ལོ་རིམ་བཞི་པའི་སློབ་གཉེར་བ། ལྷག་པ་ཚེ་རིང་།
རྒྱུ་སྐར་རྒྱལ་ལྟར་དབྱིབས་ཟླུམ་གོ་ལ་ཡི་པང་དུ།།
སྣང་བྱེད་འོད་བཞིན་འཕྲོས་པའི་ཤེས་བྱ་ཡི་བང་མཛོད།།
ཆོས་ལུགས་རིག་པའི་མཁས་པ་མང་པོ་ཞིག་བརྟས་གསལ།།
ཤཱཀྱ་སེང་གེའི་ལུགས་འཛིན་ལྡབ་འགྱུར་གྱིས་སྤེལ་དགོས།།
མཛེས་པའི་ཉམས་བརྒྱ་རྫོགས་པའི་བསིལ་ལྡན་གྱི་གན་དུ།།
ཤེས་རིག་བཀྲ་བའི་མི་འགའ་ཞབས་བྲོ་རེ་འཁྲབས་ནས།།
འཛུམ་པའི་ཚེམས་ཕྲེང་སྟོན་གྱིན་རང་གནས་སུ་ཕེབས་ཚར།།
རྒྱུ་འབྲས་བཞེད་པའི་གྲས་དག་མལ་ནང་དུ་ལུས་ཞག།།
ལུང་རྟོགས་པད་དཀར་འདབ་གཉེན་ལྷབ་ལྷུབ་ཏུ་སྐྱོད་པའི།།
སྤྲིན་བྲལ་མཁའ་དབྱིངས་མཚུངས་པའི་དམ་ཆོས་ཀྱི་ཐིགས་པ།།
མདངས་ལ་ཉེ་བའི་རབ་སྐྱེས་རྗེས་འགྲོ་ཡི་གཞོན་ལ།།
བསྟན་པའི་རྩ་བ་ཧྲུལ་བའི་གཉེན་པོ་རུ་གཏོར་དང་།།
གློག་འགྱུ་དཔེ་རུ་བཟུང་ནས་མུན་སེལ་གྱི་སྒྲོན་མེ།།
སྒྱུ་མ་མཚན་གཞིར་བཞག་སྟེ་གློག་བརྙན་གྱི་གྲོང་ཁྱེར།།
མནོ་བསམ་བཅོ་བརྒྱད་བཏང་ནས་མཁོ་དགུ་དག་བསྐྲུན་སོང་།།
གཞུང་ལུགས་ནང་གི་དཔེ་དེ་རྩོད་ར་རུ་ལྷག་འདུག།།
མ་རིག་རྨོངས་པ་གཅོད་པའི་དྲང་ངེས་ཀྱི་སྨན་རིལ།།
དུས་འགྱང་མ་མཆིས་ཞག་ལ་ཐེངས་རེ་རེ་མཆོད་ནས།།
གཏི་མུག་མནར་བའི་འགྲོ་ལ་ཕན་པ་རེ་མཛོད་དང་།།
སྲིད་པའི་ཚ་གདུང་ཁྲོད་ནས་གཉིས་ཀ་རུ་གྲོལ་ངེས།།
