པོ་ཏཱ་ལས་བཙན་པོ་དྲན་པ།

འཆམ་ར་བ་དྲི་མེད་རྒྱལ་མཚན།


པོ་ཏཱ་ལ་ཡི་ལོ་ན་རྒས་སོང་ཁ་སྤུ་བཏོགས་བྱུང་།།
རི་བོའི་རྩེ་ནས་རྒྱང་བལྟས་བྱས་སོང་རེ་སྒུག་ཟད་མེད།།
མཚན་ནམ་དཀྱིལ་ནས་འཇབ་ཉན་བྱས་ཡོད་ཡིད་ཆེས་བརླགས་མེད།།
ཆུ་འགོ་སྦུགས་ནས་རུལ་དྲི་ཁ་སོང་ཕོ་བྲང་འདར་བྱུང་།།
འདར་བཞིན་འདར་བཞིན་མིག་ཆུ་ཤད་བྱུང་བཙན་པོ་དྲན་སོང་།།


པོ་ཏཱ་ལ་ཡི་ཡ་སོ་བཀོག་སོང་སྒབ་མཐའ་དབྲལ་བྱུང་།།
འཛམ་བུ་གླིང་ལ་བརྗིད་ཉམས་བསྟན་སོང་མགོ་འཕང་དམའ་མེད།།
ནག་པོ་རྒྱ་ལ་འགྲན་ཡ་བཟུང་སོང་རུས་པ་ཉམས་མེད།།
གྲོས་ར་སྦུགས་ནས་ཐལ་འཚུབ་འཕྱུར་སོང་ཕོ་བྲང་གས་བྱུང་།།
གས་བཞིན་གས་བཞིན་མིག་ཆུ་ཤད་བྱུང་བཙན་པོ་དྲན་སོང་།།


པོ་ཏཱ་ལ་ཡི་ལྷམ་ཡ་བོར་སོང་སྐེ་རགས་བཅད་བྱུང་།།
ལྷ་སའི་རྨི་ལམ་སེམས་ལ་རུམ་སོང་ཁ་ཕོ་གློད་མེད།།
ཤི་གསོན་བར་ན་ཟམ་པ་བཙུགས་སོང་ཁ་ཆེམས་རྫོགས་མེད།།
སྡེ་ཆེན་གྲོང་ནས་ཁྲག་དྲི་དྲོ་སོང་ཕོ་བྲང་ཞིག་བྱུང་།།
ཞིག་བཞིན་ཞིག་བཞིན་མིག་ཆུ་ཤད་བྱུང་བཙན་པོ་དྲན་སོང་།།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།