ལམ་ཟུར་ནས་ཤ་མ་ཉོ།

དཀོན་མཆོག་བསམ་གཏན། འཛིན་རིམ་བདུན་པ།


སྤྱིར་བཏང་ཤ་ཟ་མིན་ནི་གང་ཟག་སྒེར་གྱི་འཚོ་བ་དང་གོམས་གཤིས་ལ་ཐུག་ཡོད་སྟབས། དེ་ལ་བདག་ལྟ་བུ་ཞིག་གིས་ཟ་ཆོག་མིན་གྱི་སྐད་ཆ་བཤད་རྒྱུའི་ཁེ་དབང་གང་ན་ཡོད། འོ་ན་ཅི་རེད་ཟེར་ན། བསྟན་པ་སྤྱི་བཙན་དང་གང་ཟག་སྒོས་བཙན་ཞེས་པ་ལྟར། འུ་ཅག་ལ་སྟོན་པ་བཀའ་དྲིན་ཅན་གྱི་རྗེས་སུ་འཇུག་པའི་མིང་ཞིག་ཡོད་པའི་ཆ་ནས་དེའི་ལྟ་སྒོམ་སྤྱོད་གསུམ་སོགས་ཇི་མ་ཇི་བཞིན་ལག་ཏུ་ལེན་མ་ཐུབ་རུང་། དེའི་ཕྱོགས་སུ་གང་ཐུབ་ཅི་ཐུབ་ཀྱིས་འབད་བརྩོན་གནང་དགོས་པ་ནི་ང་ཚོའི་འོས་འགན་དང་དམིགས་ཡུལ་ཞིག་ཅི་ལ་མིན།
དཔེར་ན། ཆོས་ལུགས་གཞན་ཁ་ཆེ་དང་ཧིནྡུ་ཚོར་མཚོན་ན། ནང་གི་ལྟ་སྒོམ་སྤྱོད་གསུམ་ཡག་བཙོག་དང་མཐོ་དམན་གང་ལྟར་ཡང་། གླང་ཕག་གཉིས་ལྷ་རུ་རྩི་སྲོལ་ཡོད་པ་བཞིན་དེ་གཉིས་ཀྱི་ཚེ་སྲོག་ལ་དུས་ནམ་ཡང་གཡོ་འགུལ་མི་གཏོང་བ་མངོན་གསལ་ལྟར། འུ་ཅག་གི་ལྟ་སྒོམ་སྤྱོད་གསུམ་དེ་ཡང་ཁ་ནས་བཤད་པ་ཙམ་མ་ཡིན་པར་ལག་ནས་ཀྱང་ཏོག་ཙམ་ལེན་དགོས་པ་ནི་སྨོས་ཅི་དགོས། དེང་སང་འགྲུལ་བཞུད་ཆེ་སའི་ལམ་མདོ་དག་ན་ཉ་ཕག་བྱ་གསུམ་གྱི་རིགས་གཙོ་བོར་གྱུར་པའི་ཤ་འཚོང་སའི་སྒོ་འགྲམ་དུ་བང་སྒྲིག་མཁན་གྲྭ་བཙུན་ཉུང་ཉུང་ཞིག་ལར་ནས་མིན་ལ། དེ་ཡང་དུས་རེས་འགའ་ལྟ་བུ་ཞིག་མིན་པར་ཉིན་རྟག་པར་ཆད་མེད་དུ་ཡོད་ཡོད་འདྲ་ཞིག་རེད། དེ་ལྟའི་སྣང་ཚུལ་རྫོབ་པོ་དག་ཆོས་ལུགས་གཞན་པ་དག་གིས་མིག་ལམ་དུ་མཐོང་ཚེ། དུས་རྒྱུན་ཤར་ནུབ་ཀུན་ཏུ་འབྲུག་སྒྲ་ལྟར་གྲག་བཞིན་པའི་ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་བ་མེད་པ་ཞེས་པའི་ཚིག་སྙིང་རྗེ་མོ་དེར་སླར་ཡང་འགྲེལ་བཤད་ཅིག་རྒྱག་དགོས་བྱུང་ན་བདེ་པོ་ཞིག་ཨེ་ཡོད། དེས་ན་ཆོས་དཀོན་མཆོག་ལ་སྐྱབས་སུ་སོང་ན་སེམས་ཅན་ལ་འཚེ་བ་སྤོང་བར་ཁས་བླངས་ཤིང་དམ་བཅས་ཟིན་པའི་ནང་པ་ཞིག་ཏུ་ཁས་འཆེ་བ་ང་ཚོས་ད་ལྟ་ནས་བསམ་གཞིག་གཏོང་དགོས་པ་ཞིག་མ་ཡིན་ནམ། ལམ་ཟུར་ལ་རྐང་གསུམ་འཁོར་ལོ་སོགས་བཀག་ནས་གྲྭ་བཙུན་དག་གིས་ཤ་ཉོ་བ་ལ་མཚེར་སྣང་གང་ཡང་མེད་པར་ཁྱིམ་པས་ཤ་ཉོ་བ་དང་གཅིག་མཚུངས་སུ་སྣང་བ་ནི་ཡག་རྟགས་ཤིག་ག་ལ་ཡིན། ད་དུང་ཁ་ཤས་ཀྱིས་ཤ་དེ་ཚོ་ཡར་གཡུག་མར་གཡུག་བྱས་ནས་གདམ་ཀ་སྣ་ཚོགས་བྱེད་པ་མ་ཟད། ཤན་པ་དེར་ཤ་ཡག་པོ་མེད་རབས་སྣ་ཁ་བཅོ་བརྒྱད་ཤོད་ཀྱི་ཡོད།
དྲ་བའི་དུས་རབས་འདིར་ད་དུང་ཤཱཀྱའི་དགེ་སྦྱོང་དག་གིས་ཤིན་ཏུ་མི་འཚམ་པའི་བྱ་སྤྱོད་ལམ་ཟུར་ནས་ཤ་ཉོ་བ་ལྟ་བུ་མུ་མཐུད་ནས་ལྷོད་གཡེང་ངམ་སྣང་མེད་དུ་བཞག་ན། ཉིན་ཞིག་བརྙན་བླངས་པ་དང་པར་བརྒྱབ་པ་སོགས་བྱས་ན་ཤར་ནུབ་ཀུན་ཏུ་སྐད་ཅིག་ལ་ཁྱབ་པར་གྱུར་ཚེ། ཨ་ཁ་དང་སྐྱོ་གཏམ་ཇི་ཙམ་བཤད་ན་ཡང་ཕན་ཐོགས་ག་ལ་ཡོད། འདིའི་རིགས་ནི་ང་ཚོས་མཐོང་བཞིན་པའི་གནས་ཚུལ་ཞིག་ལས་ལྐོག་གྱུར་གྱི་སྐད་ཆ་ཟབ་མོ་གང་ཡང་མིན་སྟབས། ད་ལྟ་ནས་ཁ་མིག་ཆེ་ཙམ་གདངས། རྣ་བ་གཉིས་ཀྲོང་ཙམ་བགྱིས་ཏེ་འགྲོ་དགོས་པའི་དུས་ཚོད་ཅིག་རེད། ང་ཚོས་སྟོན་པའི་བསྟན་པ་ལ་ཞབས་ཏོག་སྒྲུབ་མ་ཐུབ་རུང་ཞབས་འདྲེན་མི་ཡོང་བའི་སླད་མི་རེ་ངོ་རེ་ནས་གཟབ་གཟབ་བྱ་རྒྱུ་ནི་ཧ་ཅང་གི་གལ་ཆེན་པོ་ཞིག་ཏུ་འཁུམས་ཡོད། ཁྱེད་རྣམ་པར་ཤ་མ་ཟ་ནམ་ཡང་ཟེར་གྱི་མེད། འོན་ཀྱང་ཤ་ཟ་སྟངས་དང་ཉོ་སྟངས་གཟབ་གཟབ་གནང་རོགས་ཞེས་ཞུ་ཡི་ཡོད། གཞུང་ལུགས་ཆེན་མོའི་ནང་གི་བཤད་སྟངས་ལྟར་ན། དྲན་པ་དང་ཤེས་བཞིན་གཉིས་ཀྱིས་རང་གི་ལུས་ངག་ཡིད་གསུམ་ལ་རྟག་ཏུ་བྱ་ར་བྱེད་དགོས་པར་གསུངས་པ་བཞིན། ང་ཚོས་སོ་སོའི་འགྲོ་འདུག་སྤྱོད་གསུམ་གང་ཞིག་བྱེད་ཀྱང་རུང་བག་ཡོད་པ་བྱ་རྒྱུ་གལ་ཆེ་བས། གལ་ཏེ་ཤ་ཉོ་དགོས་ཀྱང་མི་ཚོགས་ཉུང་ས་ཁུག་ཀྱོག་དག་ན་ཤ་ཉོ་ས་ག་ཚོད་དགོས་དགོས་ཡོད། ངེས་པར་དུ་མི་ཚོགས་འགྲུལ་བཞུད་མང་བའི་གཞུང་ལམ་ཞིག་ཏུ་ཨུ་ཚུགས་བརྒྱབ་ནས་ཤ་ཉོ་དོན་ཅི། རང་ཉིད་ལ་གནས་སྐབས་སྟབས་བདེ་པོ་ཞིག་གི་ཆེད་དུ་བསྟན་པ་སྤྱི་ལ་རྨ་ཁ་བཟོས་ན་ག་ལ་རུང་།
མདོར་ན་མི་ཚོགས་བཞུད་སའི་ལམ་ཟུར་ནས་རས་གཟན་དམར་པོ་གྱོན་མཁན་གྱི་གྲྭ་བཙུན་དག་གིས། ཉ་ཕག་བྱ་གསུམ་གྱིས་གཙོས་ཤ་ཡི་རིགས་སུ་གཏོགས་པ་མ་ཉོ་རོགས་ཞེས་སྙིང་ཁར་ཐལ་མོ་སྦྱར་ཏེ་རེ་སྐུལ་ཞིག་ཞུས་ན་འདོད་བྱུང་། གལ་སྲིད་དེ་ལ་འགལ་བ་དང་ནོར་བ་བྱུང་ཡོད་ན་དགོངས་དག་ཞུ་རྒྱུ་ཡིན།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།