་ཆོས་ལྔ་དང་། དེ་བཞིན་དུ་ནང་གི་རྟེན་འབྲེལ་ལའང་རྒྱུ་རྐྱེན་གཉིས་ཀྱི་སྒོ་ནས་དེ་ལྟར་གསལ་བར་མཛད་པ་ལྟར། རྟེན་འབྲེལ་ཟབ་མོའི་ཚུལ་འདི་ཕྱི་རོལ་པས་ཚུལ་བཞིན་མི་ཤེས་ལ། གོང་གི་ཁྱད་ཆོས་དག་ལེགས་པར་རྟོགས་ན་གཟོད་རྟེན་འབྲེལ་ཟབ་མོའི་དོན་རྟོགས་པའི་ཚུལ་བསྟན་པ་ཡིན་ནོ།།

དེང་སང་བློ་གསལ་འགའ་རེས། སྐྱེ་བ་སྔ་ཕྱི་དང་བདེན་བཞིའི་རྣམ་གཞག་བདག་ཅག་གི་སྟོན་པ་མ་ཕེབས་པའི་སྔོན་ནས་མུ་སྟེགས་པ་དག་གིས་བཤད་ཟིན་པས་དམིགས་བསལ་ནང་པའི་ཁྱད་ཆོས་ཅི་ཡང་མིན་ཟེར་མོད། དེ་དག་གིས་སྐྱེ་བ་སྔ་ཕྱི་སོགས་ཚིག་ཙམ་སྨྲ་ཤེས་ཀྱང་། རྟེན་འབྲེལ་སྲོག་ཤིང་བྱས་པའི་སྟེང་ནས་སྐྱེ་བ་སྔ་ཕྱི་དང་བདེན་བཞིའི་རིམ་པ་ནི་ཟུར་ཙམ་ཡང་མ་བསྟན་ཏོ། །དེས་ན་མུ་སྟེགས་པ་དག་གིས་དུ་བ་མེ་ལས་སྐྱེ་བ་སོགས་རྒྱུ་འབྲས་རགས་པའི་ཚུལ་རྣམས་སྨྲ་ཞིང་ཁས་ལེན་མོད། མེ་དུ་གཉིས་རྒྱུ་འབྲས་ཡིན་པའི་ཚུལ་ངོ་མ་ནི་མི་ཤེས་ཏེ། དེ་ཤེས་པ་ལ་རྟེན་འབྲེལ་ཤེས་དགོས་པ་ལས་དེ་མི་ཤེས་པའི་ཕྱིར་རོ། །ཡང་ན་རྒྱུ་འབྲས་ཕྲུགས་གསུམ་གྱི་སྟེང་ནས་དེ་གཉིས་རྒྱུ་འབྲས་སུ་ངེས་དགོས་པ་ལས་དེ་དག་གིས་དེ་ཡང་མི་ཤེས་པའི་ཕྱིར་རོ། །དེ་ཡང་ཀུན་མཁྱེན་མི་ཕམ་རྒྱ་མཚོས་མཛད་པའི་རྣམ་འགྲེལ་ལེགས་བཤད་སྣང་བའི་གཏེར་ལས།[7] དང་པོ་མེ་དུ་གཉིས་སྣང་རུང་གི་གཞིར་མ་དམིགས། དེ་རྗེས་མེ་དམིགས། དེ་རྗེས་དེ་ལས་དུ་བ་བྱུང་བར་དམིགས་པ་ཕྲུགས་གསུམ་པོས་རྒྱུ་འབྲས་སུ་ངེས་ནུས་ཏེ། དང་པོ་མེ་དམིགས་པས་དུ་བ་མེའི་སྔ་ན་ཡོད་པ་དང་། གཞན་ནས་འོང་བ་དང་། རྒྱུ་གཞན་ལས་སྐྱེ་བ་གསུམ་ཁེགས་ཏེ། དེ་གསུམ་གང་རུང་ཡིན་ན་མེ་མ་དམིགས་ཀྱང་སྣང་ཤེས་པས་སོ། །ཞེས་གསུངས་པ་ལྟར། མུ་སྟེགས་པ་ཕལ་མོ་ཆེས་བྱེད་པ་པོ་རྟག་པ་དང་། བདག་རྟག་པ་སོགས་དངོས་པོ་རྣམས་རང་རྒྱུ་རྟག་པ་ལས་བྱུང་བར་འདོད་པའི་ལོག་རྟོག་མངོན་གྱུར་དུ་ཡོད་པས་རྒྱུ་འབྲས་ཕྲ་མོའི་ངང་ཚུལ་ལ་ཤིན་ཏུ་རྨོངས་པའི་གང་ཟག་ཡིན་པའི་ཕྱིར་རོ།།

གཉིས། བྱེ་མདོ་ཐུན་མོང་གི་རྟེན་འབྲེལ་གྱི་རྣམ་གཞག

ཆོས་འདི་པའི་བཤད་བྱ་རྩ་བའི་མདོ་ནི། རྟེན་འབྲེལ་གྱི་མདོ་ལས།[8] ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །དེ་རྒྱུ་དེ་བཞིན་གཤེགས་པས་གསུངས། །རྒྱུ་ལ་འགོག་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོས་འདི་སྐད་གསུངས། །ཞེས་གསུངས་པ་ལྟར། འདི་ལ་རྟེན་འབྲེལ་གྱི་མདོ་ཞེས་གྲགས་པར་ལྟར། བྱེ་མདོ་ཐུན་མོང་གིས་ཁས་ལེན་པའི་རྟེན་འབྲེལ་གྱི་མདོ་ཚད་ལྡན་གཅིག་ནི་འདི་ཡིན་ནོ།།

དེ་བཞིན་དུ་མཛོད་རྩ་བར།[9] དེ་ནི་རྟེན་ཅིང་འབྲེལ་འབྱུང་བའི། །ཡན་ལག་བཅུ་གཉིས་ཆ་གསུམ་མོ། །སྔོན་དང་ཕྱི་མཐར་གཉིས་གཉིས་དང་། །བར་དུ་བརྒྱད་ཡོངས་རྫོགས་ལྡན་ལ། །ཞེས་གསུངས་པ་ལྟར། ཕྱིའི་རྟེན་འབྲེལ་དང་། ནང་གི་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་སྒོ་ནས་རྟེན་འབྲེལ་གྱི་དོན་གཏན་ལ་ཕབ་པའི་ཚུལ་གཞུང་དག་ལས་ཆེས་གསལ་བས་འདིར་མི་སྤྲོའོ།།

གསུམ། བྱེ་མདོ་ཐུན་མོང་གི་ལུགས་ལ་རྟེན་འབྲེལ་ལ་འདུས་བྱས་ཀྱིས་ཁྱབ་མིན་ཅུང་ཟད་དཔྱད་པ།

དྲངས་མ་ཐག་པའི་རྟེན་འབྲེལ་གྱི་མདོ་དང་སཱ་ལུ་ལྗང་པའི་མདོ་དག་གི་ཚིག་ཟིན་ལ་བསམས་ན་རྟེན་འབྲེལ་ལ་འདུས་བྱས་ཀྱིས་ཁྱབ་པ་ལྟ་བུར་བསྟན་ནའང་། མཛོད་རྩ་བར།[10] གང་ལ་བཅོམ་དང་བློ་ཡི་གཞན། །བསལ་ན་དེ་བློ་མི་འཇུག་པ། །བུམ་ཆུ་བཞིན་དུ་ཀུན་རྫོབ་ཏུ། །ཡོད་དེ་དོན་དམ་ཡོད་གཞན་ནོ། །ཞེས་དང་། དབུ་མ་ལ་འཇུག་པ་ལས།[11] གང་ཕྱིར་ཁྱོད་བུམ་དངོས་པོར་མ་གྲུབ་པའི། །ངོ་བོ་གཟུགས་སོགས་ལས་བརྗོད་མེད་འགྱུར་བས། །བདག་གང་ཕུང་པོ་ལས་བརྗོད་མེད་འགྱུར་ཏེ། །རང་གིས་ཡོད་པར་གྲུབ་པར་རྟོགས་མི་བྱ། །ཞེས་དང་། བུམ་པ་གཟུགས་ལ་སོགས་པ་དག་ལས་དེ་ཉིད་དང་གཞན་ཉིད་དུ་བརྗོད་དུ་མེད་ཅིང་བཏགས་པར་ཡོད་པར་འདོད་པ་དེ་བཞིན་དུ། བདག་ཀྱང་བུམ་པ་ལྟར་བཏགས་པར་ཡོད་པར་འགྱུར་རོ་སྙམ་དུ་བསམས་པའོ། །ཞེས་གསལ་བ་ལྟར། འདི་པའི་ལུགས་ལ་བཏགས་ཡོད་ཀྱི་རྟེན་འབྲེལ་བཞག་ཐུབ་པར་མངོན་ཏེ། འདི་པས་བུམ་པ་ནི་རང་གི་ཚོགས་པ་ན་ཡོད་པའི་རྡུལ་གཟུགས་དག་ལས་དེ་ཉིད་དང་གཞན་དུ་མེད་ཀྱང་དེ་དག་ལ་བརྟེན་ནས་བཏགས་པའི་བཏགས་པ་ཙམ་དུ་ཡོད་པར་བཞེད་པ་དང་གཅིག། མཐར་ཐུག་དཔྱོད་པའི་རིགས་པས་ཀུན་རྫོབ་ཡོད་ཚད་བཅོམ་པའམ་བློས་ཆ་ཤས་བསལ་བ་ན་ཤུལ་དུ་ལུས་པའི་ཀུན་རྫོབ་རང་ངོས་ནས་གྲུབ་པ་ཞིག་མེད་པར་བཞེད་པ་དང་གཉིས། ཤེས་བྱ་གཞི་ལྔའི་སྟེང་དུ་གང་ཟག་གི་བདག་མེད་ལེགས་པར་རྟོགས་པ་དང་རྒྱུ་མཚན་གསུམ་གྱིས་བཏགས་ཡོད་ཀྱི་རྟེན་འབྲེལ་བཞག་པ་ལ་འགལ་བ་ཅི་ཡང་ཡོད་པར་མི་སེམས་སོ། །དེས་ན་བྱེ་བྲག་སྨྲ་བའི་ལུགས་ལ་རང་གི་འཇོག་བྱེད་དམ་ཆ་ཤས་ལ་ལྟོས་ནས་གྲུབ་པའི་རྟེན་འབྲེལ་དང་། གདགས་གཞི་ལ་བརྟེན་ནས་གྲུབ་པའི་རྟེན་འབྲེལ་འཇོག་ཚུལ་མེད་ཅེས་སྨྲ་བ་རྣམས་ནི་དམ་བཅའ་ཙམ་དུ་ཟད་དོ། །ཐེག་པ་ཆེན་པོའི་ལུགས་ལའང་གདགས་གཞི་དང་ཆ་ཤས་ལ་ལྟོས་ནས་རྟེན་འབྲེལ་དུ་སྨྲ་བའི་ཁུངས་ཅི་ཡང་མེད་ཅེས་སྨྲ་བ་ན། ཁ་ཅིག་ན་རེ། རྩ་ཤེས་ལས།[12] གང་ཕྱིར་སྟོང་པ་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །གང་ཕྱིར་རྟེན་འབྲེལ་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་ཟེར་མོད། དེ་ནི་དབུ་མ་རྩ་ཤེས་ཀྱི་ཊཱི་ཀ་སྒྲོན་མ་གསལ་བྱེད་ལས།[13] དེ་ལ་ཕྱེད་དང་པོའི་དོན་ནི་གང་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་པ་དེ་ནི་ངོ་བོ་ཉིད་ཀྱིས་སྟོང་པ་ཡིན་ཏེ། སྒྱུ་མའི་རྟ་གླང་བཞིན་ནོ། །ཅི་ལྟར་སྣང་བ་འདི་ཡང་རྟེན་འབྲེལ་ཡིན་པས་ན་སྟོང་པའོ། །དེ་ནི་རང་རྒྱུད་པ་རྟེན་འབྲེལ་གྱི་གཏན་ཚིགས་ཆེན་པོར་བྱེད་ན་ངེད་ཐལ་འགྱུར་བ་ལས་རང་རྒྱུད་ཀྱི་རྟགས་སུ་མི་འདོད་དེ། ཆོས་ཅན་ཚད་མས་གྲུབ་པ་མེད་པས་རྟེན་འབྲེལ་ཡིན་པའི་རྟགས་ཚད་མས་གྲུབ་པ་མེད་པས་སོ། །དེས་ན་ཁས་བླངས་པ་ཙམ་གྱིས་རྟགས་དེ་དངོས་པོར་སྨྲ་བས་དངོས་པོ་ཀུན་རྟེན་འབྲེལ་དུ་བཀོད་པས་རྟགས་སུ་བཀོད་པའོ། །ཞེས་གསུངས་པ་ལྟར། དེ་ནི་ཐལ་འགྱུར་བས་དངོས་སྨྲ་བའི་ཁས་ལེན་པའི་དངོས་པོའི་ཆོས་རྣམས་རྟེན་འབྲེལ་རྟགས་ལ་བརྟེན་ནས་སྟོང་ཉིད་དུ་གཏན་ལ་ཕབ་པ་ཡིན་ལ། སྤྱིར་ཆོས་ཡོད་དོ་ཅོག་རྟེན་འབྲེལ་རྟགས་ལས་སྟོང་ཉིད་དུ་གཏན་ལ་ཕབ་པ་མིན་པར་ལུང་དེས་ཤེས་ནུས་སོ།།

དེས་ན་རྟོག་པས་བཏགས་པ་ལ་མ་ལྟོས་པར་ཡུལ་རང་གི་ངོས་ནས་གྲུབ་པ་མེད་ཅེས་སྨྲ་བའི་གྲུབ་མཐའ་ལ་ཐལ་འགྱུར་བ་ཁོ་ན་ཡིན་པའི་ངེས་པ་མེད་སྙམ་སྟེ། བྱེ་བྲག་སྨྲ་བ་ནས་ཐལ་འགྱུར་བའི་བར་དུ་རང་རང་གི་གྲུབ་མཐའ་ནས་བཤད་པའི་ཀུན་རྫོབ་ཐམས་ཅད་དེ་ལྟར་ཁས་ལེན་པའི་ཕྱིར། དཔེར་ན། ཡིད་དུ་འོང་བའི་གཟུགས་ཟེར་བ་དེ། བྱེ་བྲག་སྨྲ་བས་གང་ཟག་རང་རང་གི་རྟོག་པའི་ངོར་ཡིད་འོང་གི་གཟུགས་དང་ཡིད་དུ་མི་འོང་བའི་གཟུགས་ཞེས་སྒྲོ་བཏགས་པ་ཙམ་ལས་ཡུལ་གྱི་ངོས་ནས་ཡིད་འོང་གི་གཟུགས་ཞེས་མེད་པར་ཁས་ལེན་པའི་ཕྱིར། གལ་སྲིད་ཡུལ་གྱི་ངོས་ནས་ཡིད་དུ་འོང་བའི་གཟུགས་ཞེས་ཡོད་ན་གང་ཟག་ཐུན་མོང་གི་རྟོག་ངོར་ཡིད་འོང་གི་གཟུགས་ཞེས་ཡོད་པར་ཆོས་འདི་པས་ཁས་ལེན་དགོས་པ་ལས་དེ་ཁས་མི་ལེན་པའི་ཕྱིར་རོ། །ཡང་ན་དེ་ཆོས་ཅན། བྱེ་བྲག་སྨྲ་བས་ཡུལ་རང་ངོས་ནས་མེད་པར་རྟོགས་པར་ཐལ། རགས་པ་ཡིན་པའི་ཕྱིར། དེ་ཡང་ཀུན་མཁྱེན་མི་ཕམ་རྒྱ་མཚོས་མཛད་པའི་དམ་ཆོས་དོགས་སེལ་ལས།[14] རགས་པ་བདེན་པར་མ་གྲུབ་པར་རྟོགས་པ་ཙམ་ལ་གོང་འོག་ཁྱད་མེད་ལ། མིན་ན་ནི་གྲུབ་མཐའ་འོག་མའི་སྐབས་སུ་རགས་པ་མ་གྲུབ་པར་དཔྱད་པའི་རིགས་པ་དེ་ལས་ལྷག་པའི་དབུ་མའི་སྒྲུབ་ཚུལ་དེ་སྨྲ་བར་བྱ་དགོས་སོ། །ཞེས་དང་། ཡང་དེ་ཉིད་ལས།[15] རགས་པ་ཆ་བཅས་སུ་བསིལ་བའི་རིགས་པ་དེས་རགས་པ་བདེན་མེད་དུ་ཅིས་མི་རྟོགས། མ་རྟོགས་ན་དབུ་མ་པས་ཀྱང་བདེན་སྟོང་མི་རྟོགས་པར་མཚུངས་ཞེས་བསྒྲེས་ན་རྟོགས་པར་ཅིས་སྒྲུབ། ཅེས་དང་། རྒྱུན་བདེན་གྲུབ་ཏུ་འདོད་ན་ཕྲ་བ་སྐད་ཅིག་གི་མི་རྟག་པ་རྟོགས་ཚུལ་མེད་ལ། རགས་པ་རིལ་པོ་བདེན་གྲུབ་ཏུ་འདོད་ན་རྟག་གཅིག་རང་དབང་ཅན་གྱི་བདག་མེད་པར་རྟོགས་ཚུལ་མེད་དེ། རྒྱུན་གྱིས་རྟག་པ་དང་། རགས་པ་གཅིག་པུར་གྱུར་པའི་ཕུང་པོ་དེ་བདག་ཡིན་པ་ལ་རིགས་པས་གནོད་པ་གང་ཡང་སྟོན་ཚུལ་མེད་དོ། །ཞེས་གསུངས་པའི་ཕྱིར་རོ། །མངོན་པ་མཛོད་རང་འགྲེལ་ལས།[16] ཁྱོད་ནི་ལྟ་བར་གྱུར་པ་ཡིན། །འདུ་བྱེད་ཕུང་པོ་འདི་སྟོང་སྟེ། །འདི་ལ་སེམས་ཅན་ཡོད་མ་ཡིན། །ཇི་ལྟར་ཡན་ལག་ཚོགས་རྣམས་ལ། །ཤིང་རྟའི་མིང་དུ་བཤད་པ་ལྟར། །དེ་བཞིན་ཕུང་པོ་རྣམས་བརྟེན་ནས། །ཀུན་རྫོབ་སེམས་ཅན་ཞེས་བཤད་དོ། །ཞེས་དང། མངོན་པ་མཛོད་རང་འགྲེལ་ལས།[17] ལུང་ཕྲན་ཚེགས་ལས་ཀྱང་། བྲམ་ཟེ་རྒྱ་ཤུག་གི་བུའི་དབང་དུ་བྱས་ནས། ཇི་ལྟར་སེམས་ནི་ཀུན་ཉོན་མོངས། །ཇི་ལྟར་སེམས་ནི་རྣམ་བྱང་དང་། །མདུད་པ་ཐམས་ཅད་འཇིག་བྱེད་པའི། །ཆོས་ནི་རྒྱ་ཤུག་བུ་ཁྱོད་ཉོན། །བདག་ཉིད་ཀྱིས་ནི་བདག་མེད་དེ། །ཕྱིན་ཅི་ལོག་གིས་རྟོག་པར་བྱེད། །འདི་ལས་བདག་གམ་སེམས་ཅན་མེད། །ཆོས་འདི་དག་ནི་རྒྱུ་དང་བཅས། །སྲིད་པའི་ཡན་ལག་བཅུ་གཉིས་དང་། །ཕུང་པོ་སྐྱེ་མཆེད་ཁམས་རྣམས་ཏེ། །རྣམ་པར་བསམས་ན་འདི་ཀུན་ལ། །གང་ཟག་དམིགས་པ་མ་ཡིན་ནོ། །ནང་གི་སྟོང་པ་ཡིན་པར་ལྟོས། །ཕྱི་རོལ་གནས་པ་སྟོང་པར་སྟོང་། །རང་བཞིན་སྟོང་པ་ཉིད་བསྒོམ་པ། །དེ་ཡང་འགའ་ཡང་མི་དམིགས་སོ། །ཞེས་དང་། བཅོམ་ལྡན་འདས་ཀྱིས་སྟོང་པ་ཉིད་ཀྱི་མདོ་ཁོ་ན་ལས། དགེ་སློང་དག་ལས་ནི་ཡོད་དོ། །རྣམ་པར་སྨིན་པ་ཡོད་དོ། །ཆོས་སུ་བརྡར་བཏགས་པ་མ་གཏོགས་པ་གང་ཞིག་ཕུང་པོ་འདི་རྣམས་འདོར་བར་བྱེད་ཅིང་ཕུང་པོ་གཞན་དག་ཉིང་མཚམས་སྦྱོར་བར་བྱེད་པའི་བྱེད་པ་པོ་ནི་མི་དམིགས་སོ་ཞེས་གསུངས་སོ་ཞེས་གསུངས་པ་ལྟར། ལས་དང་རྣམ་སྨིན་འདི་དག་བརྡར་བཏགས་པ་ཙམ་ལས་རང་ངོས་ནས་ཅི་ཡང་མེད་པར་ཐལ་འགྱུར་བའི་གཞུང་ལས་གསུངས་པ་ལྟར་ཤིན་ཏུ་གསལ་ལ། དཔལ་ལྡན་ཟླ་བས་ཀྱང་དབུ་མ་ལ་འཇུག་པར་གང་ཟག་གི་བདག་མེད་སྒྲུབ་བྱེད་ལ་ལུང་འདི་དག་གིས་སྒྲུབ་པ་ཙམ་ལས་ལྷག་པར་ཅི་ཡང་མེད་དོ།།

དེ་ལ་ཁ་ཅིག་གིས། འདི་དག་གིས་ཆ་མེད་དོན་དམ་པར་གྲུབ་པར་ཁས་ལེན་པས་ཐལ་འགྱུར་བས་དེ་ལྟར་མི་ལེན་པས་མི་འདྲ་ཟེར་ན། སྐྱོན་མེད་དེ། རྩོམ་བྱེད་རྒྱུ་བདེན་གྲུབ་ཏུ་འདོད་ཀྱང་དེས་བརྩམས་པའི་རགས་པ་ཀུན་རྫོབ་བདེན་གྲུབ་ཏུ་མི་འདོད་དོ། །ལར་ནས། འདི་དག་གིས་ཆ་མེད་གཉིས་བདེན་གྲུབ་ཏུ་ཁས་ལེན་ཚུལ་ནི་ཆ་མེད་གཉིས་པོ་སྤྱིར་ཡོད་པ་ལ་མཐར་ཐུག་དཔྱོད་པའི་རིགས་པས་མི་གནོད་པར་ཁས་ལེན་པ་ལ་བདེན་གྲུབ་ཏུ་ཁས་ལེན་པ་ཡིན་ལ། དེ་ཙམ་གྱིས་གྲུབ་མཐའ་དེ་ལ་སྟོང་ཉིད་རྟོགས་ཚུལ་མེད་ན་ཁྱོད་ཅག་གིས་གཟུགས་ནས་རྣམ་མཁྱེན་གྱིས་བསྡུས་པའི་ཆོས་ཡོད་དོ་ཅོག་སྤྱིར་ཡོད་པ་ལ་རིགས་པ་གང་གིས་ཀྱང་མི་གནོད་པར་ཁས་ལེན་པས་མི་འདོད་བཞིན་དུ་གཞི་གྲུབ་ཚད་བདེན་གྲུབ་ཏུ་འགྱུར་བ་མ་ཡིན་ནམ། མ་ཡིན་ཏེ། འདི་དག་གིས་དོན་དམ་པར་ཡོད་པ་ལ་རིགས་པས་མི་གནོད་པ་འདོད་ཅེས་ཁོ་བོ་ཅག་གིས་དེ་ལྟར་ཁས་མི་ལེན་ཟེར་ན། འདི་དག་གིས་དོན་དམ་པར་ཡོད་ཅེས་པའི་དོན་ནི་ཕུགས་དེད་ན་དོན་དམ་རྡུལ་ཕྲན་ཆ་མེད་དང་ཤེས་པ་སྐད་ཅིག་ཆ་མེད་གཉིས་པོ་ཆ་མེད་ཆ་མེད་ཀྱིས་མི་སྟོང་པས་དོན་དམ་པར་ཡོད་ཅེས་ཁས་ལེན་ལ། ཀུན་རྫོབ་ཀུན་རྫོབ་ཀྱིས་སྟོང་པས་དོན་དམ་པར་མེད་ཅེས་འདོད་པ་ཙམ་ཡིན། ཁྱེད་ཅག་གིས་ནི་བདེན་པ་གཉིས་བདེན་པ་གཉིས་ཀྱིས་མི་སྟོང་པར་ཁས་ལེན་པས་བདེན་པ་གཉིས་ཀ་དོན་དམ་པར་ཡོད་པར་ཁས་བླངས་པ་མ་ཡིན་ནམ།

བཞི། སེམས་ཙམ་པའི་རྟེན་འབྲེལ་སྐོར།

དབུ་མ་ལ་འཇུག་པ་ལས།[18] དེ་ཕྱིར་གཞན་གྱི་དབང་གི་ངོ་བོ་གང་། །དངོས་པོ་བཏགས་པར་ཡོད་པའི་རྒྱུར་འགྱུར་ཞིང་། །ཕྱི་རོལ་གཟུང་བ་མེད་པར་འབྱུང་འགྱུར་ལ། །ཡོད་དང་སྤྲོས་ཀུན་ཡུལ་མིན་རང་བཞིན་ཡོད། །ཅེས་དང་། རང་འགྲེལ་ལས། གཞན་གྱི་དབང་གི་ངོ་བོ་འདི་ནི་གདོན་མི་ཟ་བར་ཁས་བླང་བར་བྱ་སྟེ། གང་གི་ཕྱིར་དེ་ནི་རྟོག་པའི་དྲྭ་བ་མ་ལུས་པའི་གཞིར་འདོད་པའི་ཕྱིར་རོ། །སྦྲུལ་འཁྲུལ་པ་ཐག་པའི་རྒྱུ་མཚན་ཅན་ནི་དེ་ལ་ལྟོས་པར་མི་རིགས་ལ། བུམ་པར་འཁྲུལ་པ་ས་སོགས་པའི་རྒྱུ་མཚན་ཅན་ནི་ས་ལ་སོགས་པ་ལ་མ་ལྟོས་པར་ནམ་མཁའི་ཁམས་སུ་འབྱུང་བ་མི་འགྱུར་བ་དེ་བཞིན་དུ། འདིར་ཡང་ཕྱི་རོལ་གྱི་དོན་མེད་ན་སྔོན་པོ་ལ་སོགས་པའི་རྟོག་པ་ཅིའི་རྒྱུ་མཚན་ཅན་ཞིག་ཏུ་འགྱུར། དེའི་ཕྱིར་གདོན་མི་ཟ་བར་རྟོག་པའི་རྒྱུ་གཞན་གྱི་དབང་གི་ངོ་བོ་ཁས་བླང་བར་བྱ་སྟེ། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་རྒྱུ་ཡིན་པའི་ཕྱིར་རོ། །ཞེས་གསུངས་པ་ལྟར། སྤྱིར་སེམས་ཙམ་པའི་རྟེན་འབྲེལ་གྱི་རྣམ་གཞག་འཕགས་པ་ཐོགས་མེད་ཀྱིས་མཛད་པའི་ས་སྡེ་ལྔ་རྣམས་ལས་རྒྱ་ཆེར་གསུངས་པ་ལྟར་ཡིན་མོད། འདིར་དབུ་མ་ལ་འཇུག་པ་ལས་བསྟན་པའི་ཁྱད་ཆོས་གསུམ་ལྡན་གྱི་ཀུན་གཞིའི་སྟེང་ནས་རྟེན་འབྲེལ་གྱི་ཚུལ་ཅུང་ཟད་སྨྲ་བར་འདོད་དོ། །དེ་ཡང་མུ་སྟེགས་པ་སྤྱི་དང་དེང་གི་འཛམ་གླིང་གི་སྐྱེ་བོ་ཕལ་མོ་ཆེས་ཕྱི་ནང་གི་འཇིག་རྟེན་ཡོད་དོ་ཅོག་འཇིག་རྟེན་བཀོད་པ་པོ་དང་། ཡང་ན་བདག་རྟག་པ་ལས་བྱུང་བར་འཛིན་པའི་ལོག་རྟོག་དང་། རང་སྡེ་བྱེ་མདོ་གཉིས་ཀྱི་ཕྱི་ནང་གི་འཇིག་རྟེན་གྲུབ་ཚུལ་ལ་རྨོངས་པའི་ཆ་དུ་མ་ཞིག་ཀྱང་ཚུལ་འདི་ལ་བརྟེན་ནས་སེལ་ནུས་པའི་ཕྱིར་རོ། །འདི་པས་འཁོར་འདས་གཉིས་ཇི་ལྟར་འབྱུང་བའི་རྩ་བ་ཐུག་ས་ནི་ཁྱད་ཆོས་གསུམ་ལྡན་གྱི་ཀུན་གཞི་ཡིན་པར་འདོད་ལ། འཁོར་རྩ་མ་རིག་པ་བཞག་པ་ནི་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ཐོག་མའི་མ་རིག་པ་ལ་དགོངས་ནས་གསུངས་པ་ཡིན་ནོ། །བྱེ་མདོ་གཉིས་ནི་འཁོར་རྩ་ལ་རྟེན་འབྲེལ་བཅུ་གཉིས་ཀྱི་མ་རིག་པ་ལས་ལོགས་སུ་འདི་པའི་ལུགས་ལྟར་ཀུན་གཞི་ཁས་མི་ལེན་ནོ།།

ལྔ། སེམས་ཙམ་པའི་ལུགས་ལ་རྟེན་འབྲེལ་ལ་འདུས་བྱས་ཀྱིས་ཁྱབ་མིན་དཔྱད་པ།

སྤྱིར་ཡོངས་གྲགས་ལྟར་ན་སེམས་ཙམ་པའི་ལུགས་ལའང་རྟེན་འབྲེལ་ལ་འདུས་བྱས་ཀྱིས་ཁྱབ་པ་ལྟ་བུར་གསུངས་པ་ཡོད་མོད། དེ་ནི་སེམས་ཙམ་པའི་འདུས་བྱས་རྟེན་འབྲེལ་རྩལ་འདོན་མཛད་པའི་སྐབས་ཡིན་པས་སྐྱོན་མེད་ལ། ཐེག་པ་ཆེན་པོའི་བཀའ་དང་བསྟན་བཅོས་ཕལ་མོ་ཆེ་ལས་རྟེན་འབྲེལ་གྱི་ཚུལ་གཙོ་བོར་རྒྱུ་རྐྱེན་རྟེན་འབྲེལ་ལ་སྦྱར་ནས་གསུངས་པ་ནི་ཐེག་པ་གོང་འོག་འདྲ་སྟེ། དཔེར་ན། རྩ་ཤེས་ཀྱི་མཆོད་བརྗོད་དང་། ཐེག་པ་ཐུན་མོང་གིས་ཁས་ལེན་པའི་སཱ་ལུ་ལྗང་པའི་མདོ་རྣམས་ཀྱི་ཚིག་ཟིན་ལ་འདུས་བྱས་རྟེན་འབྲེལ་འདི་ཁོ་ན་གསལ། འོན་ཏེ། འདི་པས་མཚན་ཉིད་གསུམ་ཀ་ལ་རྟེན་འབྲེལ་གྱིས་ཁྱབ་པར་རིགས་པས་གྲུབ་སྟེ། གཞན་དབང་ལ་རྒྱུ་རྐྱེན་རྟེན་འབྲེལ་གྱིས་ཁྱབ་པ་དང་། ཀུན་བཏགས་དང་ཡོངས་གྲུབ་གཉིས་ལ་བཏགས་པ་ཙམ་གྱིས་རྟེན་འབྲེལ་དང་རྒྱུ་རྐྱེན་རྟེན་འབྲེལ་གཉིས་ཅི་རིགས་པས་ཁྱབ་པས་སོ། །གཞན་དབང་ལ་རྟེན་འབྲེལ་ཡིན་མིན་དམིགས་བསལ་དོགས་པ་མེད་ཀྱང་། ཀུན་བཏགས་དང་ཡོངས་གྲུབ་གཉིས་རྟེན་འབྲེལ་ཡིན་ཚུལ་ཇི་ལྟར་ཞེ་ན། ཀུན་བཏགས་ནི་རང་གི་ཆ་ཤས་དང་དེ་ཉིད་དང་གཞན་གང་ཡང་མ་གྲུབ་ཀྱང་རང་གི་འཇོག་བྱེད་ཙམ་ལ་ལྟོས་ནས་གྲུབ་པས་རྟེན་འབྲེལ་དུ་སྨྲའོ། །ཡོངས་གྲུབ་ནི་གཟུང་འཛིན་རྫས་གཞན་གྱིས་སྟོང་པའི་ཆ་དེར་བཞག་ལ། དེ་ནི་རང་གི་དགག་བྱའི་ཁེགས་པའི་ཚུལ་ལ་ལྟོས་ནས་བཞག་པའམ། ཡང་ན་རང་གི་ཆ་ཤས་དང་དེ་ཉིད་དང་གཞན་མིན་ཡང་རང་གི་ཐུན་མོང་མ་ཡིན་པའི་འཇོག་བྱེད་ལ་ལྟོས་ནས་བཞག་པས་རྟེན་འབྲེལ་ཡིན་པར་དོགས་པ་མེད་དོ། །ཡང་ན། ཕྱི་དོན་བུམ་པ་ལ་ཆ་བཞག་ན་དེ་ནི་བག་ཆགས་ཀྱི་སྣང་བ་ལ་མ་ལྟོས་པར་ཡུལ་རང་གི་ངོས་ནས་མེད་པར་ཞལ་གྱིས་བཞེས་ལ། གལ་སྲིད་ཡུལ་རང་ངོས་ནས་ཡོད་པ་ཤེས་བཞིན་དེ་བག་ཆགས་ཙམ་གྱིས་སྣང་བར་འདོད་པ་ནི་རིགས་པ་གཏན་ནས་མི་ཤེས་པའི་རྨོངས་པའི་དམ་བཅའ་ཙམ་ལས་ནང་པའི་ཐེག་པ་ཆེན་པོའི་ལུགས་ག་ལ་ཡིན་ཏེ་མིན་ནོ། །བོད་ཀྱི་མཁས་པ་འགའ་རེས་འདི་དང་ཐལ་འགྱུར་བས་རྟོག་པས་བཏགས་ཚུལ་གཉིས་ཕྲ་རགས་ཡོད་པར་གསུངས་མོད། རང་གི་རྟོག་བཏགས་ཚད་གྲུབ་ཀྱི་ལྟ་བའི་སྟེང་ནས་གླེང་ན། འདི་གཉིས་ལ་ཕྲ་རགས་ཡོད་པ་ནི་བྱེད་པ་པོའི་ལྷས་གཟིགས་ན་མ་གཏོགས་གཞན་ནི་མ་དམིགས་སོ། །ཇི་ལྟར་མ་དམིགས་སོ་ཞེ་ན། འདི་དག་གིས་དྲུག་གི་ཅིག་ཆར་སྦྱར་བའི་རིགས་པས་རྡུལ་གཟུགས་ཡོད་ཚད་ཆ་དང་ཆ་ཤས་སོ་སོར་བསལ་བའི་ཤུལ་ན་གཞི་མེད་སྟོང་པ་ཉིད་དུ་ལེགས་པར་གཏན་ལ་ཕབ་སྟེ། ཕྱི་དོན་གྱི་སྣང་བ་འདི་དག་ནི་རྣམ་པར་རྟོག་པའི་ཆོ་འཕྲུལ་ཙམ་དུ་ངོ་འཕྲོད་པའི་ཕྱིར་རོ།།

འདི་ཙམ་ལ་རྟོག་བཏགས་ཚད་ལྡན་དུ་བཞག་ཐུབ་ཀྱི་མེད་ན་ཁྱེད་ཀྱིས་རྟོག་བཏགས་ཚད་གྲུབ་ལ་རྟོག་བཏགས་ཀྱི་དོན་ལྷག་པོར་ཅི་ཞིག་མཆིས་ཨང་། རྟོག་བཏགས་དང་ཚད་མས་གྲུབ་པ་གཉིས་ནི་འཇིག་རྟེན་ཁམས་ན་འགལ་བ་ཚབས་ཆེ་ཤོས་དེ་མ་ཡིན་ནམ། སོམས་དང་། བུམ་པ་དེ་རྟོག་པས་བཏགས་པ་ཡིན་ན་ཚད་མས་གྲུབ་པ་ཇི་ལྟར་ཡིན་ནམ། ཚད་མས་གྲུབ་ན་རྟོག་པས་བཏགས་པ་ཇི་ལྟར་ཡིན་ནམ། འདི་ནི་བློ་དོན་མཐུན་ལ་ཤིན་ཏུ་འཆར་དཀའ་བ་མ་ཡིན་ནམ། ལྟོ་ལྡིར་བ་ལ་ཀ་བ་ཞེས་རྟོག་པས་དང་པོ་ནས་བཏགས་ན་ལྟོ་ལྡིར་བའི་སྟེང་དུ་ཀ་བ་འགོག་པའི་ཚད་མ་དེ་གང་། ཀ་བ་ལ་བུམ་པ་ཞེས་དང་པོ་ནས་བཏགས་ན་ཀ་བའི་སྟེང་དུ་བུམ་པ་འགོག་པའི་ཚད་མ་དེ་གང་། ཡུལ་ཕྱོགས་འགའ་རེ་ན་ཟླ་བ་ལ་ཉི་མ་ཟེར་བ་དང་། ཉི་མ་ལ་ཟླ་བ་ཟེར་གྱི་ཡོད་ན་ཟླ་བ་ཆོས་ཅན་ཉི་མ་མ་ཡིན་ཏེ། ཞེས་རྒྱུ་མཚན་ཅི་ཞིག་འགོད་ཀྱི་ཡིན་ནམ། རང་ཅག་ལ་མ་གྲགས་པའི་ཕྱིར་ཟེར་བ་ཙམ་ལས་རྒྱུ་མཚན་གཞན་ཅི་ཡང་མེད་དོ། །དེས་ན་རྟོག་པས་ཆོས་དེ་དང་དེ་ལ་བརྡ་དང་ཐ་སྙད་སྣ་ཚོགས་སྦྱར་ཏེ་རེ་ཞིག་རང་རང་གི་སྣང་ངོར་བདེན་བདེན་རྫུན་རྫུན་དུ་སྒྲོ་བཏགས་པ་ཙམ་ལས་ཐུན་མོང་གི་བདེན་པ་ཞིག་ནི་སྲིད་ན་མེད་དོ། །དེ་མེད་པར་དབུ་མ་པ་མ་ཟད་བྱེ་སྨྲ་ནས་སེམས་ཙམ་པའི་བར་ལེགས་པར་རྟོགས་ཡོད་དོ།།

དྲུག རང་རྒྱུད་པའི་རྟེན་འབྲེལ་འཇོག་ཚུལ།

མངོན་རྟོགས་རྒྱན་ལས།[19] དེ་ནས་སེང་གེ་རྣམ་བསྒྱིངས་པའི། །ཏིང་ངེ་འཛིན་ལ་སྙོམས་བཞུགས་ནས། །རྟེན་ཅིང་འབྲེལ་འབྱུང་ལུགས་མཐུན་དང་། །ལུགས་མི་མཐུན་ལ་རྟོག་པར་བཞེད། །ཅེས་གསུངས་པ་ལྟར། འགྲེལ་པ་དོན་གསལ་ལས།[20] མཐོང་བའི་ལམ་ཐོབ་པའི་རྣལ་འབྱོར་པ་དེ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་འཇིགས་པ་མེད་པའི་ཕྱིར་ཏིང་ངེ་འཛིན་སེང་གེ་རྣམ་པར་བསྒྱིངས་པ་ལ་སྙོམས་པར་ཞུགས་ནས། དུས་ཕྱིས་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་སོ། །ཞེས་བྱ་བ་ལ་སོགས་པ་ལུགས་དང་མཐུན་པ་དང་། སྐྱེ་བ་འགགས་པས་རྒ་ཤི་འགག་གོ་ཞེས་བྱ་བ་ལ་སོགས་པ་ལུགས་དང་མི་མཐུན་པར་ཡང་དག་པར་རྟོག་གོ །ཞེས་གསལ་བ་ལྟར། རྟེན་འབྲེལ་ཡན་ལག་བཅུ་གཉིས་ལ་སྦྱར་ནས་འཆད་པ་གྲུབ་མཐའ་འོག་མ་རྣམས་དང་འདྲ་ལ། བརྟེན་ནས་བཏགས་པ་ཙམ་གྱི་རྟེན་འབྲེལ་ལམ་མིང་རྐྱང་བཏགས་ཡོད་ཙམ་གྱི་རྟེན་འབྲེལ་འཇོག་སྟངས་ཐལ་འགྱུར་བ་དང་འདྲ་བས་འདིར་ལོགས་སུ་མ་བཤད་དོ།།

བདུན། ཐལ་འགྱུར་བའི་རྟེན་འབྲེལ་ལ་དཔྱད་པ།

ཚིག་གསལ་ལས།[21] རྟེན་ཅིང་འབྲེལ་བར་འབྱུང་བ་འགག་པ་མེད་པ་ལ་སོགས་པ་ཁྱད་པར་བརྒྱད་ཀྱིས་ཁྱད་པར་དུ་བྱས་པ་ནི། ཞེས་དང་། དེའི་ཕྱིར་དངོས་པོ་རྣམས་ཀྱི་འབྱུང་བ་རྒྱུ་དང་རྐྱེན་ལ་ལྟོས་པ་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་ཏོ། །ཞེས་དང་། ཕྲད་ནས་ཞེས་བྱ་བའི་སྒྲ་ཡང་ལྟོས་ནས་ཞེས་བྱ་བའི་སྒྲའི་རྣམ་གྲངས་ཡིན་པའི་ཕྱིར་དང་། ཞེས་དང་། ཡང་དེ་ཉིད་ལས།[22] དེའི་ཕྱིར་དེ་ལྟར་ན་འདིར་བཅོམ་ལྡན་འདས་ཀྱིས་དངོས་པོ་རྣམས་ཀྱི་འབྱུང་བ་རྒྱུ་དང་རྐྱེན་ལ་ལྟོས་པ་ཡོངས་སུ་གསལ་བར་མཛད་པ་ན། དངོས་པོ་རྣམས་རྒྱུ་མེད་པ་ཉིད་དང་། རྒྱུ་གཅིག་པུ་ཉིད་དང་། མི་མཐུན་པའི་རྒྱུ་ལས་བྱུང་བ་ཉིད་དང་། རང་དང་གཞན་དང་གཉི་གས་བྱས་པ་ཉིད་བཀག་པར་འགྱུར་ལ། དེ་དག་བཀག་པས་ནི་དངོས་པོ་ཀུན་རྫོབ་པ་རྣམས་ཀྱི་རང་གི་ངོ་བོ་ཀུན་རྫོབ་པ་ཇི་ལྟར་གནས་པ་བཞིན་གསུངས་པར་འགྱུར་རོ། །ཞེས་གསལ་བ་ལྟར། སྤྱིར་རྟེན་ལྟོས་ཕྲད་གསུམ་དོན་གཅིག་དང། དེ་ལ་ལྟོས་ནས་འབྱུང་བ་དང་། དེ་ལ་བརྟེན་ནས་འབྱུང་བ་དང་། དེ་ལ་ཕྲད་ནས་འབྱུང་བར་རྟོགས་པ་ལ་དངོས་པོ་རྒྱུ་མེད་ལས་བྱུང་བ་དང་། རྒྱུ་གཅིག་པུ་ཉིད་ལས་བྱུང་བ་སོགས་ལ་ལོག་པར་རྟོག་པའི་སྒྲོ་འདོགས་ཁེགས་དགོས་ཚུལ་བསྟན་ཏོ།།

བརྒྱད། ཐལ་འགྱུར་བའི་རྟེན་འབྲེལ་གྱི་མཚན་ཉིད་ལ་དཔྱད་པ།

ཁ་ཅིག་གིས། རང་གི་འདོགས་བྱེད་ལ་ལྟོས་ནས་གྲུབ་པ། རང་གི་ཆ་ཤས་ལ་ལྟོས་ནས་གྲུབ་པ། གདགས་གཞི་ལ་ལྟོས་ནས་གྲུབ་པ། ལྟོས་ནས་གྲུབ་པ་སོགས་རྟེན་འབྲེལ་གྱི་མཚན་ཉིད་འཇོག་པ་དང་། ལྟོས་ནས་གྲུབ་པ་ལ་ཚད་མས་གྲུབ་དགོས་པར་འདོད་པ་མི་འདྲ་བ་དུ་མ་སྣང་མོད། དབུ་མ་ལ་འཇུག་པ་ལས།[23] ཕན་ཚུན་དོན་ལ་བརྟེན་པའི་གྲུབ་པ་ནི། །གྲུབ་པ་མིན་ཞེས་ཐམས་ཅད་མཁྱེན་དེས་གསུངས། །ཞེས་དང་། རང་འགྲེལ་ལས། གལ་ཏེ་རྣམ་པར་ཤེས་པ་ནུས་པ་ལ་ལྟོས་ནས་འགྲུབ་ན། དེ་གྲུབ་པའམ་མ་གྲུབ་པ་ཞིག་ནུས་པ་ལ་ལྟོས་གྲང་། གལ་ཏེ་མ་གྲུབ་པ་ཡིན་ན་ནི། །མ་གྲུབ་པའི་ཕྱིར་བོང་བུའི་རྭ་ལྟར་ནུས་པ་ལ་མི་ལྟོས་སོ། །འོན་ཏེ་གྲུབ་པ་ལ་ལྟོས་ན་ནི་གྲུབ་པའི་ཕྱིར་དེ་ལྟོས་པར་མི་རུང་ངོ་། །དེ་ལྟར་ཕན་ཚུན་དོན་ལ་བརྟེན་པའི་གྲུབ་པ་ནི་གྲུབ་པ་མིན་ཞེས་མཁྱེན་རབ་མངའ་བ་རྣམས་ཀྱིས་གསུངས་སོ། །ཞེས་དང་། །རྩ་ཤེས་ལས། དངོས་པོ་ལྟོས་འགྲུབ་གང་ཡིན་པ། །དེ་མ་གྲུབ་ན་ཇི་ལྟར་ལྟོས། །ཅི་སྟེ་གྲུབ་པ་ལྟོས་ཤེ་ན། །དེ་ནི་ལྟོས་པར་མི་རིགས་སོ། །ཞེས་གསུངས་པ་ལྟར། རྟོག་ངོར་ལྟོས་ནས་གྲུབ་པ་དང་། སྤྱིར་ལྟོས་ནས་གྲུབ་པའི་ཁྱད་པར་དང་། ཡང་ན་འཇིག་རྟེན་ངོར་ལྟོས་ནས་གྲུབ་ཚུལ་དང་སྤྱིར་ལྟོས་ནས་གྲུབ་ཚུལ་ལེགས་པར་མ་ཤེས་པའི་དབང་གིས་དེ་ལྟར་ཀུན་རྟོག་གི་རི་མོ་སྣ་ཚོགས་བྲིས་པར་སྣང་ངོ་། །འོ་ན་ཁྱོད་ཀྱིས་རྟེན་འབྲེལ་གྱི་མཚན་ཉིད་ཇི་ལྟར་འཇོག་ཅེ་ན། ཁོ་བོས་ནི། ཅིར་ཡང་མ་གྲུབ་པ་ལ་ཅིར་ཡང་འཆར་དུ་རུང་བ་རྟེན་འབྲེལ་གྱི་མཚན་ཉིད་དུ་འདོད་དོ། །དེ་ཡང་དབུ་མ་ལ་འཇུག་པ་རང་འགྲེལ་ལས།[24] དེ་ཕྱིར་དངོས་པོ་ཐམས་ཅད་སྟོང་ན་ཡང་། །སྟོང་ཉིད་དག་ལས་རབ་ཏུ་སྐྱེ་བར་འགྱུར། །ཞེས་ཚིག་རྐང་སྔ་མ་སྟོང་ན་ཡང་ཞེས་པས་ཆོས་ཐམས་ཅད་ཅིར་ཡང་མ་གྲུབ་ཚུལ་བསྟན། ཚིག་རྐང་གཉིས་པས་སྟོང་ཉིད་དག་ལས་རབ་ཏུ་སྐྱེ་བར་འགྱུར་ཞེས་པས་ཅིར་ཡང་འཆར་དུ་རུང་ཚུལ་བསྟན་ནོ། །འདི་ནི་དཔལ་ལྡན་ཟླ་བའི་གཞུང་གི་བརྗོད་དོན་སྙིང་ལྟ་བུ་དམར་རྗེན་དུ་བཏོན་ཏེ་ཁྱེད་རྣམ་པའི་སྤྱན་ལམ་དུ་བཤམས་པ་ལགས་ན་འདི་ལ་དྲི་མ་མེད་པའི་ཤེས་རབ་ཀྱིས་ཡང་ཡང་དཔྱད་པར་བྱའོ།།

དགུ། ཐལ་རང་གཉིས་ཀྱི་རྟེན་འབྲེལ་ལ་ཕྲ་རགས་ཡོད་མེད་དཔྱད་པ།

འགའ་རེས་གསུངས་ན། རང་རྒྱུད་པས་ཆ་ཤས་ལ་ལྟོས་ནས་གྲུབ་པའི་རྟེན་འབྲེལ་འཇོག་ཐུབ་ཀྱང་གདགས་གཞི་ལ་ལྟོས་ནས་གྲུབ་པའི་རྟེན་འབྲེལ་འཇོག་མི་ཐུབ་ཟེར། གདགས་གཞི་ལ་ལྟོས་ནས་གྲུབ་པར་བཞག་པ་ལ་མིང་བརྡ་ཙམ་གདགས་གཞིར་བཞག་ནས་དེ་ལ་ལྟོས་ནས་གྲུབ་ཚུལ་གཞག་དགོས་ལ། དེ་རང་རྒྱུད་པས་ཁས་མི་ལེན་ཟེར། དེ་ནི་འཐད་པར་མ་མཐོང་སྟེ། དབུ་མ་རྒྱན་རྩ་བར།[25] རྣམ་པར་རྟོག་ལ་བརྟེན་ན་ཡང་། །ཀུན་རྫོབ་པར་འགྱུར་ཡང་དག་མིན། །ཞེས་དང་། དབུ་མ་རྒྱན་རང་འགྲེལ།[26] ཀུན་རྫོབ་ཅེས་བྱ་བའི་རྣམ་པར་རྟོག་པའི་བློ་ལ་བརྟེན་པའི་ཕྱིར་མི་སྐྱེ་བ་ལ་སོགས་པ་ནི་ཀུན་རྫོབ་པར་འགྱུར་གྱི། དོན་དམ་པ་ནི་མ་ཡིན་ཏེ། ཤིང་ལ་སོགས་པའི་སྒྲའི་དོན་བཞིན་ནོ། །ཞེས་དང་། དབུ་མ་རྒྱན་རྩ་བ་ལས།[27] མ་བརྟགས་གཅིག་པུ་ཉམས་དགའ་ཞིང་། །སྐྱེ་དང་འཇིག་པའི་ཆོས་ཅན་པ། །དོན་བྱེད་པ་དག་ནུས་རྣམས་ཀྱི། །རང་བཞིན་ཀུན་རྫོབ་པ་ཡིན་རྟོགས། །ཞེས་གསུངས་པ་ལྟར། ཀུན་རྫོབ་བདེན་པ་ནི་མ་བརྟགས་ཉམས་དགའ་བའི་རྣམ་རྟོག་ལ་བརྟེན་པ་ཙམ་སྟེ། དཔེར་ན། རྟོག་ངོར་ཤིང་གི་དོན་སྤྱི་ལ་ཤིང་དུ་སྣང་བ་ལྟར་དོན་ལ་ནི་མིང་བརྡ་ཙམ་ལས་རང་ངོས་ནས་ཡོད་ཚུལ་ཞིག་མ་གསུངས་ལ། ཐལ་འགྱུར་བ་ལའང་མིང་བརྡས་བཞག་ཚུལ་འདི་ཙམ་ལས་གཞན་དུ་མ་དམིགས་པའི་ཕྱིར་རོ།།

བཅུ། རྟེན་འབྱུང་ཕྲ་མོའི་ནང་གི་ཕྲ་ཤོས་ངོས་བཟུང་བ།

བློ་གྲོས་རྒྱ་མཚོས་བསྟན་པའི་མདོ་ལས།[28] ཚངས་པ་ཆོས་གང་ཡང་ཡོངས་སུ་མ་གྲུབ་པ་དེ་ཡོད་པ་ཉིད་དོ་ཞེའམ། །མེད་པ་ཉིད་དོ་ཞེས་ཁས་མི་ལེན་ཏོ། །ཞེས་དང་། ལངྐར་གཤེགས་པའི་མདོ་ལས། ཡོད་པའི་ཟླས་དྲངས་མེད་པ་སྟེ། །ཡོད་པའང་མེད་པའི་ཟླས་དྲངས་སོ། །དེ་བས་མེད་པར་བརྗོད་མི་བྱ། །ཡོད་པ་ཉིད་དུའང་མི་བརྟག་གོ །གང་ལ་ཅི་ཡང་མི་སྐྱེ་བ། །ཅི་ཡང་འགག་པར་མི་འགྱུར་ཏེ། །འཇིག་རྟེན་རྣམ་པར་དབེན་མཐོང་བ། །དེ་ལ་ཡོད་དང་མེད་འགྱུར་ཏེ། །ཞེས་གསུངས་པ་ལྟར། རྩ་ཤེས་ཀྱི་མཆོད་བརྗོད་ལས་བསྟན་པའི་སྣང་སྟོང་དབྱེར་མེད་དམ། སྤྲོས་མཐའ་བརྒྱད་བྲལ། རྣམ་གྲངས་མ་ཡིན་པའི་དོན་དམ་གང་ཡིན་པ་དེ་རྟེན་འབྲེལ་ཕྲ་ཤོས་ཡིན་ནོ། །ཡིད་བཞིན་མཛོད་ལས།[29] ཀུན་རྫོབ་རྣམ་ཆད་རྣམ་དབྱེའི་ཡུལ་འདས་པས། །བཏགས་པའི་བདེན་གཉིས་འདས་ཕྱིར་སྤྲོས་ཀུན་ཞི། །བདེན་པ་དབྱེར་མེད་གྲུབ་དང་མ་གྲུབ་མེད། །དབྱིངས་ལ་སྣང་སྟོང་རང་བཞིན་གཉིས་མེད་པས། །བདེན་པ་དེ་ཡང་དབྱེར་མེད་ཅེས་སུ་བརྗོད། །ཅེས་གསུངས་པ་ལྟར། འདི་ནི་འཕགས་པའི་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་ཡུལ་དུ་ཡོད་ལ། དེ་ཡང་རྣམ་བཅད་དགག་པའི་ཆ་ནས་དེ་ལྟར་ཐ་སྙད་འཐད་ཀྱི་ཡོངས་གཅོད་སྒྲུབ་པའི་ཚུལ་དུ་ནིི་མ་ཡིན་ནོ། །སྟོང་གཞི་ཀུན་རྫོབ་སྟེང་གི་སྣང་སྟོང་དབྱེར་མེད་དམ་སྣང་སྟོང་ཟུང་འཇུག་རྣམས་ནི་བག་ཆགས་དང་མ་རིག་པས་ཕར་བཞག་པའི་སྣང་སྟོང་ཟུང་འཇུག་ཉི་ཚེ་བ་ཡིན་པས་སོ་སོ་རང་རིག་གི་སྤྱོད་ཡུལ་མིན་ནོ། །ཚུལ་འདིའི་སྐོར་གཞན་དང་གཞན་དུ་ཁོ་བོས་བཤད་ཟིན་པས་འདིར་མི་སྤྲོའོ།།

བཅུ་གཅིག རྟག་ཆད་ཀྱི་མཐའ་འཇོག་ཚུལ་ལ་དཔྱད་པ།

ཀུན་མཁྱེན་ཀློང་ཆེན་པས་ཡིད་བཞིན་མཛོད་ལས།[30] རབ་འབྱོར་ཆོས་ཐམས་ཅད་ནི་བདེན་པའམ་རྫུན་པ་གང་དུ་ཡང་མེད་དེ། རང་བཞིན་གྱིས་ངོ་བོ་ཉིད་མེད་པའི་ཕྱིར་རོ། །ཞེས་སོ། །དེ་ཉིད་དོན་དམ་དུ་གསུངས་སོ་ཞེ་ན། དཔྱད་པ་མཚུངས་ཏེ། དོན་ལ་མ་གྲུབ་ན་ཐ་སྙད་དུའང་བཞག་ཏུ་མེད་པའི་ཕྱིར་ཏེ། མོ་གཤམ་ལ་བུ་དོན་དམ་ལ་མེད་ལ་ཀུན་རྫོབ་ཏུ་ཡོད་པར་མི་རུང་བ་བཞིན་ནོ། །དེས་ན་ཚུལ་འདི་ཡང་སྒྲོ་བཏགས་ཀྱི་གཟེབ་ལས་མ་འདས་པར་སྣང་། དོན་ལ་མ་གྲུབ་ཅེས་པས་རྟག་ཆད་ལས་མ་འདས་པ་ཉིད་དེ་སྣང་སྟོང་ལས་བདེན་ཞེན་གྱིས་མ་བྲལ་བའི་ཕྱིར་རོ། །རིགས་པ་དྲུག་ཅུ་པའི་འགྲེལ་པ་ལས། གང་ཡང་ཀུན་རྫོབ་ཏུ་ཡོད་པས་ཁས་བླངས་པ་དེའི་ཚེ་རྟག་པར་འགྱུར་ལ། དོན་དམ་པར་མེད་པར་ཁས་བླངས་པ་དེའི་ཚེ་ཆད་པར་འགྱུར་བའི་ཕྱིར་ཞེས་སོ། །ཞེས་གསུངས་པ་ལྟར། དཔེར་ན། བུམ་པ་དོན་དམ་པར་མེད་པ་དེ་ཆད་མཐའ་དང་། ཐ་སྙད་དུ་ཡོད་པ་རྟག་མཐའ་ཡིན་ཞེས་དང་། ཡོན་ཏན་རིན་པོ་ཆེ་སྡུད་པ་ལས། གལ་ཏེ་མི་ཤེས་བཞིན་དུ་གཟུགས་སུ་འདུ་ཤེས་ཤིང་། །ཚོར་བ་སེམས་པ་རྣམ་ཤེས་ཕུང་པོར་སྤྱོད་བྱེད་ཅིང་། །ཕུང་འདི་སྟོང་ཞེས་རྟོག་ནའང་བྱང་ཆུབ་སེམས་དཔའ་ནི། །མཚན་མ་ལ་སྤྱོད་སྐྱེ་མེད་གནས་ལ་དད་མ་ཡིན། །ཞེས་དང་། ཀླུ་སྒྲུབ་ཀྱིས། བློ་ཆུང་གང་དག་དངོས་རྣམས་ལ། །ཡོད་པ་ཉིད་དང་མེད་ཉིད་དུ། །ལྟ་བ་དེ་ནི་བལྟ་བྱ་བ། །ཉེ་བར་ཞི་བ་ཞི་མི་མཐོང་། །ཞེས་དང་། ཡོད་ཅེས་བྱ་བར་རྟག་པར་འཛིན། །མེད་ཅེས་བྱ་བ་ཆད་པར་ལྟ། །དེ་ཕྱིར་ཡོད་དང་མེད་པ་ལ། །མཁས་པས་གནས་པར་མི་བྱའོ། །ཞེས་སོགས་གསུངས་པ་ལྟར། དོན་དམ་པར་མེད་པ་དེ་ཅིའི་ཕྱིར་ཆད་མཐའ་ཡིན་ཞེ་ན། དབུ་མ་པས་ཆོས་ཐམས་ཅད་རང་རང་གི་ངོ་བོས་སྟོང་པ་ཉིད་ཡིན་པའི་གནད་ཀྱིས་འཁོར་འདས་ཀྱི་སྣང་བ་འཆར་ཞིང་བྱ་བྱེད་རུང་བར་འདོད་ལ། ངོ་བོ་སྟོང་པ་ཉིད་མ་ཡིན་ན་འཁོར་འདས་ཀྱི་སྣང་བ་གང་ཡང་འཆར་མི་རུང་ལ་བྱ་བྱེད་སོགས་ཅི་ཡང་མི་རུང་ཞེས་པ་སྟེ། རྩ་ཤེས་ལས།[31] གང་ལ་སྟོང་པ་ཉིད་རུང་བ། །དེ་ལ་ཐམས་ཅད་རུང་བར་འགྱུར། །གང་ལ་སྟོང་ཉིད་མི་རུང་བ། དེ་ལ་ཐམས་ཅད་རུང་མི་འགྱུར། །ཞེས་གསུངས་པ་ལྟར་རོ། །དེས་ན་ཆོས་རང་གི་ངོ་བོས་མི་སྟོང་པར་དེའི་སྟེང་དུ་དགག་བྱ་ཐ་སྙད་དུའང་མེད་པའི་སྟོང་པ་དེ་ནི་སྣང་བ་དང་བྲལ་བའི་སྟོང་པ་ཕྱང་ཆད་ཡིན་པས། དེ་ཉམས་སུ་བླངས་པས་ཟག་མེད་ཀྱི་ཡོན་ཏན་མི་འབྱུང་ལ། འཁོར་བའི་སྣང་བའང་མི་འབྱུང་བས་འཁོར་འདས་གཉིས་ཀ་རྒྱུན་ཆད་པ་འགྱུར་བས་ཆད་མཐའ་ཞེས་གསུངས་པ་ཡིན་ནོ། །འོ་ན། གང་ཡང་མ་གྲུབ་པ་ལྟ་བའང་ཆད་ལྟར་འགྱུར་ཞེ་ན་མ་ཡིན་ཏེ། རྩ་ཤེས་ལས།[32] སྔོན་བྱུང་བ་ཡང་མེད་ཅེས་པ། །དེས་ན་ཆད་པར་ཐལ་བར་འགྱུར། །ཞེས་གསུངས་པ་ལྟར། དང་པོ་ནས་ཡོད་པ་ཞིག་མེད་པར་བལྟས་ན་ཆད་ལྟ་ཡིན་པ་ལས་དང་པོ་ནས་ཡོད་མེད་གང་དུ་ཡང་མ་གྲུབ་པ་ལ་མ་གྲུབ་པར་ལྟ་བ་ནི་ཆད་ལྟ་མིན་ཞེས་གསུངས་སོ།།

བཅུ་གཉིས། དབུ་མ་པའི་ལུགས་ཀྱི་མ་རིག་པ་ངོས་འཛིན་པ།

ལུགས་འདིར་རྟེན་འབྲེལ་ཕྲ་ཤོས་ཁས་ལེན་ཀུན་བྲལ་གྱི་གནས་ལུགས་ཡིན་པ་ལྟར། དེའི་ལྡོག་ཕྱོགས་རྟོག་པས་བཟུང་ཚད་མ་རིག་པའམ་རྨོངས་པ་ཡིན་ཏེ། རྒྱུད་བླ་མ་ལས།[33] འཁོར་གསུམ་རྣམ་པར་རྟོག་པ་གང་། །དེ་ནི་ཤེས་བྱའི་སྒྲིབ་པར་འདོད། །སེར་སྣ་ལ་སོགས་རྣམ་རྟོག་གང་། །དེ་ནི་ཉོན་མོངས་སྒྲིབ་པར་འདོད། །ཅེས་དང་། མངོན་རྟོགས་རྒྱན་ལས།[34] སྦྱིན་ལ་སོགས་ལ་ངར་འཛིན་མེད། །གཞན་དག་དེ་ལ་སྦྱོར་བྱེད་པ། །དེ་ནི་ཆགས་པའི་མཐའ་འགོག་པས། །རྒྱལ་ལ་སོགས་པ་ཆགས་པ་ཕྲ། །ཞེས་པའི་ཐད་དུ་འགྲེལ་པ་དོན་གསལ་ལས།[35] དེ་བཞིན་གཤེགས་པ་ལ་སོགས་པ་ལ་ཕྱག་འཚལ་བ་ལ་སོགས་པ་ནི་བསོད་ནམས་ཀྱི་ཚོགས་ཀྱི་རྒྱུ་ཡིན་པ་ཉིད་ཀྱིས་གཉེན་པོ་ཡིན་མོད་ཀྱི། ཆགས་པ་ཕྲ་མོའི་ངོ་བོ་ཉིད་ཀྱིས་རྣམ་པ་ཐམས་ཅད་དུ་མ་ཡིན་པས་མི་མཐུན་པའི་ཕྱོགས་ཡིན་ནོ། །ཞེས་དང་། སྤྱོད་འཇུག་ལས། སྡུག་བསྔལ་ཉེ་བར་ཞི་དོན་དུ། །འབྲས་བུ་རྨོངས་པ་བཟློག་མི་བྱ། །ཞེས་པའི་ཐད་དུ། ཀུན་མཁྱེན་མི་ཕམ་རྒྱ་མཚོས་མཛད་པའི་ཤེར་འགྲེལ་ཀེ་ཏ་ཀ་ལས།[36] རྨོངས་པ་ནི་རྣམ་པ་ཀུན་ཏུ་བཟློག་བྱ་མ་ཡིན་ནམ་ཞེ་ན། དོན་དམ་པར་ཐོབ་པ་མེད་ཀྱང་སྣང་ཚུལ་ལ་ཡོད་པས་ན། རེ་ཞིག་ཆོས་ཉིད་མངོན་དུ་གྱུར་པའི་སངས་མ་རྒྱས་ཀྱི་བར་དུ་འབྲས་བུ་མི་གནས་པའི་མྱང་འདས་ལ་ཀུན་རྫོབ་ཙམ་དུ་འཐོབ་བྱར་ལྟ་བའི་རྨོངས་པ་ནི་བཟློག་པར་མི་བྱ་སྟེ། འདི་ལ་བརྟེན་ནས་སྲིད་པའི་སྡུག་བསྔལ་ཉེ་བར་ཞི་བར་བྱེད་དགོས་པས་སོ། །མཐར་གཟུང་འཛིན་གྱི་སྤྲོས་པ་མཐའ་དག་བྲལ་བ་ན་སྲིད་ཞིར་མངོན་པར་ཞེན་པའི་ཤེས་སྒྲིབ་ཕྲ་མོ་འདི་ཡང་ལྡོག་པར་འགྱུར་ཏེ། དེ་ནི་སངས་རྒྱས་ཀྱི་ས་ཡིན་གྱི། ད་ལྟ་སྤོང་མི་ནུས་ཏེ། བདེན་གཉིས་ཟུང་དུ་མ་ཆུད་པར་གནས་སྣང་རྣམ་པ་ཀུན་ཏུ་མི་མཐུན་པའི་ཕྱིར། ཞེས་སོགས་གསུངས་པ་ལྟར། འབྲས་བུ་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་འདོད་པའི་བློའང་གནས་སྐབས་ཉམས་སུ་བླང་བྱ་ཡིན་ཡང་མཐར་ཐུག་ནི་རྒྱ་མཚོ་ལས་ཕ་རོལ་ཏུ་བརྒལ་ཟིན་པ་ན་གྲུ་གཡུགས་ནས་འགྲོ་དགོས་པ་ལྟར། དེ་ནི་ཤེས་སྒྲིབ་ཡིན་པས་མཐར་ཐུག་ནི་རྟོག་པ་ཡོད་ཚད་གཡུགས་ནས་འགྲོ་དགོས་པར་བསྟན་ནོ། །ཚུལ་འདི་ལྟ་བུ་རང་རྒྱུད་པས་ཀྱང་ཁས་ལེན་ཏེ། སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི་སཱ་ལུ་ལྗང་པའི་མདོའི་རྒྱ་ཆེར་འགྲེལ་ལས།[37] མ་རིག་པ་ལ་རྣམ་པ་གཉིས་ཏེ། རྒྱུ་དང་འབྲས་བུ་ལ་རྨོངས་པའི་མཚན་ཉིད་དང་། དེ་ཁོ་ན་ལ་རྨོངས་པའི་མཚན་ཉིད་དོ་ཞེས་པ་ནས་རྒྱུ་དང་འབྲས་བུ་ལ་རྨོངས་པ་མ་ཡིན་པའི་མཚན་ཉིད་ལས་དགེ་བའི་རྩ་བ་འབྱུང་བ་ཡང་ཡོད་པས་མི་འགལ་ཏེ། ཉེས་པ་མེད་དོ། །དེ་བས་ན་དེ་ཁོ་ན་ལ་ལོག་པར་ཤེས་པ་ནི་མ་རིག་པ་ཞེས་བྱའོ། །ཞེས་གསུངས་པ་ལྟར། ཟག་བཅས་དགེ་རྩ་ཡོད་ཚད་དེ་ཁོ་ན་ཉིད་ལ་རྨོངས་པའི་མ་རིག་པ་ཉིད་དུ་གསུངས་པའི་ཕྱིར་རོ།།

བཅུ་གསུམ། སྟོང་པ་རྟེན་འབྱུང་དང་རྟེན་འབྱུང་སྟོང་པར་འཆར་ཚུལ་ལ་དཔྱད་པ།

མདོ་ལས། ཇི་སྐད་དུ། སྟོང་པ་ཁོ་ནའི་ཆོས་རྣམས་ལས། །སྟོང་པའི་ཆོས་རྣམས་འབྱུང་བར་ཟད། །ཁ་ཏོན་མར་མེ་མེ་ལོང་བརྒྱ། །མེ་ཤེལ་ས་བོན་སྐྱུར་དང་སྒྲས། །ཕུང་པོ་ཉིང་མཚམས་སྦྱོར་བ་ཡང་། །མི་འཕོ་བར་ཡང་མཁས་རྟོགས་བྱ། །ཞེས་དང་། དབུ་མ་ལ་འཇུག་པ་ལས།[38] དེ་ཕྱིར་དངོས་པོ་ཐམས་ཅད་སྟོང་ན་ཡང་། །སྟོང་ཉིད་དག་ལས་རབ་ཏུ་སྐྱེ་བར་འགྱུར། །ཞེས་དང་། དབུ་མ་རྒྱན་ལས།[39] དེ་ཕྱིར་ཀུན་རྫོབ་རྒྱུ་མེད་ན། །རུང་མིན་ཞེས་པའང་ལེགས་མ་ཡིན། །གལ་ཏེ་འདི་ཡི་ཉེར་ལེན་པ། །ཡང་དག་ཡིན་ན་དེ་སྨྲོས་ཤིག །ཅེས་དང་། ཀུན་མཁྱེན་མི་ཕམ་རྒྱ་མཚོས་མཛད་པའི་དབུ་མ་རྒྱན་འགྲེལ་འཇམ་དབྱངས་བླ་མ་དགྱེས་པའི་ཞལ་ལུང་ལས།[40] དེ་ལ་དངོས་སྨྲ་བ་དག་ནི་སྣལ་མ་མེད་པའི་སྣམ་བུ་ལྟར་ཀུན་རྫོབ་སྣང་བ་སྣ་ཚོགས་ལ་སྣང་བའི་རྒྱུ་མེད་ན་སྣང་མི་རུང་བར་བསམས་ནས། རྡུལ་དང་ཤེས་པ་ཆ་མེད་དམ། གཉིས་སྟོང་གི་ཤེས་པ་སོགས་སྣང་གཞིའམ་རྒྱུ་ཉིད་དུ་ཁས་ལེན་ཞིང་། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཤིང་རྟའི་ཡན་ལག་ལ་བརྟེན་ནས་ཤིང་རྟར་བཏགས་པ་བཞིན། ཕུང་པོ་རྒྱུར་བྱས་ནས་སེམས་ཅན་དུ་གདགས་པར་གསུངས་པ་ཡིན་ནོ་ཞེས་ཟེར་ལ། དབུ་མ་པ་ནི་སྣང་བའི་གཞིར་གྱུར་པའི་བདེན་པ་ཞིག་མེད་པ་དེ་ཉིད་ཀྱིས་སྣང་བ་མི་འགག་པར་ཤར་བར་མཁྱེན་ནས་ཆོས་ཐམས་ཅད་སྟོང་པ་ལས་རང་སྣང་བར་འདོད་དེ། གཟུགས་བརྙན་སྟོང་བཞིན་དབང་པོའི་སྤྱོད་ཡུལ་དུ་གྱུར་པ་ལ་སོགས་པ་བཞིན་དུ་སྟོན་པར་བྱེད་དོ། །ཞེས་དང་། ཤེས་རབ་སྙིང་པོ་ལས། གཟུགས་སྟོང་པ་ཉིད། སྟོང་པ་ཉིད་གཟུགས་སོ། །གཟུགས་ལས་ཀྱང་སྟོང་པ་ཉིད་གཞན་མ་ཡིན་ནོ། །སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ། །ཞེས་གསུངས་པ་ལྟར། སྣང་བཞིན་སྟོང་པ་དང་། སྟོང་བཞིན་སྣང་བའི་ངང་ཚུལ་གསལ་བར་མཛད་པ་ལྟར་རོ།།

བཅུ་བཞི། རྟེན་འབྲེལ་རྟོགས་པའི་ཕན་ཡོན།

རྩ་བ་ཤེས་རབ་ལས།[41] རྨད་བྱུང་བས་ཀྱང་འདི་རྨད་བྱུང་། །ངོ་མཚར་བས་ཀྱང་འདི་ངོ་མཚར། །ཞེས་དང་། དབུ་མ་རྒྱན་འགྲེལ་འཇམ་དབྱངས་བླ་མ་དགྱེས་པའི་ཞལ་ལུང་ལས།[42] སྤྱིར་བདེན་མེད་ཀྱི་རིགས་པས་སྟོང་པར་རྟོགས་པ་སླ་ཡང་། སྟོང་པ་རྟེན་འབྱུང་དུ་འཆར་བ་ལ་ཡིད་ཆེས་ཐོན་དཀའ་བ་ཡིན། དེ་ཐོན་ན་མདོ་སྔགས་ཐམས་ཅད་ཀྱི་ལྟ་བའི་རྨང་འགྲིགས་པ་ཡིན་ནོ། །དེས་ན་སྣང་གཞི་ཐད་ཀར་བདེན་མེད་ཟང་ཐལ་དུ་ངེས་པའི་ངེས་ཤེས་ཀྱི་ངང་ནས་སྣང་བ་རྟེན་འབྲེལ་བསླུ་མེད་དུ་འཆར་ཚུལ་མཐོང་བ་འདི་རྨད་དུ་བྱུང་བས་ཀྱང་རྨད་དུ་བྱུང་བ་ཡིན་ལ། །ཞེས་གསུངས་པ་ལྟར། ནང་གི་ཀུན་རྟོག་ཕྲ་མོའི་སྲོག་རྩ་གཅོད་པ་ལ་མེད་དུ་མི་རུང་བའི་ཐབས་དམ་པ་ནི་རྟེན་འབྲེལ་ཟབ་མོའི་ལམ་འདི་འབའ་ཞིག་ཡིན་པས་འདིའི་དོན་རྟོགས་ན་གཞན་ནི་ཅི་ཡང་མི་དགོས་པར་སེམས་སོ།།

རྨད་བྱུང་རྟེན་འབྲེལ་ཟབ་མོ་འཆད་པའི་མཐུས། །སྐྱེ་རྒུའི་རྨོངས་པའི་ཚོགས་རྣམས་ཞི་གྱུར་ཅིག།
རྒྱལ་བསྟན་ཉི་མའི་འོད་ཀྱི་སྣང་བ་དེ། །ནམ་ཡང་ནུབ་པ་མེད་པར་ཁྱབ་གྱུར་ཅིག།

ཕྱི་ལོ་ ༢༠༢༣ ལོའི་ཟླ་བ་ ༠༢ པའི་ཚེས་ ༡༢ དུས་བཟང་ཁྱད་པར་ཅན་གྱི་ཉིན་ཝཱ་ཎའི་ཆེས་མཐོ་གཙུག་ལག་ཁང་གི་བསླབ་པ་བགྲེས་པའི་དགུན་ཆོས་སྐབས་ནང་པའི་གྲུབ་མཐའ་སྨྲ་བ་བཞིའི་རྟེན་འབྲེལ་འཇོག་ཚུལ་སྐོར་ལ་བདག་ལ་དཔྱད་རྩོམ་ཞིག་འབྲི་དགོས་ཚུལ་སྐབས་ལྔ་བཅུ་པའི་སློབ་གཉེར་བའི་བདེ་དོན་ལྷན་ཚོགས་ཀྱིས་སྐུལ་མ་གནང་བ་ལྟར་ཤིན་ཏུ་བྲེལ་བའི་ངང་ནས་ཚུལ་ཁྲིམས་འགྱུར་མེད་ཀྱིས་སྤེལ་བ་དགེའོ། །དགེའོ།།


[1]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༠༩ ལོའི་པར་མ། རྩ་བ་ཕྱོགས་བསྒྲིགས་དེབ། ཤོག་ངོས་ ༢༡༥ པར་གསལ།

[2]  ཝཱ་ཎའི་པར་མ། ཤོག་ངོས་ ༣༨༠ པར་གསལ།

[3]  ཝཱ་ཎའི་པར་མ། ཤོག་ངོས་ ༢༩༠ པར་གསལ།

[4]  དགེ་ལྡན་པར་མ། ཤོག་ངོས་ ༤༠༡ པར་གསལ།

[5]  དགེ་ལྡན་པར་མ། ཤོག་ངོས་ ༤༠༦ པར་གསལ།

[6]  དགེ་ལྡན་པར་མ། ཤོག་ངོས་ ༤༡༠ པར་གསལ།

[7]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༧ ལོའི་པར་མ། ཤོག་ངོས་ ༢༧ པར་གསལ།

[8]  བསྟན་འགྱུར་དཔེ་བསྡུར་མ། དེབ་ཕྲེང་ ༧༡ ཤོག་ངོས་ ༥༣༧ པར་གསལ།

[9]  ཝཱ་ཎའི་དགེ་ལྡན་པར་མ། ཤོག་ངོས་ ༡༩༨ པར་གསལ།

[10]  ཝཱ་ཎའི་དགེ་ལྡན་པར་མ། ཤོག་ངོས་ ༤༡༡ པར་གསལ།

[11]  ཝཱ་ཎའི་པར་མ། ཤོག་ངོས་ ༣༦༦ པར་གསལ།

[12]  སེར་བྱེས་པར་མ། ཤོག་ངོས་ ༡༦ པར་གསལ།

[13]  བླ་རུང་པར་མ། ཤོག་ངོས་ ༢༡༦ པར་གསལ།

[14]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་པར་མ། ཤོག་ངོས་ ༤༢༣ པར་གསལ།

[15]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་པར་མ། ཤོག་ངོས་ ༤༢༥ པར་གསལ།

[16]  ཝཱ་ཎའི་དགེ་ལྡན་པར་མ། ཤོག་ངོས་ ༦༩༩ པར་གསལ།

[17]  ཝཱ་ཎའི་དགེ་ལྡན་པར་མ། ཤོག་ངོས་ ༦༩༩ པར་གསལ།

[18]  ས་སྐྱའི་པར་མ། ཤོག་ངོས་ ༡༣༩ པར་གསལ།

[19]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་པར་མ། ཤོག་ངོས་ ༡༢༧ པར་གསལ།

[20]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་པར་མ། ཤོག་ངོས་ ༡༢༧ པར་གསལ།

[21]  ཝཱ་ཎའི་དགེ་ལྡན་པར་མ། ཤོག་ངོས་ ༢ པར་གསལ།

[22]  ཝཱ་ཎའི་དགེ་ལྡན་པར་མ། ཤོག་ངོས་ ༣ པར་གསལ།

[23]  ས་སྐྱའི་པར་མ། ཤོག་ངོས་ ༢༣༣ པར་གསལ།

[24]  ས་སྐྱའི་པར་མ། ཤོག་ངོས་ ༡༢༤ པར་གསལ།

[25]  ཐཱའི་ཝན་པར་མ། ཤོག་ངོས་ ༡༡ པར་གསལ།

[26]  སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་པར་མ། ཤོག་ངོས་ ༡༨ པར་གསལ།

[27]  ཐཱའི་ཝན་པར་མ། ཤོག་ངོས་ ༡༡ པར་གསལ།

[28]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༤ ལོའི་པར་མ། དབུ་མ་རྒྱན་འགྲེལ་གྱི་ཤོག་ངོས་ ༢༤༡ ནང་དྲངས་ཡོད།

[29]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་པར་མ། ཤོག་ངོས་ ༢༤༢ པར་གསལ།

[30]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་པར་མ། ཤོག་ངོས་ ༡༡༦ པར་གསལ།

[31]  ཐཱའི་ཝན་པར་མ། ཤོག་ངོས་ ༡༡ པར་གསལ།

[32]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་པར་མ། ཤོག་ངོས་ ༢༦ པར་གསལ།

[33]  ཐཱའི་ཝན་པར་མ། ཤོག་ངོས་ ༤༧ པར་གསལ།

[34]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་པར་མ། ཤོག་ངོས་ ༦༤ པར་གསལ།

[35]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་པར་མ། ཤོག་ངོས་ ༦༤ པར་གསལ།

[36]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་པར་མ། ཤོག་ངོས་ ༣༦ པར་གསལ།

[37]  ཝཱ་ཎའི་པར་མ། ཤོག་ངོས་ ༤༢༥ པར་གསལ།

[38]  ཐཱའི་ཝན་པར་མ། ཤོག་ངོས་ ༡༧༧ པར་གསལ།

[39]  ཐཱའི་ཝན་པར་མ། ཤོག་ངོས་ ༡༡ པར་གསལ།

[40]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་པར་མ། ཤོག་ངོས་ ༢༤༤ པར་གསལ།

[41]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་པར་མ། ཤོག་ངོས་ ༡༧ པར་གསལ།

[42]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་པར་མ། ཤོག་ངོས་ ༢༤༥ པར་གསལ།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།