བླ་མའི་མཛད་ཕྲིན་ལ་བསྔགས་པ་བཅོས་མིན་སེམས་ཀྱི་རང་མདངས།

ལོ་རིམ་དྲུག་པའི་སློབ་གཉེར་བ། ཚེ་བརྟན་དབང་ཕྱུག

གསལ་འཚེར་པད་དཀར་ཟླ་བའི་གདན་ཁྲིའི་སྟེང་དུ།།
ཞི་ཞིང་བདེ་བའི་དཔལ་འབར་ཟུར་ཕུད་ལྔ་པ།།
རེ་ཞིག་བདེ་བའི་བསམ་གཏན་མལ་ནས་བཞེངས་ཏེ།།
འཇིགས་མེད་སྨྲ་བའི་ངག་གི་དངོས་གྲུབ་སྩོལ་དང་།།

རྨད་བྱུང་བུ་རམ་ཤིང་པའི་རིགས་རུས་མིན་ཡང་།།
གདོད་ནས་བྱང་ཆུབ་ཆེན་པོའི་གོ་འཕང་རྙེད་པ།།
ཁམས་གསུམ་ཆོས་ཀྱི་རྒྱལ་པོ་༸གྲུབ་དབང་བླ་མའི།།
རྣམ་ཐར་དད་པའི་ས་བོན་བརྗོད་ལ་སྤྲོ་འོ།།

རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས།།
བསླུ་མེད་རྡོ་རྗེའི་ལུང་གི་ཚིག་དོན་བཞིན་དུ།།
གནས་མཆོག་སྤོ་བོའི་སྟོད་ཀྱི་ཕུག་ཆེན་ཞིག་ནས།།
རིགས་ལྡན་ཁྱེའུའི་མཚན་དཔེ་གསར་པ་བཞད་བྱུང་།།

སྔ་འགྱུར་བསྟན་པའི་སྲོག་ཤིང་འགྱེལ་ལ་ཉེ་བས།།
འཇིག་རྟེན་འཁོར་བའི་ཆོས་བརྒྱད་ཕ་མཐར་གཡུགས་ཏེ།།
རྒྱུས་མེད་ནགས་ཁྲོད་སྟུག་པོར་ཉིན་མཚན་བར་མེད།།
ཆིབས་ཁ་དང་པོར་བསྒྱུར་བའི་མཛད་པ་རྨད་བྱུང་།།

འཇིགས་སུ་རུང་བའི་སྦྲུལ་གྱི་ཚང་ཆེན་ཞིག་ཏུ།།
དཔལ་རི་པདྨའི་གྲོང་གི་དཔེ་རུ་བླངས་ནས།།
བཀྲག་མདངས་རྣམ་པར་བཀྲ་བའི་ཞིང་གི་བཀོད་པ།།
དཔུང་ཤེད་ཁོ་ནར་བརྟེན་ནས་གསར་དུ་བསྐྲུན་ཡོད།།

ཤེས་བྱ་ཀུན་ལ་རྨོངས་པའི་དྲྭ་བ་བཅད་ནས།།
བརྩེ་བའི་འོད་སྟོང་གདུལ་བྱ་ཀུན་ལ་འཕྲོ་བས།།
དགའ་ལྡན་ཆོས་ཀྱི་ཁྲི་ལ་ཉམས་ཀྱིས་འགྱིང་བའི།།
རྒྱལ་བ་རྣམས་ཀྱང་མི་སྨྲའི་བརྟུལ་ཞུགས་འཛིན་འདུག།།

སྣ་ཚོགས་སྲིད་པའི་སྡུག་བསྔལ་གཏན་དུ་སྤངས་ཤིང་།།
གཞན་ཕན་གོ་ཆ་ནམ་ཡང་ལྷོད་པ་མེད་པར།།
འཁོར་བའི་གཡང་ས་ཆེ་ལས་ལམ་ཟབ་རྙེད་ནས།།
རེ་ཞིག་རྒྱལ་བའི་ཞིང་དུ་གཤེགས་པར་མཛད་ཀྱང་།།

སློབ་ཚོགས་ཁྲི་མ་འབུམ་གྱི་གདུང་ཤུགས་དྲག་པོས།།
བཅོས་མིན་སེམས་ཀྱི་རི་མོ་ཁྱེད་ལ་ཕྱོགས་ནས།།
རྩེ་གཅིག་གུས་པའི་སེམས་ཀྱིས་གསོལ་བ་བཏབ་པས།།
སླར་ཡང་འཛུམ་ཞལ་ངོམས་པའི་དགའ་སྤྲོ་ཚེས་བྱུང་།།

དཔལ་ཡུལ་མ་དགོན་ཐེག་ཆེན་ཆོས་ཀྱི་ཁྲི་ལ།།
དང་པོ་ཞབས་སོར་འཁོད་པའི་མཆོག་གི་སྤྲུལ་སྐུ།།
རྒྱང་རིང་འཇིག་རྟེན་གསལ་བའི་བརྙན་ཐུང་ཞིག་ནས།།
མཇལ་སྐལ་བྱུང་བའི་དགའ་བ་ཡིད་ལ་མ་ཤོང་།།

རྒྱལ་བ་ཀུན་ཀྱི་ཕྲིན་ལས་གཅིག་ཏུ་བསྡུས་པའི།།
འགྲོ་བ་སེམས་ཅན་ཡོངས་ཀྱི་སྐྱབས་གནས་དམ་པ།།
མི་འགྱུར་བདེ་ཆེན་གར་དབང་ཟིལ་གནོན་རྡོ་རྗེ།།
གསུམ་ལྡན་རྡོ་རྗེ་འཛིན་པའི་དབུས་ན་མཛེས་སོ།།

ངུར་སྨྲིག་འཛིན་པའི་ཁྱུ་ཚོགས་རབ་ཏུ་རྒྱས་ཤིང་།།
ཟབ་གསང་ཆོས་ཀྱི་དབྱངས་རྟ་ལྷང་ལྷང་སྒྲོག་པ།།
རྒྱལ་བ་གོང་མའི་རླབས་ཆེན་ཐུགས་ལས་འཁྲུངས་པའི།།
ཞིང་འདིའི་གསེར་ཁྲིའི་རྒྱན་ལ་མྱུར་དུ་ཕེབས་ཏེ།།

སྔ་ནས་ད་བར་ཁྱེད་ལ་རེ་བས་བསྒུགས་ནས།།
མ་རིག་གཉིད་ཀྱིས་བཏུམ་པའི་ཉམ་ཐག་བུ་ལ།།
ཟབ་ལས་ཆེས་ཟབ་གསང་ཆེན་སྙིང་པོའི་ཆོས་ཤིག།།
འགག་མེད་རྡོ་རྗེའི་གསུང་གིས་སྨིན་པར་མཛོད་དང་།།


དད་དམ་གཙང་མའི་དབྱངས་ཀྱི་རྒྱལ་མོ་བཞིན་དུ།།
སྙན་ཚིག་ཟེའུ་འབྲུའི་མེ་ཏོག་ཤར་སྐལ་མེད་ཀྱང་།།
དབྱངས་གསལ་སུམ་ཅུའི་སྡེབ་སྦྱོར་ནུར་འགྲོས་ཙམ་ཞིག།།
ཁོ་བོས་པདྨའི་ཚལ་དུ་སྦྱར་བ་དགེ་འོ།།

༠༨/༠༥/༢༠༢༤

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།