དག་ཞིང་ལ་དུང་བའི་སེམས་པ།

ལོ་རིམ་དགུ་པའི་སློབ་གཉེར་བ། བློ་བཟང་བརྩོན་འགྲུས།

སྙིང་པོ་མེད་པ་འཇིག་རྟེན་འཁོར་བའི་ཆོས།།
སྐྱེ་འཇིག་མཐའ་བཞི་ཅན་གྱི་རང་བཞིན་ལ།།
ནམ་ཡང་བདེ་བ་མེད་པའི་དུཿཁས་གཟིར།།
དེ་ལ་བསམས་ན་སྙིང་པོ་ཅི་ཞིག་འདུག།།

ལང་ཚོའི་འབྱོར་བ་ཕུན་སུམ་ཚོགས་ན་ཡང་།།
རྟག་བརྟན་མེད་ལ་ནམ་འཆི་མ་ངེས་ཤིང་།།
གཙང་བདེ་རྟག་བདག་འཛིན་པའི་སེམས་དེ་སྤོངས།།
བསྒྲུབ་བྱའི་དམ་པའི་ཆོས་ལ་སེམས་པར་གྱིས།།

རིགས་དྲུག་གང་དུ་སྐྱེ་བ་བླངས་ན་ཡང་།།
དུབ་པའི་སྡུག་བསྔལ་ཉིད་ལས་མ་འདས་ཤིང་།།
དེ་ལས་གྲོལ་འདོད་རྣམས་ཀྱིས་དུག་གསུམ་རྣམས།།
རྩད་ནས་གཅོད་ལ་བདེ་བའི་རྒྱུ་དེ་སྒྲུབས།།

སྐྱེས་ནས་མི་སྡོད་མཐའ་མར་གཤིན་རྗེའི་སར།།
ཐམས་ཅད་བོར་ཏེ་གཅིག་པུར་འགྲོ་དགོས་པས།།
གཉེན་དང་འབྱོར་བ་ཆེ་ཡང་ཅི་ལ་ཕན།།
དེ་ཕྱིར་ཕྱི་མར་ཕན་པའི་དམ་ཆོས་སྒྲུབས།།

སྒོ་གསུམ་ལས་ཀྱི་བག་ཆགས་ཅི་བསགས་ཀྱང།།
སྐྱིད་སྡུག་ལས་ཀྱི་འབྲས་བུ་མྱོང་དགོས་ཤིང་།།
ངན་སོང་ལྷུང་བྱེད་ནག་པོ་མི་དགེ་བཅུ།།
སྤོངས་ལ་མཐོ་རིས་འཐོབ་བྱེད་དགེ་བར་བརྩོན།།

ཐོག་མ་མེད་ནས་ད་ལྟའི་དུས་འདིའི་བར།།
མ་རིག་དབང་གིས་འོག་ནས་འོག་ཏུ་ལྷུང་།།
ད་ནས་སེམས་ལ་སྒྲིབ་པའི་དྲི་མ་རྣམས།།
རིམ་གྱིས་སྤོངས་ལ་ཞི་བ་མངོན་དུ་བྱོས།།

༡༠/༠༥/༢༠༢༤

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།