བྷོ་ཊའི་སྲིད་སྐྱོང་ལ་སྤྲིང་བའི་གཏམ།

ཀུན་མཁྱེན་རིག་འཛིན་འཇིགས་མེད་གླིང་པ།

བཀྲ་ཤིས་རི་མོ་གཡས་སུ་འཁྱིལ་བའི་དུང་།།
རིན་ཆེན་གསུམ་གྱི་གྲགས་པའི་བ་དན་ཅན།།
རྣ་ལུང་དཔྱངས་པའི་མོད་ལ་སྲིད་བཅས་ཀྱི།།
སྡུག་བསྔལ་བདེན་པ་མཐར་བྱེད་གང་ཞིག་རྒྱལ།།

ཕྲ་རབ་རྡུལ་གྱི་ཞིང་ཁམས་རྡུལ་སྙེད་ཀྱང་།།
མི་མཇེད་འདི་ཡི་སྒྲོན་མའི་སྣང་བྱེད་ལ།།
སྐྲག་ནས་ཀུན་འབྱུང་མུན་པར་བྲོས་པའི་ཚུལ།།
ངེས་པར་འབྱུང་བའི་རབ་བྱེད་དང་པོ་ལགས།།

དེ་འགོག་ལམ་ནི་ཐར་པ་དམ་པ་སྟེ།།
ཁྲིམས་ཀྱི་རྟེན་ལ་བདེན་བཞིའི་མངོན་རྟོགས་ཅན།།
འཁོར་ལོ་དང་པོའི་མཛོད་ཁང་གངས་རིའི་ཁྲོད།།
གནས་སམ་ཅིག་ཤོས་ཤེས་རབ་གསུམ་ལ་རག།

རྒྱལ་བ་སྟོན་པ་དེ་ཡི་དམ་པའི་ཆོས།།
ལུང་དང་རྟོགས་པའི་སྙིང་པོ་མདོ་སྡེ་དང་།།
ཆོས་མངོན་རྒྱ་མཚོའི་བསྡུ་བ་བྱང་ཆུབ་སེམས།།
རྣམ་པ་གཉིས་ལས་གཞན་དུ་ཅི་ཞིག་མཆིས།།

དེ་ཕྱིར་སེམས་ཅན་མོས་པ་ཐ་དད་པའི།།
ཆོས་ཁམས་སོ་སོའི་རྣམ་པར་རིག་པ་དང་།།
མཐུན་པར་འཆར་འདི་རྒྱལ་བའི་ཕྲིན་ལས་ཕྱིར།།
དགག་སྒྲུབ་སྤངས་པའི་རྣམ་ཐར་མཆོག་ལ་རངས།།

རྒྱུད་ལྔར་འཕྱན་པའི་འགྲོ་བ་འདི་དག་གི།
སྡུག་བསྔལ་བདེན་པའི་མངོན་རྟོགས་འགོག་པ་ལ།།
དམ་པའི་ནང་ནས་དམ་པར་གྱུར་པའི་དོན།།
གང་ལ་མཆིས་དེ་འཁོར་བ་མཐའ་ཅན་ཉིད།།

ཕུང་པོ་ལྔ་ཡི་མངོན་ཞེན་མ་ལྡོག་ན།།
འཇིག་ཚོགས་ལ་བལྟའི་རི་བོའི་ཁུར་གྱིས་ནོན།།
སྟོང་པར་བལྟ་དང་[1]གནས་འགྱུར་སྒོམ་པ་ཡང་།།
ལམ་བདེན་ཉིད་དེ་སློབ་པ་[2]མིན་དེ་རྨད།།

དེ་ལྟ་མོད་ཀྱི་གནས་སྐབས་འཇིག་རྟེན་གྱི།།
བདེ་སྡུག་རྒྱལ་པོའི་ཕྱི་ན་སོན་པའི་ཕྱིར།།
བྱམས་པའི་སྟོབས་ཀྱིས་གནོད་སྦྱིན་སྤུན་ལྔ་ལས།།
མངའ་རིས་སྨོན་འཇུག་སེམས་ཀྱིས་བསྲུངས་ལྟར་སྐྱོབས།།

ཁྱུ་མཆོག་བགྲོད་པ་དྲང་ངམ་གཡོ་བའི་རྗེས།།
གཞན་དག་དོགས་པ་མེད་པར་རྒྱུ་བྱེད་ན།།
བསྡུ་བ་བཞི་ཡི་ཕྲིན་ལས་མེས་དབོན་དང་།།
ཟ་ཧོར་གདུང་གི་རྣམ་ཐར་བདག་གིར་བཞེས།།

སེམས་ཅན་ལས་ཀྱི་རྗེས་སུ་འགྲོ་བའི་ཕྱིར།།
བདག་ཉིད་ཁོ་ནས་བསྲུང་བའི་མཐུ་མེད་ཀྱང་།།
རྫོགས་ལྡན་གསར་དུ་དབྱེ་བའི་ཐུགས་བསྐྱེད་ལ།།
དཀར་ཕྱོགས་ལྷས་ཀྱང་བསྙེམ་ལ་སོམ་ཉིི་བྲལ།།

མི་ཡི་ཆོས་ལུགས་ལེགས་པར་མི་ཤེས་ཤིང་།།
རྫུ་འཕྲུལ་ངག་དང་ཀུན་སྤྱོད་བརླང་པོ་ཡིས།།
རང་སྲུང་ཕ་རོལ་གནོན་པ་ལྷུར་བྱེད་པ།།
རྒྱལ་པོའི་ཁབ་ན་མོད་ལ་གཞུངས་ཀྱང་འཚལ།།

བསམ་གཏན་ཐོབ་པའི་མངོན་པར་ཤེས་པ་ནི།།
རང་ཉིད་ལ་མེད་གཞན་ལའང་དེ་བཞིན་པས།།
གཡོན་ཕྱོགས་ལྷ་ཡི་གྱ་ཚོམ་ཚིགས་བཅད་ལ།།
རེ་དང་དོགས་པའི་ཆོམ་རྐུན་ཟིལ་གྱིས་གནོན།།

ལྐོག་གྱུར་མངོན་པར་གསལ་བའི་མཐུ་མེད་ཀྱང་།།
དབེན་པར་ཆོས་ཉིད་སྒོམ་པའི་རྒྱུ་མཐུན་ལས།།
བྱང་ཆུབ་སེམས་གཉིས་ལམ་ལ་བསྙེན་དེའི་ཕྱིར།།
བཞེད་དོན་འགྲུབ་པའི་སྨོན་པ་ཡང་དག་ཞུ།།

གཏམ་གྱི་ཚོགས་ལེའུ་བཅུ་གཅིག་པའོ།།


[1] ཡིད་དཔྱོད་ཀྱི་སྒོམ།

[2] སྒོམ་མེད་རྫོགས་ཆེན།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།