༣༧༽ མངོན་བརྗོད་ལས་ཉེ་བར་མཁོ་བའི་མིང་གི་རྣམ་གྲངས་འགའ་ཞིག

རྩོམ་སྒྲིག་པ།

རྗེའུ་རིགས་ཀྱི་མིང་།
བརླ་སྐྱེས་ཇོ་བོ་རྗེའུ་རིགས་ཏེ།།
༡ བརླ་སྐྱེས། རྒྱལ་པོ་གསོ་སྐྱོང་འཕགས་ཀྱི་བུ་ང་ལས་ནུ་ཞེས་པའི་བརླ་གཡས་པ་ལས་བུ་མཛེས་པ་སོགས་རིམ་བཞིན་བྱུང་བ་གཏམ་རྒྱུད་དུ་གྲགས་པས་དེ་ལྟར་བཏགས་སོ།།
༢ ཇོ་བོ། ཇོ་བོ་ནི་རྗེའུ་རིགས་ཀྱི་མིང་གི་རྣམ་གྲངས་སོ།།

ཕྱི་ལྐོགས་མིང་།
སྦུན་པ་ཕུབ་མ་ཕྱི་ལྐོགས་མིང་།།
༡ སྦུན་པ། སྤུན་པ་ཞེས་ཀྱང་འབྲི་སྟེ་ལོ་ཏོག་གི་ཕྱི་ཡི་པགས་པ་ལྟ་བུ་ལ་ཟེར། དཔེར་ན། འབྲུ་མེད་སྦུན་པ་འཕྱར་ལ་སྙིང་པོ་མེད། །ཅེས་པ་ལྟ་བུའོ།།
༢ ཕུབ་མ། ཕྱི་ནས་ཡོངས་སུ་བསྐོར་བའམ་ཕུབ་པས་ཕུབ་མ་སྟེ། འབྲུའི་ཕྱི་ལྐོགས་ཤུན་པའམ་པགས་པ་སྙིང་པོ་མེད་པའི་ཆ་ནས་བཏགས་སོ།།

ཐབ་ཚང་གི་མིང་།
་་་་་་་་ཐབ་ཚང་ལ།།
གཡོས་ཁང་གསོལ་ཁང་བསྲོ་ཁང་ཟེར།།
༡ གཡོས་ཁང་། ཟས་གཡོས་སྦྱོར་བྱེད་སའི་ཁང་པ་ཡིན་པས་ན་གཡོས་ཁང་ཞེས་བྱའོ།།
༢ གསོལ་ཁང་། ཐབ་ཚང་གི་ཞེ་ཚིག་སྟེ་གསོལ་ཆས་བཟོ་སའི་ཁང་པ་ཡིན་པས་སོ།།
༣ བསྲོ་ཁང་། གསོལ་ཆས་མེ་ལ་སྲོ་བར་བྱེད་སའི་ཁང་པ་ཡིན་པས་བསྲོ་ཁང་ཞེས་བྱའོ།།

འདོད་ཞེན་གྱི་མིང་།
་་་་་་་་་འདོད་ཞེན་ལ།།
གདུང་བ་ཆགས་པ་སྲེད་པ་ཟེར།།
༡ གདུང་བ། རྒྱུ་ནོར་དང་བདེ་བ་སོགས་བྱུང་ན་ཅི་མ་རུང་སྙམ་པའི་འདུན་པ་དྲག་པོས་སེམས་གདུང་བ་སྟེ་མནར་བའོ།།
༢ ཆགས་པ། ཅ་དངོས་དང་བདེ་བ་སོགས་ལ་ཆགས་ཤིང་ཞེན་པ་སྟེ་འདོད་པ་སྐྱེས་པའོ།།
༣ སྲེད་པ། འདོད་ཆགས་དང་དོན་གཅིག་གོ།

རྫ་མཁན་གྱི་མིང་།
་་་་་་་་་རྫ་མཁན་ལ།།
འཁོར་ལོས་འཚོ་དང་བུམ་མཁན་ཟེར།།
༡ འཁོར་ལོས་འཚོ། རྫ་ལས་བྱེད་སྐབས་ལག་ཆ་འཁོར་ལོ་སྤྱད་ནས་འཚོ་བར་བྱེད་པས་འཁོར་ལོས་འཚོ་ཞེས་བརྗོད།
༢ བུམ་མཁན། རྫ་སྣོད་བུམ་པ་བཟོ་མཁན་ཡིན་པས་བུམ་མཁན་དང་། གཞན་ཡང་དབྱུ་གུས་རྫ་སྣོད་ཀྱི་སྟེང་དུ་མཛེས་རིས་སྣ་ཚོགས་འགོད་པར་བྱེད་པས་རྫ་མཁན་ལ་དབྱུ་གུ་བསྒྱུར་ཅེས་ཀྱང་བྱའོ།།

རི་མོ་བའི་མིང་།
་་་་་་་་རི་མོ་བར།།
པིར་ཐོགས་བཀྲ་བྱེད་ཚོན་འཚོ་ཟེར།།
༡ པིར་ཐོགས། པིར་ཏེ་སྤུ་སྨྱུག་ལག་ཏུ་ཐོགས་ནས་རི་མོ་འབྲི་བས་ན་པིར་ཐོགས་ཞེས་རི་མོ་བར་བརྗོད་དོ།།
༢ བཀྲ་བྱེད། ཚོན་མདངས་རྣམ་པར་བཀྲ་བའི་རི་མོ་འབྲི་བར་བྱེད་པས་ན་བྱེད་ལས་ཀྱི་སྒོ་ནས་རི་མོ་མཁན་ལ་བཀྲ་བྱེད་ཅེས་བརྗོད་དོ།།
༣ ཚོན་འཚོ། ཚོན་གྱི་རི་མོ་བྲིས་ནས་འཚོ་ཐབས་བྱེད་པས་ན་བྱེད་ལས་ཀྱི་སྒོ་ནས་བཏགས་པ་ཡིན་ནོ།།

འདྲེག་མཁན་གྱི་མིང་།
ཟླ་འཛིན་སྐྲ་མཁན་བྲེགས་མཁན་ཏེ།།
༡ ཟླ་འཛིན། ཚེས་གསུམ་གྱི་ཟླ་བའི་དབྱིབས་དང་འདྲ་བའི་སྐྲ་གྲི་དེ་ལག་ཏུ་འཛིན་པས་སྐྲ་འབྲེག་པ་པོ་ལ་ཟླ་འཛིན་ཞེས་བརྗོད་དོ།།
༢ སྐྲ་མཁན། སྐྲ་གཞར་མཁན་ནམ་འདྲེག་མཁན་ཡིན་པས་སྐྲ་མཁན་ཞེས་སོ། །སྤྱིར་འདྲེག་པ་ནི་འབྲེག་པའི་འབྲི་ཚུལ་གཞན་ཞིག་ཡིན་པས་འབྲེག་མཁན་ལ་འདྲེག་མཁན་ཞེས་བརྗོད་པ་ཡིན།

ཤིང་བཟོ་ཡི་མིང་།
ཤིང་མཁན་ཞེས་པ་ཤིང་བཟོ་སྟེ།།
༡ ཤིང་མཁན། ཤིང་གི་ཡོ་བྱད་ལ་བརྟེན་ནས་ཤིང་རྟའི་འཁོར་ལོ་དང་སྒམ་སོགས་སྤྱོད་ཆས་རིགས་འདྲ་མིན་བཟོ་བས་ཤིང་མཁན་དང་ཤིང་བཟོ་བ་ཞེས་བརྗོད་དོ།།

གར་པའི་མིང་།
ཟློས་གར་མཁན་ནི་གར་པ་སྟེ།།
༡ ཟློས་གར་མཁན། གཞན་གྱི་ལད་མོ་ཟློ་ཞིང་གར་གྱི་རྣམ་པར་འཆམས་པར་བྱེད་པས་ཟློས་གར་མཁན་ཞེས་བྱའོ།།

རིགས་ངན་མིང་།
གཡུང་པོ་གདོལ་པ་རིགས་ངན་ཏེ།།
༡ གཡུང་པོ། སྔར་རྒྱ་གར་གྱི་རིགས་རྒྱུད་དམན་པ་ཞིག་སྟེ། སྡིག་སྲིན་དང་། སྦལ་པ། ལྕོང་མོ་སོགས་ཟ་མཁན་གྱི་མི་རིགས་ལ་དམའ་འབེབས་བྱས་པའི་མིང་ངོ་།།
༢ གདོལ་པ། སྔར་རྒྱ་གར་གྱི་རིགས་བཞི་ཡི་མཐའ་མ་དམངས་རིགས་ལས་ཀྱང་དམན་པའི་མགར་བ་དང་བཤན་པ། རྔོན་པ། ཉ་པ། ཐགས་མཁན། ཆོམ་པོ་སོགས་ཀྱི་སྤྱིའི་མིང་ཡིན་ནོ།།

རྙི་རྒྱ་ཡི་མིང་།
འཆིང་བྱེད་དྲ་བ་རྙི་རྒྱ་སྟེ།།
༡ འཆིང་བྱེད། བྱ་དང་རི་དྭགས་སོགས་འཛིན་བྱེད་ཀྱི་ཐ་གུའམ་རྒྱ་རྙི་ལ་བརྗོད་དོ།།
༢ དྲ་བ། སྐུད་པ་སོགས་གཅིག་ནས་གཅིག་ཏུ་མཐུད་དེ་བྱ་དང་རི་དྭགས་འཛིན་བྱེད་དུ་བཟོས་པ་དེ་ལ་དྲ་བ་ཞེས་བརྗོད་པའོ།།

ཞགས་པའི་མིང་།
སྲད་བུ་ཐག་པ་ཞགས་པའི་མིང་།།
༡ སྲད་བུ། སྤྱིར་སྐུད་པའི་མིང་ཡིན་མོད་འདིར་སྐུད་པས་བཟོས་པའི་རྟ་སོགས་འཛིན་བྱེད་ཀྱི་ཞགས་པའི་མིང་དུ་འཇུག་གོ།
༢ ཐག་པ། གཙོ་མ་སོགས་ཀྱིས་བཟོས་པའི་ཐ་གུ་སྦོམ་པོ་དངོས་པོ་སོགས་སྡོམ་པའམ་འཁྱིག་བྱེད་ཀྱི་སྤྱི་མིང་སྟེ། དཔེར་ན། འཆིང་ཐག་དང་། འཕེན་ཐག་ཅེས་པ་ལྟ་བུའོ།།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།