༣༤༽མངོན་བརྗོད་ལས་ཉེ་བར་མཁོ་བའི་མིང་གི་རྣམ་གྲངས་འགའ་ཞིག

རྩོམ་སྒྲིག་པ།


འཕགས་རིགས་ཀྱི་མིང་།
་་་་་་་་་་་་འཕགས་རིགས་ལ།།
ཚངས་སྤྱོད་ནགས་གནས་དགེ་སློང་ཟེར།།

༡. ཚངས་སྤྱོད། ཚངས་སྤྱོད་ཅེས་པར་སྒྲ་བཤད་དུ་མེད་ནའང་། དོན་ལ་གྲོགས་ཚངས་པ་མཚུངས་པར་སྤྱོད་པ་ཞེས་པ་ལྟ་བུ་ཚུལ་ཁྲིམས་ཀྱི་སྤྱོད་པའམ་ཀུན་སྤྱོད་གཙང་མར་སྤྱོད་པའི་རིགས་ཀྱི་མཆོག་རྣམས་ལ་གོ་བའོ།།
༢. ནགས་གནས། འཕགས་པའི་རིགས་རྣམས་ནི་བླང་དོར་གྱི་གནས་ལ་ཚུལ་བཞིན་སྲུང་ཆེད་དབེན་པའི་ནགས་སུ་གནས་པས་ན་དེ་ལྟར་བརྗོད་པའོ།།
༣. དགེ་སློང་། སོ་ཐར་རིགས་བདུན་གྱི་ནང་གསེས་ཏེ་འདུལ་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་སྲུང་བར་ཁས་བླངས་ནས་དགེ་བའི་རྩ་བ་སློང་བར་བྱེད་པའི་གང་ཟག་གོ།

བྲམ་ཟེའི་མིང་།
སྔོན་སྐྱེས་གཉིས་སྐྱེས་ཚངས་པའི་བུ།།
ཁ་སྐྱེས་མགྲིན་སྐུད་བྲམ་ཟེའི་མིང་།།

༡. སྔོན་སྐྱེས། རིག་བྱེད་ཀྱི་གཏམ་རྒྱུད་དུ་བྲམ་ཟེ་དང་རྒྱལ་རིགས་དམངས་རིགས་སོགས་འཇིག་རྟེན་བྱེད་པོ་ཚངས་པ་ལས་སྐྱེས་པར་གྲགས་ཤིང་། བྲམ་ཟེ་རྣམས་ནི་རྒྱལ་རིགས་དམངས་རིགས་སོགས་རིགས་གཞན་རྣམས་ལས་སྔོན་དུ་སྐྱེས་པར་གྲགས་པས་ན་མིང་དེ་ལྟར་ཐོགས་པའོ།།
༢. གཉིས་སྐྱེས། བྲམ་ཟེ་ནི་དང་པོ་རིགས་བཞིའི་ནང་གི་བྲམ་ཟེའི་རིགས་ལས་སྐྱེས་པར་མ་ཟད། རྗེས་སུ་བྲམ་ཟེའི་བརྟུལ་ཞུགས་ལས་ཀྱང་འཁྲུངས་པ་ཡིན་པར་འདོད་པས་དེ་ལྟར་གཉིས་ལས་སྐྱེ་བར་འདོད་པས་ན་གཉིས་སྐྱེས་སོ།།
༣. ཚངས་པའི་བུ། བྲམ་ཟེ་ནི་ཚངས་པའི་བུ་ཡིན་པར་འདོད་པས་དེ་ལྟར་མིང་ཐོགས་པའོ།།
༤. ཁ་སྐྱེས། ཚངས་པའི་ཁ་ལས་སྐྱེས་པར་འདོད་པས་ན་ཁ་སྐྱེས་ཞེས་བྱའོ།།
༥. མགྲིན་སྐུད། མགྲིན་པར་བྲམ་ཟེའི་མཚོན་རྟགས་སམ་ཚེ་སྲུང་གི་ཆེད་སྐུད་རྒྱན་འདོགས་པས་སོ།།
༦. བྲམ་ཟེ། ཚངས་སྐྱེས་ཏེ་བྲཱཧྨཎཿའི་སྒྲ་ཟུར་ཆག་པ་འདི་རྒྱ་གར་བའི་ཆོས་ལུགས་ཀྱི་རིགས་ཤིག་སྟེ། མི་རབས་རིམ་བརྒྱུད་དུ་མཆོད་སྦྱིན་དང་། རིག་བྱེད་ཀློག་པ་སོགས་ཀྱིས་བྲམ་ཟེའི་ཆོས་ལུགས་སྐྱོང་བར་བྱེད་པའོ།།

འཁོར་གྱི་མིང་།
ཚོགས་པ་འདུས་པ་འཁོར་ལ་སྟེ།།

༡. ཚོགས་པ། རྒྱལ་པོ་ལྟ་བུའི་འཁོར་ལ་ཆབ་འབངས་རྣམས་གནས་གཅིག་ཏུ་འདུས་ཏེ་གནས་པ་ལ་ཚོགས་པ་ཞེས་བྱའོ།།
༢. འདུས་པ། འཁོར་རྣམས་རྒྱལ་པོ་ལྟ་བུའི་མངའ་འོག་ཏུ་འདུས་པ་ལ་དེ་ལྟར་ཐོགས་སོ།།

མཆོད་སྦྱིན་མིང་།
རྒྱུད་བདུན་པ་དང་མཐོ་རིས་དོན།།
སྦྱིན་སྲེག་ཅེས་པ་མཆོད་སྦྱིན་ཏེ།།

༡. རྒྱུད་བདུན་པ། མཆོད་སྦྱིན་གྱི་མིང་གི་རྣམ་གྲངས་ཏེ་དེ་ལ་བྱ་བའི་རྒྱུད། སྤྱོད་པའི་རྒྱུད། རྟོགས་པའི་རྒྱུད། གཉིས་ཀའི་རྒྱུད། རྣལ་འབྱོར་རྒྱུད། རྣལ་འབྱོར་ཆེན་པོའི་རྒྱུད། རྣལ་འབྱོར་བླ་ན་མེད་པའི་རྒྱུད་བཅས་རྒྱུད་བདུན་པའམ། རིམ་པ་བདུན་ཡོད་པར་གྲགས་པས་དེ་སྐད་ཅེས་བྱའོ།།
༢. མཐོ་རིས་དོན། མཐོ་རིས་ཀྱི་ལྷའི་གོ་འཕང་འཐོབ་པའི་ཆེད་དུ་མཆོད་སྦྱིན་བྱེད་པས་ན་དེ་ལྟར་ཐོགས་པའོ།།
༣. སྦྱིན་སྲེག མཆོད་སྦྱིན་གྱི་བྱེད་སྒོ་སྟེ། ཡམ་ཤིང་སོགས་མཆོད་སྦྱིན་གྱི་རྫས་རྣམས་བསྲེགས་ནས་མེའི་ལྷར་མཆོད་སྦྱིན་བྱེད་པས་ནའོ།།

བྱིན་པའི་མིང་།
སྦྱིན་དང་གཏོང་བ་བྱིན་པའི་མིང་།།

༡. སྦྱིན་པ། གནས་ལུས་ལོངས་སྤྱོད་སོགས་གཞན་ཕན་གྱི་དོན་དུ་གཏོང་བ་ལ་སྦྱིན་པ་ཞེས་བྱ་ཞིང་། དེ་ལ་དབྱེ་ན་ཟང་ཟིང་ནོར་གྱི་སྦྱིན་པ་དང་། དམ་པའི་ཆོས་ཀྱི་སྦྱིན་པ། མི་འཇིགས་སྐྱབས་ཀྱི་སྦྱིན་པ་བཅས་སོ།།
༢. གཏོང་བ། སྦྱིན་བྱའི་རྫས་རྣམས་གཞན་ལ་ཕར་བྱིན་པའམ་གཏད་པའི་དོན་དུ་གོའོ།།

ཁ་བཤལ་བའི་མིང་།
ཉེ་རེག་ཞལ་བསིལ་ཁ་བཤལ་ཏེ།།

༡. ཉེ་རེག ཉེ་རེག་ནི་ཁྲུས་ཀྱི་བརྡ་རྙིང་ཡིན་པ་དང་། རྣམ་པ་གཅིག་ཏུ་ན་འཁྲུད་བྱེད་ཆུ་དང་བཀྲུ་བྱའི་ཁ་སོགས་ཕན་ཚུན་ཉེ་བར་རེག་པར་བྱེད་པས་ན་ཡང་དེ་ལྟར་ཐོགས་སོ།།
༢. ཞལ་བསིལ། ཞལ་དང་བསིལ་ནི་རེ་རེ་ནས་ཞེ་ཚིག་སྟེ་ཁ་དང་འཁྲུད་པའི་དོན་དུ་གོ་ཞིང་ཕལ་སྐད་དུ་ཁ་འཁྲུད་ཅེས་པའི་དོན་དུ་གོ་བས་དེ་ལྟར་ཐོགས་སོ།།

ཡོན་ཆབ་མིང་།
འཐོར་འཐུང་མཆོད་ཡོན་ཡོན་ཆབ་མིང་།།

༡. འཐོར་འཐུང་། འཐོར་བ་སྟེ་གཏོར་ནས་འཐུང་བར་གོ་བས། དྭངས་གཙང་གི་ཡོན་ཆབ་ལྷ་ལ་ཕུལ་བའམ་གཏོར་ནས་ལྷ་རྣམས་ཀྱིས་ཀྱང་འཐུང་བའམ་བཞེས་པར་བྱེད་པས་ནའོ།།
༢. མཆོད་ཡོན། ཡོན་ཆབ་ཀྱི་མཆོད་པ་དང་དེའི་མཆོད་གནས་ཡོན་བདག་སྟེ། མཆོད་ཡོན་ཞེས་བསྡུས་ཏེ་གོ་བས་མིང་དེ་ལྟར་ཐོགས་པ་དང་། རྣམ་པ་གཞན་ཞིག་ན་མཆོད་པ་རྣམ་ལྔའི་དང་པོ་མཆོད་ཡོན་ཞེས་པའི་མིང་དེ་ལྷག་མ་རྣམས་ལའང་བསྙད་ནས་བཏགས་པས་ཀྱང་ངོ་།།

རྒྱལ་པོའི་མིང་།
ས་སྐྱོང་མི་རྗེ་དཔུང་པ་སྐྱེས།།
དམའ་སྐྱོབ་ས་སྤྱོད་སྐྱེ་དགུའི་བདག།
ས་བདག་མི་དབང་རྒྱལ་པོའི་མིང་།།

༡.ས་སྐྱོང་། རང་གི་མངའ་ཁོངས་སུ་གཏོགས་པའི་ས་གཞི་ལ་དབང་འཛིན་ཅིང་སྐྱོང་བར་བྱེད་པས་བྱེད་ལས་ཀྱི་ཆ་ནས་བཏགས་པའོ།།
༢.མི་རྗེ། འཁོར་དུ་གཏོགས་པའི་འབངས་མི་སེར་རྣམས་ཀྱི་རྗེ་ཡིན་པས་མིང་དེ་ལྟར་ཐོགས་སོ།།
༣. དཔུང་པ་སྐྱེས། རིག་བྱེད་ཀྱི་བཤད་རྒྱུན་ནང་རྒྱལ་རིགས་ནི་ཚངས་པའི་དཔུང་པ་ལས་སྐྱེས་པར་བཤད་པས་ན་མིང་དེ་ལྟར་བསྙད་པའོ།།
༤.དམའ་སྐྱོབ། རྒྱལ་པོས་ནི་ཉམ་དམའ་བའི་མི་སེར་འབངས་རྣམས་སྐྱོབ་པར་བྱེད་པས་བྱེད་ལས་ཀྱི་ཆ་ནས་བཏགས་པའོ།།
༥. ས་སྤྱོད། རང་གི་མངའ་ཁོངས་སུ་གཏོགས་པའི་ས་ཆར་དབང་ཆ་སྤྱོད་པས་ན་མིང་དེ་ལྟར་བརྗོད་པའོ།།
༦. སྐྱེ་དགུའི་བདག སྐྱེ་དགུ་མཆོག་དམན་ཀུན་ལ་དབང་བསྒྱུར་པའམ་དེའི་བདག་པོ་ལྟ་བུ་ཡིན་པས་ན་འབྲེལ་བའི་སྒོ་ནས་མིང་བཏགས་སོ།།
༧. ས་བདག རང་གི་མངའ་ཁོངས་ཀྱི་ས་གཞིའི་བདག་པོའམ་དབང་བསྒྱུར་པས་ན་མིང་དེ་ལྟར་བརྗོད་དོ།།
༨. མི་དབང་། རང་གི་ཆབ་འབངས་མི་སེར་ལ་དབང་བསྒྱུར་པས་ནའོ།།

འཁོར་སྒྱུར་མིང་།
མིའི་ལྷ་གནམ་སྐོས་འཁོར་སྒྱུར་ཏེ།།
༡. མིའི་ལྷ། མིའི་རྒྱལ་པོ་ཀུན་ཀྱིས་ཕྱག་བྱེད་པའི་གནས་ཏེ་མིའི་ལྷ་ལྟ་བུ་ཡིན་པས་ནའོོ།།
༢. གནམ་སྐོས། འཁོར་ལོས་སྒྱུར་པའི་རྒྱལ་པོ་ནི་གནམ་གྱི་ལྷ་ཡིས་བསྐོས་པར་གྲགས་པ་འདོད་པས་ན་མིང་དེ་ལྟར་ཐོགས་སོ།།

རྒྱལ་ཕྲན་མིང་།
ཁམས་རྒྱལ་སྡེ་དཔོན་རྒྱལ་ཕྲན་མིང་།།

༡. ཁམས་རྒྱལ། ཁམས་ཏེ་ཡུལ་ལུང་ཆུང་ངུ་དག་གི་ཆབ་འབངས་སྐྱོང་བའི་རྒྱལ་པོ་ལ་དེ་ལྟར་བརྗོད་པའོ།།
༢. སྡེ་དཔོན། ཡུལ་ལུང་ཆུང་ངུ་ཞིག་གི་སྡེ་པའམ་ཚོ་པའི་དཔོན་དུ་གྱུར་པས་ན་སྡེ་དཔོན་ཞེས་པའི་མིང་གིས་བསྙད་པའོ།།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།