༣༤༽ ལེགས་སྦྱར་དང་བོད་སྐད་ཤན་སྦྱར།

འཇམ་མགོན་མི་ཕམ་རྣམ་རྒྱལ་རྒྱ་མཚོ།


ཆུའི་མིང་རྣམས་མ་ནིང་རྟགས་ལྡན་ལ། ཨཔ྄་མོ་རྟགས་དང་མང་ཚིག་མཐའ་ཅན་དུ་བྱ་བ་དང་། བུད་མེད་ཀྱི་མིང་རྣམས་དངོས་པོའི་མཚན་ཉིད་ཀྱིས་མོ་རྟགས་ཁོ་ན་ཡིན་ཞིང་། ད་ར་ཞེས་པ་སྐྱེས་པའི་རྟགས་མང་ཚིག་མཐའ་ཅན་དུ་འགྱུར་བ་དང་། གཉིས་ཀྱི་མིང་། ཨུ་བྷ་དང་། ཨུ་བྷ་ཡ། རྟག་ཏུ་གཉིས་ཚིག་གི་མཐའ་ཅན། གསུམ་ལ་སོགས་པ་མང་ཚིག་གི་མཐའ་ཅན་དུ་འགྱུར་བ་སོགས་དམིགས་བསལ་དུ་མ་ཡོད་པའང་ཤེས་དགོས་ལ། རྟགས་མཐའ་གསུམ་པོ་གང་ཡིན་ཡང་སུཔ྄་མཐའ་མ་རྣམ་དབྱེའི་རྐྱེན་ནི་འདི་ལྟ་སྟེ། སི་ཨཽ་ཛས྄། རྣམ་དབྱེ་དང་པོའོ། །དེ་བཞིན་དུ། ཨམ྄་ཨཽ་ཤས྄་གཉིས་པའོ། །ཊཱ་བྷྱམ྄་བྷིས྄་གསུམ་པའོ། །དེ་བྷྱཱམ྄་བྷྱས྄་བཞི་པའོ། །ང་སོ་བྷྱཱམ་བྷྱས྄་ལྔ་པའོ། །ངས྄་ཨོས྄་ཨཱམ྄་དྲུག་པའོ། །ངི་ཨོས྄་སུཔ྄་བདུན་པའོ།།
ཙནྡྲ་པའི་མདོ་ལྟར་ན་རྣམ་དབྱེ་དང་པོའི་གཅིག་ཚིག་སུ་ཡིན་པས་དེ་དང་བདུན་པའི་མང་ཚིག་གི་མཐའ་སྦྱར་ཏེ་བསྡུས་པས་སུཔ྄་ཅེས་པ་རྣམ་དབྱེའི་རྐྱེན་འདི་ཀུན་བསྡུས་པའི་མིང་ཡིན་པས་སུཔ྄་མཐའ་ཞེས་སྒྲ་ཟོར་ཡང་བར་མཛད་དོ། །འདི་རྣམས་མིང་གང་ལ་སྦྱར་བའི་མིང་མཐའ་རྟགས་གསུམ་པོ་གང་ཡིན་ཡང་སོ་སོར་དབྱངས་དང་གསལ་བྱེད་ཀྱི་མཐའ་ཅན་གྱི་བྱ་བ་ཅི་རིགས་སུ་ཡོད་པ་ལས། སྐྱེས་པའི་རྟགས་ཨ་ཐུང་གི་མཐའ་ཅན་ཤིང་གི་མིང་བྲཀྵ་ལ་རྣམ་དབྱེ་འདི་རྣམས་སྦྱར་བའི་དཔེར་བརྗོད་བྱེ་བྲག་རྟོགས་བྱེད་དུ་ཡོད་པ་སྔར་བཀོད་པ་ལྟར་ལ།
འདིར་དང་པོར་སྐྱེས་པའི་རྟགས་ཨ་ཐུང་མཐའ་ཅན་དེའི་ཆོ་ག་བརྗོད་ན། མདོ་རྣམས་ཀྱི་དོན་བཞིན། སིའི་ཨི་ཕྱིས་ནས་སར་རྣམ་བཅད་དུ་བྱས། དེ་བཞིན་ཛས྄་ཀྱི་ཛ་ཡིན་དང་ཤས྄་ཀྱི་ཤ་དང་ངེ་ངི་དག་གི་ང་འགྲོ་བའི་དོན་ཏེ་ཕྱིས། ཨ་མ་ཤས་དག་གི་ཨ་ནི་རྟགས་མཐའ་འདྲ་བར་གྱུར་པ་ལ་དབྱི། སྐྱེས་པའི་རྟགས་འདྲ་བའི་ཡི་གེ་ལས་ཤས྄་ཀྱི་སན྄་སྲོག་མེད་དུ་བསྒྱུར་ཞིང་དབྱངས་སྔ་མ་རིང་པོར་བསྒྱུར། ཊཱ་ཨིན་རུ་བསྒྱུར། བྷ་ཡིག་ཕ་རོལ་དུ་བྱུང་བའི་རྟགས་མཐའི་ཨ་ཐུང་རིང་པོར་འགྱུར། ཨ་ལས་ཕ་རོལ་གཡི་བྷིས྄་ཀྱི་བྷ་ཨ་རུ་བསྒྱུར། ཨིས྄་བཞག སྡེབ་སྦྱོར་ལས་རྟགས་མཐའི་ཨ་ཨེ་རུ་བསྒྱུར་ནས་བྷིས྄་སྦྱར་བའང་ཡོད། དེ་ཡི་མཐར་ཨཀ྄་ཨ་ག་མ་བྱིན། ཀ྄་རྗེས་འབྲེལ་ཕྱིས། ཨེ་ཨ་ཡར྄་བསྒྱུར་ནས་ཕ་རོལ་གྱི་དབྱངས་ལ་དྲངས།
མང་ཚིག་ས་ཡིག་ཕ་རོལ་དུ་བྱུང་བའི་རྟགས་མཐའི་ཨ་ཨེ་རུ་བསྒྱུར། ང་སི་ཨཱཏ྄་ཏུ་བསྒྱུར། ངས྄་སྱ་སུ་བསྒྱུར། ཨོས་ཕ་རོལ་ལ་རྟགས་མཐའི་ཨ་ཨེ་རུ་བསྒྱུར། ཨཱམ྄་ཕ་རོལ་ལ་ནུཊ྄་ཨ་ག་མ་སྟེར། ཊ྄་འགྲོ་བ་སྟེ་དབྱི་བའི་ཕྱིར་རྣམ་དབྱེའི་སྔོན་དུ་བཞག ཨུ་བརྗོད་དོན་ཡིན་པས་ཕྱིས། ནཱམ྄་ཕ་རོལ་དུ་བྱུང་བས་རྟགས་མཐའ་རིང་། སུཔ྄་ཀྱི་པ྄་རྗེས་འབྲེལ་ཏེ་ཕྱིས། ནཱམ྄་ཕ་རོལ་དུ་བྱུང་བས་རྟགས་མཐའ་ཨི་ལ་ལས་སའི་ཥའོ་ཞེས། ཀ་སྡེ་དང་ཨི་ལ་ཞེས་པས་ཨི་ཨཱུ་ར་ལ་ཨེ་ཨཻ་ཨོ་ཨཽ་ཧ་ཡ་བ་ར་ལ་སྟེ་འདིའི་རྗེས་སུ་བྱུང་བའི་ས་ཡི་ཥ་རུ་འགྱུར་རོ། །དེ་ལྟར་བྱས་ནས་མཚམས་སྦྱར་བས་གོང་ལྟར་གྲུབ་པ་ཡིན་ནོ།།
མིང་ནས་འབོད་པའི་དོན་ཅན་ལ་ཡང་རྣམ་དབྱེ་དང་པོ་གསུམ་འཇུག དེའི་ཚེ་བྱིངས་མཐའ་མིན་པའི་ཚུ་རོལ་མིང་མཐའ་མཚུངས་པའི་ཡི་གེ་བཅུ་བཞི་པོའི་ཕ་རོལ་གྱི་སི་དབྱི། བོད་ཚིག་གསལ་ཕྱིར་སྔོན་དུ་ཧེ་བཞག་པས་གྲུབ་བོ། །བྲཀྵ་ལ་ཇི་ལྟ་བ་བཞིན་དུ་སྐྱེས་པའི་རྟགས་ཨ་ཐུང་ཅན། དེ་བ་ལ་སོགས་པ་ཐམས་ཅད་ལ་དེ་ལྟར་སྦྱར་བར་བྱའོ། །སྐྱེས་པའི་རྟགས་ཨ་རིང་མཐའ་ཅན་ལ། སིའི་དབྱངས་ཕྱི་ནས་རྣམ་བཅད་བྱ། གཉིས་ཚིག་སོགས་དབྱངས་རྣམས་ལ་མཚམས་སྦྱར། ཤས྄་ཕན་ཆད་ཀྱི་གསལ་བྱེད་འགྲོ་བ་རྣམས་ཀྱི་རྗེས་འབྲེལ་ཕྱིས་ནས་དབྱངས་རྣམས་མཚམས་སྦྱར། དེར་བྱིངས་དང་འབྲེལ་བའི་མིང་མཐའ་ལ་ཨཱ་ཡོད་པ་ཕྱི་ནས་དྲངས། བྷྱཱམ྄་སོགས་གསལ་བྱེད་རང་སར་བཞག་པས་གྲུབ་བོ།།
སྐྱེས་རྟགས་ཨི་ཨུའི་མཐའ་ཅན་གྱི་སྒེར་ཁྱད། ཨི་ཨུའི་མཐའི་ཕ་རོལ་གྱི་ཨཽ་ནི་རིམ་བཞིན་ཨི་དང་ཨོར་འགྱུར། བོད་སིའང་ཨེ་ཨོར་འགྱུར། བུད་མེད་མིན་པའི་ཨི་ཨུའི་མཐའི་ཊཱ་ནཱ་རུ་འགྱུར། ངི་ཌཽ་རུ་བསྒྱུར། ཌ་འགྲོ། ཌ་འགྲོ་རྟགས་མཐའི་ཨི་ཨུ་དབྱི། ངེ་དང་ང་སིངས་ཕ་རོལ་ལ་རྟགས་མཐའ་ཨེ་དང་ཨོར་འགྱུར་ཞིང་ང་སིངས་དག་གི་ཨ་དབྱིའོ། །གཞན་ཨམ྄་ཤས྄་དག་གི་སོགས་ཨ་ཐུང་དང་ཐུན་མོང་གི་ཆོས་དགུ་སྦྱར་ཏེ་བསྒྲུབ་པའོ། །དེའི་དམིགས་བསལ་སྐྱེས་པའི་རྟགས་ས་ཁིའི་སྒྲ་ལ། བོད་སི་མིན་པའི་སི་ཌཱ་རུ་བསྒྱུར་བ་སོགས་སྒེར་ཆོས་ལྔ་ཡོད་པ་སོགས་འདི་འདྲའི་དམིགས་བསལ་དུ་མ་ཡོད་དོ།།
གཞན་ཨཱི་ཨཱུ་སོགས་དབྱངས་མཐའ་རྣམས་ལ་ཤེས་པར་བྱ་སྟེ། འདིར་ནི་སྤྱིར་རྣམ་དབྱེ་སྦྱར་ཚུལ་མཚོན་བྱེད་བསླབ་པར་ངག་ཉུང་ངུས་འདོམས་པར་མི་ནུས་སོ། །བུད་མེད་ཀྱི་རྟགས་དབྱངས་མཐའ་ཅན་མི་འབྱུང་ངོ་། །གངྒཱ། ཆུ་ཡི་མིང་དེའི་མཐར་རྣམ་དབྱེ་བྱིན་པའི་ཛ་ཤ་ཊཱ་རྣམས་ང་རྣམས་དབྱི་ཞིང་ང་སིའི་ཨི་དབྱི། སྒེར་གྱི་མདོ་ལྔ་སྟེ། སི་དབྱི། ཨཽ་ཨི་རུ་བསྒྱུར། བོད་སི་ཨི་རུ་བསྒྱུར། ཊ་ཨོ་ས་ཕ་རོལ་ལ་རྟགས་མཐའ་ཨེ། ཨས྄་དང་ཨིས྄་དང་ནཱི་ཡི་མཐའི་རྣམ་དབྱེ་བདུན་པའི་རི་ཨཱམ྄་དུ་འགྱུར་བ་དང་གསུམ་སྟེ། མདོ་བརྒྱད་ཀྱིས་བསྒྲུབ་པས། གངྒཱ། ཆུ་བོ། གངྒེ། གངྒཱཿ གངྒཱཾ༔ གངྒཡཱ། གངྒཱ་བྷྱཾ། གངྒཱ་བྷིཿ གངྒ་བྷྱ། གངྒཱ་བྷྱཿ གངྒཱ་བྷྱཿ གངྒཱ་ཡཱཿ གངྒཱ་བྷྱཱཾ། གངྒཱ་བྷྱཿ གངྒཱ་ཡཱཿ གངྒ་ཡོཿ གངྒཱ་ནཱཾ། གངྒཱ་ཡཾ། གངྒཱ་ཡོཿ གངྒཱ་སུཿ ཧེ་གངྒཱེ། ཧེ་གངྒཱཿ ཞེས་གྲུབ་བོ།།
གཞན་ཨི་ཨུའི་མཐའ་ཅན་ལ། ང་འགྲོ་བ་བཞི་ལ་ཨ་ཊ་སྟེར། ངི་ཨཱམ་དུ་ཡང་ན་བསྒྱུར་བ་ཙམ་མ་གཏོགས་གཞན་སྐྱེས་པའི་རྟགས་ཨི་ཨུ་དང་འདྲ་བ་སོགས་སྒྲ་གཞུང་ལས་ཤེས་པར་བྱའོ། །མ་ནིང་ཨ་ཐུང་གི་མཐའ་ཅན་ལ་སྒེར་ཆོས། སི་ཨམ྄་དག་ཏུ་འགྱུར་ཏེ་བོད་སི་ལ་མིན་ནོ། །ཨ་མ་ཤས྄་དག་གི་ཨ་དབྱི། ཨཽ་ཨཱི། ཛས྄་ཤས྄་དག་ཤི་རུ་བསྒྱུར། ཤི་ཕ་རོལ་ལ་རྟགས་མཐའ་མཐར་གནས་བཞི་དང་ང་སོགས་ལྔ་པ་རྣམས་མིན་པར་དབྱངས་མཐར་ནུམ྄་སྟེར། ཨུམ་རྗེས་འབྲེལ་དབྱི། ཨ་ཕྱིས་པའི་ཨི་ལ་དྲངས། ཤི་ཕ་རོལ་གྱི་ན་མཐའི་སྔ་མ་རིང་། ཊཱ་ཕན་ཆད་སྐྱེས་པའི་ཨ་ཐུང་དང་འདྲ་བས། ཀུ་ལཾ། རིགས། ཀུ་ལེ། ཀུ་ལཱ་ནི། ཀུ་ལཾ། ཀུ་ལེ། ཀུ་ལཱ་ནི། ཀུ་ལེན། ཀུ་ལཱ་བྷྱཱཾ། ཀུ་ལཻཿ ཀུ་ལཱ་ཡཿ ཀུ་ལ་བྷྱཱཾ། ཀུ་ལེ་བྷྱཿ ཀུ་ལཱཏ྄། ཀུ་ལ་སྱ། ཀུ་ལ་ཡོ། ཀུ་ལཱ་ནཱཾ། ཀུ་ལེ། ཀུ་ལེ་ཥུ། ཧེ་ཀུ་ལ། ཞེས་སོ།།
གཞན་ཨི་སྠི་སོགས་ཀྱི་དམིགས་བསལ་རྣམས་མ་གཏོགས་ཅི་རིགས་འདྲ་བ་དང། གྲཱ་མ་ཎཱི། ལྟ་བུའི་ཨཱི་མཐའ་སོགས་མ་ནིང་འཇུག་ཚེ་ཐུང་ངུར་བསྒྱུར་བ་དང་ནུམ྄་སྟེར་བ་སོགས་སོ།།

ཁུངས་གཏུག་སའི་ཡིག་ཆ།
ཀཿཐོག་རྒྱུད་སྡེ་བཤད་སྒྲུབ་ནོར་བུའི་ལྷུན་པོས་བསྒྲིགས་ཤིང་། སི་ཁྲོན་དཔེ་སྐྲུན་ཚོགས་པས་པར་དུ་བསྐྲུན་པའི་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་པར་མ།
འཇམ་མགོན་མི་ཕམ་གསུང་འབུམ་པོད་ང་པ་སྨད་ཆ་ལས། སྔ་འགྱུར་རིག་མཛོད་རྩོམ་སྒྲིག་པས་བཏུས་པའོ།།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།