ཕྱི་ལོ་ ༢༠༢༣ ལོའི་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་གི་ཟླ་དྲུག་སྔ་མའི་མཛད་རིམ་ཁག

རྩོམ་སྒྲིག་པ།

གྲྭ་ཚང་གི་མཛད་རིམ་སྙིང་བསྡུས།

ཕྱི་ལོ་ ༢༠༢༢ ལོའི་བོད་ཟླ་ ༡༡ ནང་མཆོག་སྤྲུལ་རྨུགས་སངས་སྐུ་ཆེན་རིན་པོ་ཆེ་མཆོག་གིས་མཐུན་འགྱུར་གནང་ནས་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་གི་ལྕགས་རིའི་ནང་གི་སྐོར་ལམ་བཟོ་བཅོས་དང་། ཆུ་ཡུར་གསར་བཟོ། དེ་བཞིན་གླིང་ཁའི་ར་བ་དང་དགོན་པའི་འཆམ་ར་སོགས་ཉམས་གསོ་གནང་། དེ་བཞིན་དུ་མཁན་སྤྲུལ་གྱང་ཁང་རིན་པོ་ཆེས་མཐུན་འགྱུར་གནང་ནས་དགོན་པའི་མཆོད་རྟེན་ཆ་བརྒྱད་ཀྱི་སྐོར་ལམ་གསར་བཟོ་དང་། དེ་བཞིན་ལམ་སྐས། གློག་སྒྲོན། མཆོད་རྟེན་སྐོར་ལམ་གྱི་ལྡུམ་ར་བཅས་བཟོ་བཅོས་གནང་།
ཕྱི་ལོ་ ༢༠༢༢ ཟླ་བ་ ༡༢ ཚེས་ ༢༥ ནས་ ༢༧ བར་ཉིན་གསུམ་གྱི་རིང་གྲྭ་ཚང་དང་སློབ་གྲྭའི་དགེ་འདུན་པ་རྣམ་པས་དགོན་པ་སྤྱིའི་ཞབས་རིམ་གྱི་ཆེད་དུ་ཀློང་ཆེན་སྙིང་ཐིག་གི་གསོལ་ཁ་འཚོགས།
ཕྱི་ལོ་ ༢༠༢༢ ཟླ་བ་ ༡༢ ཚེས་ ༣༡ ཉིན་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་གི་དགེ་འདུན་བཙུན་མ་ཡོངས་ནས་༸སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་མཆོག་གི་ཡང་སྲིད་མི་འགྱུར་བདེ་ཆེན་གར་དབང་ཟིལ་གནོན་རྡོ་རྗེ་རིན་པོ་ཆེ་མཆོག་དགུང་གྲངས་བཅུ་གཅིག་ལ་ཕེབས་པའི་སྐུའི་འཁྲུངས་སྐར་རྟེན་འབྲེལ་སྲུང་བརྩི་ཞུས།
ཕྱི་ལོ་ ༢༠༢༣ ཟླ་བ་ ༠༡ ཚེས་ ༠༧ ཉིན་རྣམ་གྲོལ་གླིང་གི་སྒྲུབ་གྲྭ་སྔ་འགྱུར་སྒྲུབ་སྡེ་བསམ་གཏན་འོད་གསལ་གླིང་ནས། སྒྲུབ་ཐེངས་བཅུ་གཅིག་པའི་སྒྲུབ་བླ་ཞལ་གྲངས་ ༤༦ ཐམ་པ་ལོ་གསུམ་ཕྱོགས་གསུམ་གྱི་མཚམས་གྲོལ་ནས། སྔ་དྲོའི་ཆར་སྒྲུབ་ཁང་ནས་སེར་སྦྲེང་དང་བཅས་གདན་དྲངས་ཏེ་༸སྐྱབས་རྗེ་རིན་པོ་ཆེའི་གཟིམས་ཁང་མཇལ་ཁ་ཞུས་པ་དང། དེ་ནས་ཟངས་མདོག་དཔལ་རིའི་འོག་གཞི་༸སྐྱབས་རྗེ་གྲུབ་དབང་རིན་པོ་ཆེའི་སྐུ་གདུང་མཆོད་རྟེན་དྲུང་དུ་ཕེབས་ཤིང་། སྐབས་དེར་དགོན་འདིའི་ཁུངས་སོ་སོའི་རྒྱུན་ལས་རྣམ་པ་དང་དེ་བཞིན་མི་མང་རྣམ་པས་ཀྱང་མཇལ་དར་སོགས་བསྒྲོན།
ཕྱི་ལོ་ ༢༠༢༣ ཟླ་བ་ ༠༡ ཚེེས་ ༡༨ ཉིན་རྡོར་གདན་སྔ་འགྱུར་སྨོན་ལམ་ཆེན་མོའི་རྒྱུན་ལས་ཀྱི་གོ་སྒྲིག་འོག་རང་དགོན་གྱི་ཡན་ལག་རྡོར་གདན་སྔ་འགྱུར་དཔལ་ཡུལ་ཐུབ་བསྟན་བཤད་སྒྲུབ་ཆོས་འཁོར་དར་རྒྱས་གླིང་དུ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་ལ་རྙིང་མའི་ཆོས་བརྒྱུད་འཛིན་པ་ཡོངས་ནས་བརྟན་བཞུགས་བསྟར་འབུལ་ཞུ་བའི་ཆེད། འདི་ག་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་གི་མཁན་པོ་དང་སྤྲུལ་སྐུ། བླ་མ་དང་སློབ་དཔོན། དགེ་འདུན་པ་རྣམ་པས་གཏེར་ཆེན་རཏྣ་གླིང་པའི་ཚེ་སྒྲུབ་གསང་བ་འདུས་པའི་དཀྱིལ་འཁོར་ཞལ་ཕྱེ་ནས་བརྟན་བཞུགས་ཀྱི་སྒྲུབ་ཞག་འཚོགས་པ་དང། དེའི་རྗེས་སུ་རྙིང་མའི་ཆོས་བརྒྱུད་འཛིན་པ་ཡོངས་ནས་ཀློང་ཆེན་སྙིང་ཐིག་ཡུམ་ཀ་བདེ་ཆེན་རྒྱལ་མོའི་དཀྱིལ་འཁོར་ཞལ་ཕྱེ་སྟེ་མཁའ་འགྲོ་སུན་བཟློག་དང་སྦྲགས་ནས། བརྟན་བཞུགས་ཆོ་ག་རིག་འཛིན་སྲོག་གི་ལྗོན་ཤིང་འཆི་མེད་འདོད་འཇོའི་དགའ་སྟོན་གྱི་སྒོ་ནས་དངོས་སུ་བརྟན་བཞུགས་བསྟར་འབུལ་ཞུས་ཡོད།
ཕྱི་ལོ་ ༢༠༢༣ བོད་ཟླ་ ༡༢ ཚེས་ ༠༡ ནས་ ༡༠ བར་ལོ་ལྟར་བཞིན་སྤྱིར་འཛམ་གླིང་ཡོངས་ལ་ཞི་བདེ་ཡོང་བ་དང་། བྱེ་བྲག་རྒྱལ་བའི་བསྟན་པ་ཡུན་དུ་གནས་ཤིང་། དེ་འཛིན་གྱི་སྐྱེས་ཆེན་རྣམ་པ་སྐུ་ཚེ་ཞབས་པད་བརྟན་པ་སོགས་ཀྱི་ཆེད་དུ་དམིགས་ཏེ་གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་ཤིང་དྲུང་དུ་རྒྱལ་ཡོངས་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་འཚོག་སྲོལ་ཡོད་པ་ལྟར། འདི་ལོར་ཡང་མཁན་སྤྲུལ་གྱང་ཁང་རིན་པོ་ཆེ་དབུ་བཞུགས་ཐོག་འདི་ག་རྣམ་གྲོལ་གླིང་ནས་དགེ་འདུན་བཙུན་མ་དང་བཅས་གྲངས་ ༢༠༠༠ མ་ཟིན་ཙམ་གྱིས་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་སྐབས་ ༣༤ པར་ཚོགས་ཞུགས་གནང་ཡོད།
ཕྱི་ཟླ་ ༠༢ ཚེས་ ༠༨ བོད་ཟླ་ ༡༢ ཚེས་ ༡༨ ཉིན་སྔར་སྲོལ་ལྟར། གསང་ཆེན་སྔ་འགྱུར་བའི་བསྟན་པའི་ཤིང་རྟ་ཆེན་མོ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་མཆོག་དགོངས་པ་ཞི་བའི་དབྱིངས་སུ་གཤེགས་ནས་བགྲང་བྱ་ཧྲིལ་པོ་ ༦༦༠ འཁོར་བའི་འདས་མཆོད་འཚོགས། དེ་ཡང་སྔ་དྲོ་ཆུ་ཚོད་ ༧ པ་ནས་ཕྱི་དྲོའི་ཆུ་ཚོད་ ༣ པ་བར་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ཆོ་ག་དང་། ཕྱི་དྲོའི་ཆུ་ཚོད་ ༣:༣༠ ནས་ཀློང་ཆེན་སྙིང་གི་ཐིག་ལེ་ལས་ཡང་གསང་བླ་མའི་སྒྲུབ་པ་ཐིག་ལེའི་རྒྱ་ཅན་གྱི་ལས་བྱང་གི་གཞུང་བསྲངས་ཏེ་ཚོགས་མཆོད་ཕུལ་པ་དང། དེ་བཞིན་དགོང་མོའི་ཆར་འཆད་རྩོད་ཀྱི་སྒོ་ནས་ལེགས་བཤད་ཆོས་ཀྱི་མཆོད་སྤྲིན་ཕུལ་ཅིང་། སེར་སྐྱ་མི་མང་ཡོངས་ནས་མགོན་པོ་གང་ཉིད་ཀྱི་སྐུ་ཐང་མཐོང་གྲོལ་ཆེན་མོའི་མདུན་མཇལ་དར་ཕུལ་རྗེས་བཀྲ་ཤིས་དང་བསྔོ་སྨོན་བཟང་པོའི་སྒོ་ནས་འདས་མཆོད་མཐའ་གྲུབ།
ཕྱི་ལོ་ ༢༠༢༢ བོད་ཟླ་ ༡༢ ཚེས་ ༢༥ ནས་དགོན་འདིའི་ལོ་འཁོར་མོའི་ཞབས་རིམ་ཆེད་དགུ་གཏོར་ཆེན་མོ་དབུ་བཙུགས་ཏེ་ཉིན་ལྔའི་རིང་ཕུར་པ། གུར་དྲག སེང་གདོང་། བཀའ་བརྒྱད། སྙིང་ཐིག་གསོལ་ཁ། གནམ་ཆོས་གསོལ་ཁ་བཅས་ཚོགས་ཁག་དྲུག་འཚོགས་གནང་སྟེ། བོད་ཚེས་ ༢༩ ཉིན་གཏོར་ཟོར་འཕངས་པ་དང། ཚེས་ ༣༠ ཉིན་ཚེ་ཆོག་འཆི་བསླུ་འཚོགས་གནང་སྟེ་མཐའ་གྲུབ་བོ།།
ཕྱི་ལོ་ ༢༠༢༣ བོད་ཟླ་ ༠༡ ཚེས་ ༠༡ ཉིན་མཁན་སྤྲུལ་གྱང་ཁང་རིན་པོ་ཆེ་མཆོག་གིས་གཙོས་དགེ་འདུན་བཙུན་མ་ཡོངས་ནས་གནམ་ལོ་ཆུ་མོ་ཡོས་ལོ་གསར་ཚེས་ལ་རྟེན་འབྲེལ་མཚོན་ཆེད། འདུ་ཁང་ཆེན་མོའི་ནང་ལྷན་འཛོམས་ཀྱིས་སྔ་དྲོར་སེམས་བསྐྱེད་སྡོམ་ཆོག་དང་། གནས་བརྟན་ཕྱག་མཆོད། དེ་བཞིན་བཀྲ་ཤིས་ལོ་ལེགས་ཡོང་བའི་སྨོན་ལམ་སོགས་གསུངས་ནས་༸སྐྱབས་རྗེ་གྲུབ་དབང་རིན་པོ་ཆེའི་བཞུགས་ཁྲིར་མཇལ་དར་ཕུལ་གྲུབ་རྗེས། བཀྲ་ཤིས་པའི་སྨོན་ལམ་དང་བཅས་ལོ་གསར་སྲུང་བརྩི་ཞུས་ཡོད།
ཕྱི་ལོ་ ༢༠༢༣ ཟླ་བ་ ༠༢ ཚེས་ ༢༨ བོད་ཟླ་ ༠༡ ཆོ་འཕྲུལ་དུས་ཆེན་གྱི་ཚེས་ ༠༨ ནས་སྒྲུབ་ཆེན་དབུ་བཙུགས་ཏེ་མཁན་སྤྲུལ་གྱང་ཁང་རིན་པོ་ཆེ་དབུ་བཞུགས་ཐོག་སྒྲུབ་ཆེན་ཐེངས་ ༦༣ འཚོགས་ཡོད། སྒྲུབ་ཆེན་གྱི་དཀྱིལ་འཁོར་གཙོ་བོ་རཏ་གླིང་ཚེ་སྒྲུབ་དང་། གཞན་ཡང་རཏ་གླིང་ཕུར་པ། ཀར་གླིང་ཞི་ཁྲོ། སྙིང་ཐིག་གསོལ་ཁ། གནམ་ཆོས་གསོལ་ཁ། གནམ་ཆོས་བསང་བཅས་ཉིན་བརྒྱད་ཀྱི་རིང་འཚོགས་པ་དང་། སྐབས་དེར་སྔར་སྲོལ་བཞིན་བོད་ཚེས་ ༡༠ ཉིན་སྔ་དྲོའི་ཆུ་ཚོད་ ༧ པ་ཙམ་ལ་གུ་རུའི་གོས་སྐུ་མཐོང་གྲོལ་ཆེན་མོ་མཇལ་ཁ་དང་། ཆུ་ཚོད་ ༩ པ་ནས་གུ་རུ་མཚན་བརྒྱད་ཀྱི་གར་འཆམ་བྱིན་ཅན་བཅས་མཇལ་ཁ་གནང་། བོད་ཚེས་ ༡༥ སེར་སྐྱ་མི་མང་ཡོངས་ལ་ཚེ་ལྷ་རྣམ་གསུམ་གྱི་གོས་སྐུ་ཆེན་མོ་དང་། འཆམ་ཆེན་སྣ་ལྔའི་མཇལ་ཁ་དང་། དེ་བཞིན་སྒྲུབ་དབང་གནང་རྗེས་སེར་སྐྱ་མི་མང་ཡོངས་ནས་མར་མེ་སྨོན་ལམ་དང་བཅས་སྒྲུབ་ཆེན་མཐའ་གྲུབ་ཡོད།
སྔར་༸སྐྱབས་རྗེ་རིན་པོ་ཆེ་ཞལ་བཞུགས་དུས་སྒྲུབ་ཆེན་སྐབས་གཡང་བུམ་དང་ས་བཅུད་བུམ་པ་སོགས་བུམ་པ་བཟང་པོ་རིགས་དུ་མ་ཞིག་རྫས་དང་ཡོ་བྱད་མ་ཚང་བ་མེད་པའི་སྒོ་ནས་སྒྲུབ་སྲོལ་ཡོད་པ་བཞིན། འདི་ལོར་ཡང་རིག་འཛིན་གོང་མའི་ཕྱག་བཞེས་གཞིར་བཟུང་སྒྲུབ་ཆེན་སྐབས་མཁན་སྤྲུལ་གྱང་ཁང་རིན་པོ་ཆེ་དབུ་བཞུགས་ཐོག་ཉིན་གཉིས་ཀྱི་རིང་ཨོ་རྒྱན་ནོར་ལྷའི་བཀྲ་ཤིས་གཏེར་བུམ་བསྒྲུབས་གནང་བ་དང་། ཚེ་སྒྲུབ་གསང་བ་འདུས་པའི་ལས་བྱང་གི་སྒོ་ནས་ཞི་སྦྱོང་དང་དྲག་སྦྱོང་། ཁྲུས་གསོལ་བཅས་ཀྱིས་སྔོན་འགྲོའི་བུམ་སྒྲུབ་གནང་ཡོད།
ཕྱི་ལོ་ ༢༠༢༣ ཟླ་བ་ ༠༣ ཚེས་ ༡༠ བོད་ཟླ་ ༠༡ ཚེས་ ༡༨ ཉིན་སྔར་སྲོལ་བཞིན་དཔལ་ཡུལ་རི་ཆོས་རྣམ་གསུམ་སྟེ། གནམ་ཆོས་རྫོགས་ཆེན་སངས་རྒྱས་ལག་འཆང་གི་ཁྲིད་ཡིག་སྔོན་འགྲོ་དང་། རྩ་རླུང་། རྫོགས་ཆེན་གསུམ་ཉམས་ལེན་གནང་འགོ་བཙུགས་པ་དང་། མཁན་སྤྲུལ་གྱང་ཁང་རིན་པོ་ཆེ་མཆོག་ནས་སྔོན་འགྲོའི་ཁྲིད་དང་། མཁན་ཆེན་ཚེ་དབང་རྒྱ་མཚོ་མཆོག་ནས་རྩ་རླུང་དང་རྫོགས་ཆེན་གྱི་ཁྲིད་གནང་ཞིང་། འདི་ལོར་སྔོན་འགྲོར་ཉམས་ལེན་གནང་མཁན་དགེ་འདུན་པ་དང་བཙུན་མ་གྲངས་ ༡༥༧ དང་། མི་སྐྱ་ཕོ་མོ་ ༡༧༠ རྩ་རླུང་ཉམས་ལེན་གནང་མཁན་དགེ་འདུན་པ་དང་བཙུན་མ་གྲངས་ ༡༣༩ དང་། མི་སྐྱ་ ༢ རྫོགས་ཆེན་ཉམས་ལེན་གནང་མཁན་དགེ་འདུན་པ་དང་བཙུན་མ་ ༡༦༦ དང་། མི་སྐྱ་ ༨༢ བཅས་འདི་ལོར་དཔལ་ཡུལ་རི་ཆོས་རྣམ་གསུམ་ཉམས་ལེན་གནང་མཁན་ཁྱོན་མི་གྲངས་ ༧༡༦ བྱུང་ཡོད།
ཕྱི་ཟླ་ ༠༣ ཚེས་ ༣༡ ཉིན་སྔ་དྲོའི་ཆུ་ཚོད་ ༡༠ ཐོག་མཁན་སྤྲུལ་གྱང་ཁང་རིན་པོ་ཆེ་མཆོག་དང་། མཆོག་སྤྲུལ་རྨུགས་སངས་སྐུ་ཆེན་རིན་པོ་ཆེ་བཅས་དབུ་བཞུགས་ཐོག་གྲྭ་ཚང་ཁོངས་གཏོགས་ཀྱི་ལས་བྱེད་འཕོ་ལེན་གནང་ཞིང་། ལས་བྱེད་རྙིང་པ་རྣམས་ལ་ཐུགས་རྗེ་ལེགས་འབུལ་གྱི་གསོལ་རས་དང་གསར་པ་རྣམས་ལ་རྟེན་འབྲེལ་མཇལ་དར་བཅས་ཕུལ་ཡོད།
ཕྱི་ཟླ་ ༠༤ ཚེས་ ༠༨ ནས་ ༡༠ བར་ཉིན་གསུམ་རིང་གཙུག་ལག་ཁང་ཆེན་མོ་ཨོ་རྒྱན་མདོ་སྔགས་བཤད་སྒྲུབ་འོད་གསལ་དར་རྒྱས་གླིང་གི་ནང་དུ། རྣམ་གྲོལ་གླིང་གི་མཁན་སྤྲུལ་བླ་སློབ་དགེ་འདུན་བཙུན་མ་ཡོངས་ནས་དགོན་པའི་སྤྱི་རིམ་ཆེད་དུ་ཙིའུ་དམར་གསོལ་ཁ་བཞི་འབུམ་ལྷག་བསགས།
ཕྱི་ཟླ་ ༠༤ ཚེས་ ༢༡ ཉིན་ཤར་རྒྱལ་བ་དཔལ་ཡུལ་བའི་བསྟན་པའི་མངའ་བདག་༸སྐྱབས་རྗེ་ཀརྨ་སྐུ་ཆེན་རིན་པོ་ཆེ་མཆོག་འདི་ག་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་དུ་ཞབས་སོར་འཁོད། དེ་ཡང་ཞོགས་པའི་ཆུ་ཚོད་ ༨:༣༠ ཐོག་མཁན་སྤྲུལ་གྱང་ཁང་རིན་པོ་ཆེ། མཆོག་སྤྲུལ་རྨུགས་སངས་སྐུ་ཆེན་རིན་པོ་ཆེ། མཁན་ཆེན་རྣམ་གྲོལ་ཚེ་རིང་རིན་པོ་ཆེ། མཁན་ཆེན་ཚེ་དབང་རྒྱ་མཚོ་རིན་པོ་ཆེ་བཅས་དབུ་བཞུགས་ཐོག་མཁན་སྤྲུལ་བླ་སློབ་དགེ་འདུན་བཙུན་མ་ཡོངས་ཀྱིས་སེར་སྦྲེང་དང་བཅས་ཕེབས་བསུ་ཟབ་རྒྱས་ཞུས་རྗེས། འདུ་ཁང་ཆེན་མོའི་ནང་དགེ་འདུན་འདུས་པ་རྒྱ་མཚོའི་དབུས་སུ་༸སྐྱབས་རྗེ་ཀརྨ་སྐུ་ཆེན་རིན་པོ་ཆེ་མཆོག་ལ་མཎྜལ་རྟེན་གསུམ་འདེགས་འབུལ་དང་། དེའི་རྗེས་༸སྐྱབས་རྗེ་ཀརྨ་སྐུ་ཆེན་རིན་པོ་ཆེ་མཆོག་ནས་རྣམ་གླིང་འདུས་པ་རྒྱ་མཚོའི་ཚབ་ཞུས་ཏེ་རྣམ་གྲོལ་གླིང་ཕྱག་བཏབ་ནས་མི་ལོ་ ༦༠ འཁོར་བའི་བཀའ་དྲིན་རྗེས་དྲན་དུ་༸སྐྱབས་རྗེ་རིན་པོ་ཆེའི་སྐུ་པར་མཐོང་གྲོལ་ཆེན་མོའི་མདུན་༸སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུའི་ཡང་སྲིད་རིན་པོ་ཆེ་མཆོག་ལ་ཙནྡན་དཀར་པོ་ལས་གྲུབ་པའི་འཁོར་ལོ་རིན་པོ་ཆེ་གཟེངས་བསྟོད་བཀའ་དྲིན་རྗེས་དྲན་དུ་ཕུལ་གནང་བ་དང།
༸སྐྱབས་རྗེ་གྲུབ་དབང་རིན་པོ་ཆེའི་ལྗགས་ཀྱིས་དུང་དཀར་ཐོག་ཨོཾ་ཨཱཿར་པ་ཙ་ན་དྷཱིཿཞེས་བྲིས་གནང་མཛད་པ་རྗེས་སུ་ཡིག་འབྲུ་འབུར་དོད་རང་བྱུང་ཡོད་པའི་དུང་དཀར་ངོ་མཚར་ཅན་དང་། དེ་བཞིན་རིན་པོ་ཆེའི་ཚེམས་དང་རིང་སྲེལ་བྱིན་ཅན། རིན་པོ་ཆེས་ལྗགས་མདུད་གནང་བའི་སྲུང་མདུད་བྱིན་ཅན། ཕུར་པ་བྱིན་ཅན་བཅས་སེར་སྐྱ་མི་མང་ཡོངས་ལ་མཇལ་ཁ་གནང་ཞིང་། དེ་བཞིན་དུ་དགེ་འདུན་དང་བཙུན་མ་ཡོངས་ནས་༸གོང་ས་མཆོག་དང་༸སྐྱབས་རྗེ་གྲུབ་དབང་རིན་པོ་ཆེའི་བཞུགས་ཁྲི། ༸སྐྱབས་རྗེ་ཀརྨ་སྐུ་ཆེན་རིན་པོ་ཆེ་མཆོག་བཅས་ལ་མཇལ་དར་ཕུལ་ཡོད།
ཕྱི་ཟླ་ ༠༤ ཚེས་ ༢༢ ཉིན་ཞོགས་པ་ཆུ་ཚོད་ ༧ ཐོག་༸སྐྱབས་རྗེ་ཀརྨ་སྐུ་ཆེན་རིན་པོ་ཆེ། མཁན་སྤྲུལ་གྱང་ཁང་རིན་པོ་ཆེ། མཆོག་སྤྲུལ་རྨུགས་སངས་སྐུ་ཆེན་རིན་པོ་ཆེ། མཁན་ཆེན་རྣམ་གྲོལ་ཚེ་རིང་རིན་པོ་ཆེ། མཁན་ཆེན་ཚེ་དབང་རྒྱ་མཚོ་རིན་པོ་ཆེ་བཅས་དབུ་བཞུགས་ཐོག། དགེ་འདུན་དང་བཙུན་མ་ཡོངས་ནས་ཀློང་ཆེན་སྙིང་ཐིག་གི་ནང་སྒྲུབ་རིག་འཛིན་འདུས་པའི་དཀྱིལ་འཁོར་གཉན་པོ་ཞལ་ཕྱེ་སྟེ་ཚོགས་འཁོར་དང་། ཆུ་ཚོད་ ༩:༣༠ ནས་ ༡༢:༣༠ བར་མཁན་ཐོག་བརྒྱད་པ་ཁྲི་མངའ་གསོལ་དང་བསྟུན་ནས་སྤྲུལ་སྐུ་གཅིག་དང་། བླ་མ་རྡོ་རྗེ་སློབ་དཔོན་བཅུ་གཉིས་བཅས་ཁྲི་མངའ་གསོལ་གནང་བ་དང་།
ཉིན་རྒྱབ་ཆུ་ཚོད་ ༢ པ་ནས་༸སྐྱབས་རྗེ་ཀརྨ་སྐུ་ཆེན་རིན་པོ་ཆེ་མཆོག་ནས་འདུས་མང་ཡོངས་ལ་ཚེ་དབང་ཟབ་མོའི་བཀའ་དྲིན་བསྐྱངས་ནས། ༸སྐྱབས་རྗེ་ཀརྨ་སྐུ་ཆེན་མཆོག་ལ་རྣམ་གྲོལ་གླིང་འདུས་སྤྱི་དང་། དེ་བཞིན་ཆོས་ཚོགས་དང་ཚོགས་སྡེ་ཁག་བཅས་ནས་མཎྜལ་བརྟན་བཞུགས་ཕུལ།
ཕྱི་ཟླ་ ༠༤ ཚེས་ ༢༥ ཉིན་༸སྐྱབས་རྗེ་གྲུབ་དབང་རིན་པོ་ཆེས་སྔ་འགྱུར་རྙིང་མའི་གདན་ས་ཆེན་མོ་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་ཕྱག་བཏབ་ནས་བགྲང་བྱ་ཧྲིལ་པོ་ ༦༠ འཁོར་བའི་དུས་དྲན་གྱི་མཛད་སྒོ་སྲུང་བརྩི་ཞུས་ཡོད། དེ་ཡང་མཛད་སྒོའི་ཐོག་མཁན་སྤྲུལ་གྱང་ཁང་རིན་པོ་ཆེ་དང་། མཆོག་སྤྲུལ་རྨུགས་སངས་སྐུ་ཆེན་རིན་པོ་ཆེ། མཁན་ཆེན་རྣམ་གྲོལ་ཚེ་རིང་རིན་པོ་ཆེ། མཁན་ཆེན་ཚེ་དབང་རྒྱ་མཚོ་རིན་པོ་ཆེ། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ། དེ་བཞིན་ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེ། བལ་ཡུལ་རིག་གཞུང་དང་ཡུལ་སྐོར་བློན་ཆེན་གྱི་སྐུ་ཚབ་མཁན་པོ་འཆི་མེད་ཚེ་རིང་། འབྲས་ལྗོངས་དགོན་ནས་ཕེབས་པའི་དྲུང་ཆེ་བཅས་ཀྱིས་སེར་སྐྱ་མི་མང་གི་དབུས་སུ་མཛད་སྒོའི་གསུང་བཤད་གནང་བ་དང་། དེ་བཞིན་དུ་གནད་ཡོད་མི་སྣ་དང་སྐུ་མགྲོན་ཁག་ལ་བཀའ་དྲིན་རྗེས་དྲན་གྱི་ཆེད་དུ་རྣམ་གླིང་འདུས་སྤྱི་ནས་གཟེངས་རྟགས་ཕུལ་པ་སོགས་ཀྱི་སྒོ་ནས་མཛད་སྒོ་མཐའ་གྲུབ།
ཕྱི་ཟླ་ ༠༤ ཚེས་ ༣༠ བོད་ཟླ་ ༠༣ ཚེས་ ༡༠ ཉིན་སྔར་རྒྱུན་བཞིན་སྔོན་འགྲོ་འབུམ་ལྔ་བསགས་སྦྱང་སྔོན་འགྲོའི་ཁྲིད་ཡིག་གནམ་ཆོས་རྫོགས་ཆེན་སངས་རྒྱས་ལག་འཆང་གི་སྒོ་ནས་ཉམས་བཞེས་གནང་འགོ་བཙུགས་ཤིང་། ལོ་འདིར་དགེ་འདུན་པ་དང་། བཙུན་མ། དེ་བཞིན་དད་ལྡན་མི་སྐྱ་ཕོ་མོ་བཅས་ཁྱོན་བསྡོམས་མི་གྲངས་ ༧༥ ལྷག་ཙམ་གྱིས་སྔོན་འགྲོ་འབུམ་ལྔ་བསགས་སྦྱང་གནང་བཞིན་ཡོད།
ཕྱི་ཟླ་ ༠༥ ཚེས་ ༡༢ ཉིན་པད་ནོར་རིན་པོ་ཆེ་དགེ་རྩ་ཚོགས་པའི་ཚོགས་མི་དང་། གྲྭ་ཚང་གི་དྲུང་ཆེ་བཅས་ནས་ཀར་ན་ཊ་ཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ Governor Thawar Chand Gehlot ལགས་ལ་ཐུག་ཕྲད་བྱས་ཏེ། རྣམ་གྲོལ་གླིང་ཕྱག་བཏབ་ནས་བགྲང་བྱ་ ༦༠ འཁོར་བས། མངའ་སྡེའི་གཞུང་ལ་བཀའ་དྲིན་མཚོན་ཆེད་དུ་རྣམ་གྲོལ་གླིང་འདུས་སྤྱི་ནས་གཟེངས་རྟགས་དང་དགོན་པའི་ངོ་སྤྲོད་པར་དེབ་བཅས་ཐུགས་རྗེ་ཆེ་ཞུ་བའི་ཚུལ་དུ་ཕུལ་ཡོད།
ཕྱི་ཟླ་ ༠༥ ཚེས་ ༢༩ བོད་ཟླ་ ༠༤ ཚེས་ ༠༩ ཉིན་སྔར་སྲོལ་བཞིན་ས་ག་ཟླ་བའི་ཚེས་དགུ་ནས་བཅོ་ལྔ་བར་རྒྱལ་བ་གོང་མའི་ཕྱག་བཞེས་མ་ཉམས་པར་རིང་བརྒྱུད་བཀའ་མའི་སྒྲུབ་མཆོད་ཐེངས་ ༥༣ པ་དེ་མཁན་སྤྲུལ་གྱང་ཁང་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་འགོ་བཙུགས་གནང་ཡོད། དེ་ཡང་ཚོགས་ཆེན་འདུས་པ། ཡང་དག གཤིན་རྗེ། སངས་རྒྱས་མཉམ་སྦྱོར། སྒྱུ་འཕྲུལ་ཞི་བ། སྒྱུ་འཕྲུལ་ཁྲོ་བོ། རོང་ཕུར། མགོན་པོ་སྒྲུབ་པ། སྙིང་ཐིག་གསོལ་ཁ། གནམ་ཆོས་གསོལ་ཁ། ཕུར་བཟློག ཞི་ཁྲོ་བཅས་ཀྱི་སྒོ་ནས་འཚོགས་གནང་བ་དང་། ཕྱི་ཚེས་ ༣༠ ཉིན་ད་ལོའི་ཆར་གུ་རུའི་གོས་སྐུ་མཐོང་གྲོལ་ཆེན་མོ་མཇལ་ཁ་གནང་བ་དང་། དེའི་རྗེས་སུ་གར་འཆམ་དང་། ཁྲོ་འཆམ་མཇལ་ཁ་གནང་སྟེ། ཕྱི་ཚེས་ ༠༤ ཉིན་ཞི་རྒྱས་དབང་དྲག་གི་སྦྱིན་སྲེག་གནང་རྗེས་ཉིན་རྒྱབ་སྒྲུབ་པའི་དངོས་གྲུབ་དང་འབྲེལ་སེར་སྐྱ་མི་མང་ཡོངས་ལ་དངོས་གྲུབ་གནང་ནས་མཐར་མར་མེ་སྨོན་ལམ་གྱིས་མཐའ་བརྒྱན་ཏེ་འདི་ལོའི་བཀའ་མའི་སྒྲུབ་མཆོད་མཐའ་གྲུབ།
ཕྱི་ཟླ་ ༠༦ ཚེས་ ༠༡ ཉིན་ཕྱི་དྲོའི་ཆར་གྲྭ་ཚང་གི་རྒྱུན་ལས་ཀྱི་ཚོགས་ཁང་ནང་དུ་དགོན་པའི་ལོ་འཁོར་མོ་གཅིག་གི་རྩིས་ཁྲའི་ཚོགས་ཆེན་འཚོགས་གནང་བ་དང་། ཕྱི་ཚེས་ ༠༢ ཉིན་གྱི་དགོང་མོར་མཁན་སྤྲུལ་གྱང་ཁང་རིན་པོ་ཆེ་དབུ་བཞུགས་ཐོག་སྡེ་ཚན་སོ་སོའི་དངུལ་གཉེར་རྣམ་པས་དགེ་འདུན་དང་བཙུན་མ་ཡོངས་ལ་ཕྱི་ལོ་ ༢༠༢༢ ལོའི་ལོ་འཁོར་མོ་གཅིག་གི་རྩིས་ཁྲ་གསལ་བཤད་གནང་།

སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི་ཟླ་དྲུག་སྔ་མའི་མཛད་རིམ་སྙིང་བསྡུས།

ཕྱི་ལོ་ ༢༠༢༣ ཟླ་བ་ ༠༣ ཚེས་ ༡༢ ཉིན་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི་རྒྱུན་ལས་ནས་གསོལ་བ་བཏབ་པ་བཞིན་མཁན་རིན་པོ་ཆེ་ཚེ་དབང་རྒྱ་མཚོ་མཆོག་ནས་ཉིན་གྲངས་བཅུའི་རིང་ཕྱི་དྲོ་ཆུ་ཚོད་ ༣:༣༠ ནས་ ༥ བར་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི་ཚོགས་ཁང་ཆེ་བའི་ནང་དུ་ཀུན་མཁྱེན་མི་ཕམ་འཇམ་དབྱངས་ཕྱོགས་ལས་རྣམ་རྒྱལ་རྒྱ་མཚོས་མཛད་པའི་གུ་རུའི་ཚིག་བདུན་གསོལ་བདེབས་ཀྱི་རྣམ་བཤད་པདྨ་དཀར་པོ་དང་། རྩ་གསུམ་བསྙེན་ཡིག་སྟེ་རྩ་བ་གསུམ་གྱི་བསྙེན་སྒྲུབ་སྤྱི་ཡི་བཟླས་དམིགས་ཟབ་མོ་རིག་པ་འཛིན་པའི་སྙིང་ཐིག་གི་བཀའ་ཁྲིད་བསྩལ་གནང་སྟེ་ཕྱི་ཚེས་ ༢༣ ཉིན་མོར་སྟོན་འཁོར་འདུས་པ་ཡོངས་ཀྱིས་ཀུན་མཁྱེན་མི་ཕམ་རྒྱ་མཚོའི་ཚིག་བདུན་གསོལ་འདེབས་དང་འབྲེལ་བའི་བླ་མའི་རྣལ་འབྱོར་བྱིན་རླབས་ཆར་འབེབས་ཀྱི་ཆོ་ག་ལ་བརྟེན་ནས་རྡོ་རྗེ་ཚིག་བདུན་དང་འབྲེལ་བའི་ཚོགས་མཆོད་དཔལ་གྱི་བུམ་བཟང་གི་དཀྱིལ་འཁོར་ཞལ་ཕྱེ་སྟེ་ཚོགས་མཆོད་དང་བཀའ་དྲིན་གཏང་རག་བཅས་ཏེ་མཐའ་གྲུབ།
ཕྱི་ཟླ་ ༠༣ ཚེས་ ༢༤ བོད་ཟླ་ ༠༢ ཚེས་ ༠༣ ཉིན་སྔར་སྲོལ་ལྟར་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི་གུང་སེང་མཐའ་གྲུབ་ནས་སླར་ཡང་དབུ་བཙུགས་ཤིང་། ཉིན་དེར་སྔོན་འགྲོ་འཛིན་གྲྭ་དང་ལོ་རིམ་དང་པོར་གསར་དུ་ཞུགས་མཁན་གྱི་སློབ་གཉེར་བ་ ༡༣༠ ལྷག་གིས་ངག་རྒྱུགས་དང་། ཕྱི་ཚེས་ ༢༥ དང་བོད་ཚེས་ ༠༤ ཉིན་འབྲི་རྒྱུགས་བཏང་སྟེ་འཛུལ་ཞུགས་གནང་། ད་ལོའི་ཆར་སྔ་འགྱུར་མཐོ་སློབ་ཆེན་མོའི་སྔོན་འགྲོ་འཛིན་གྲྭ་དང་། ལོ་རིམ་དང་པོར་གསར་ཞུགས་གནང་མཁན་སློབ་གཉེར་བ་ ༡༣༡ བྱུང་ཡོད།
དེ་ཡང་མདོ་རྒྱུད་ངེས་དོན་བསྟན་པའི་མཛོད་འཛིན་མཁན་ཆེན་རྣམ་གྲོལ་ཚེ་རིང་རིན་པོ་ཆེ་མཆོག་ལ་སྔ་འགྱུར་མཐོ་སློབ་ཆེན་མོའི་རྒྱུན་ལས་རིམ་པ་དང་། ལྷག་པར་དུ་ཕྱི་ལོ་ ༢༠༢༢ ལོའི་རྒྱུན་ལས་ངོས་ནས་མཁའ་འགྲོ་སྙིང་ཏིག་གི་ཁྲིད་ཡིག་ཟབ་དོན་རྒྱ་མཚོའི་སྤྲིན་གྱི་བཀའ་ཁྲིད་གནང་རྒྱུའི་ཆེད་དུ་གསོལ་འདེབས་ཡང་ཡང་ཞུས་ནས་ཞལ་བཞེས་ཟབ་མོ་ཐོབ་པ་བཞིན་སྔ་འགྱུར་མཐོ་སློབ་ཆེན་མོའི་ངོས་ནས་བཀའ་ཆོས་ཀྱི་ཆེད་གྲ་སྒྲིག་བྱས་ཤིང་། ཕྱི་ཟླ་ ༠༣ ཚེས་ ༢༦ ཕྱི་དྲོ་ཆུ་ཚོད་ ༣: ༡༤ ཐོག་མཁན་རིན་པོ་ཆེ་མཆོག་བཤད་གྲྭའི་ཚོགས་ཁང་ཆེ་བའི་ནང་ཞབས་སོར་འཁོད་དེ། འཕགས་པ་བཀྲ་ཤིས་བརྒྱད་པ་ཚིགས་སུ་བཅད་པའི་སྣེ་དྲངས་ནས་བཀའ་ཆོས་དངོས་སུ་དབུ་ཚུགས། དེ་ཡང་སྨིན་བྱེད་དབང་དང་། གྲོལ་བྱེད་གདམས་པ་གཉིས་གོ་རིམ་བཞིན་རིག་འཛིན་ཆེན་པོ་ཀུན་མཁྱེན་འཇིགས་མེད་གླིང་པའི་དགོངས་གཏེར་ཀློང་ཆེན་སྙིང་ཐིག་ལས་«ཡང་གསང་བླ་སྒྲུབ་ཐིག་ལེའི་རྒྱ་ཅན་»གྱི་བཀའ་དབང་བསྩལ། ཕྱི་ཚེས་ ༢༧ ཉིན་ཡང་གསང་རྫོགས་པ་ཆེན་པོའི་སློབ་དཔོན་ཆེན་མོ་ཨོ་རྒྱན་མ་ཧཱ་གུ་རུ་དང་། པཎ་ཆེན་བི་ལ་མི་ཏྲ་གཉིས་པོའི་ཡང་གསང་སྙིང་ཏིག་གི་ལོ་རྒྱུས་ཀྱི་བརྒྱུད་རིམ་ངོ་སྤྲོད་རྒྱས་པ་ལས་བརྩམས་ཏེ་ཕྱི་ཟླ་ ༠༤ ཚེས་ ༡༥ ཡི་བར་ཉིན་གྲངས་ཉི་ཤུའི་རིང་མཁན་སྤྲུལ། བླ་སློབ། དགེ་འདུན་བཙུན་མ། མི་སྐྱ་ཕོ་མོ་བཅས་ཆོས་ཞུ་བ་ཆིག་སྟོང་ལྷག་ཙམ་ལ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་རྒྱལ་བ་ཀློང་ཆེན་རབ་འབྱམས་ཀྱིས་མཛད་པའི་«མཁའ་འགྲོ་སྙིང་ཏིག་གི་ཁྲིད་ཡིག་ཟབ་དོན་རྒྱ་མཚོའི་སྤྲིན་»གྱི་བཀའ་ཁྲིད་གནང་ཞིང་། མཐར་ཀུན་མཁྱེན་མི་ཕམ་རྒྱ་མཚོའི་ཚིག་བདུན་གསོལ་འདེབས་དང་འབྲེལ་བའི་«བླ་མའི་རྣལ་འབྱོར་བྱིན་རླབས་ཆར་འབེབས་»ལ་བརྟེན་ནས་རྡོ་རྗེའི་ཚིག་བདུན་དང་འབྲེལ་བའི་«ཚོགས་མཆོད་དཔལ་གྱི་བུམ་བཟང་»གི་དཀྱིལ་འཁོར་ཞལ་ཕྱེ་སྟེ་ཚོགས་མཆོད་དང་། བཀའ་དྲིན་གཏང་རག་བཅས་ཏེ་མཐའ་གྲུབ།
ཕྱི་ཟླ་ ༠༣ ཚེས་ ༢༩ བོད་ཟླ་ ༠༢ ཚེས་ ༠༨ ཉིན་འདུ་ཁང་ཆེན་མོའི་འོག་ཏུ་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་དང་བཙུན་དགོན་བཤད་གྲྭའི་སློབ་གཉེར་བ་རྣམས་ལ་ཕྱི་ལོ་ ༢༠༢༢ ལོའི་རྒྱུགས་སྤྲོད་ཆེན་མོའི་གྲུབ་འབྲས་གསལ་བཤད་གནང་ཡོད། རྒྱུགས་སྤྲོད་ཀྱི་ཨང་དང་པོ་དང་། གཉིས་པ། གསུམ་པ་དང་། དེ་བཞིན་རྩ་བ་ལྡེབ་གྲངས་བརྒྱ་ཡན་འབུལ་མཁན་རྣམ་པར་བྱ་དགའ་གསོལ་རས་བསྩལ་པ་དང་། དེ་བཞིན་ལོ་རིམ་བཞི་པ་དང་དྲུག་པ། འདི་ལོར་བསླབ་པ་མཐར་སོན་པ་རྣམས་ལ་རིམ་བཞིན་«མཐའ་བྲལ་སྨྲ་བའི་དབང་ཕྱུག» «ཕར་ཕྱིན་རབ་འབྱམས།» «ངེས་གསང་ལེགས་བཤད་མཛོད་འཆང་»བཅས་ཀྱི་ཕྱག་ཁྱེར་གནང་བ་དང་། ལོ་འདིར་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་ནས་བསླབ་པ་མཐར་སོན་པ་གྲངས་ ༣༤ བྱུང་ཡོད། གྲུབ་འབྲས་གསལ་བཤད་གནང་ཚར་བའི་རྗེས་སུ་ཆེས་མཐོའི་འགན་འཛིན་རྣམ་པས་བླང་དོར་ལམ་སྟོན་གྱི་བཀའ་སློབ་གནང་ཞིང་། སྐབས་དེར་གྲྭ་ཚང་གི་ལས་བྱེད་ཆེ་ཕྲ་ཁག་འགའ་ཞིག་ཀྱང་གསར་རྙིང་འཕོ་ལེན་གནང་ཡོད། གཞན་ཡང་ལོ་འདིའི་བསླབ་པ་མཐར་སོན་པའི་སློབ་དཔོན་རྣམ་པས་ཟངས་མདོག་དཔལ་རིའི་ཕོ་བྲང་གི་འོག་གཞིར་༸སྐྱབས་རྗེ་གྲུབ་དབང་རིན་པོ་ཆེའི་སྐུ་གདུང་མཆོད་རྟེན་ཆེན་མོའི་མདུན་དུ་དམ་འབུལ་ཞུས།
ཕྱི་ཟླ་ ༠༣ ཚེས་ ༣༡ ཉིན་༸སྐྱབས་རྗེ་བདེ་བར་གཤེགས་པ་གྲུབ་དབང་ཡིད་བཞིན་ནོར་བུའི་རྨད་བྱུང་ཕྲིན་ལས་ཀྱི་གཙོ་བོ་ལུང་རྟོགས་བསྟན་པའི་འབྱུང་གནས་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་འདི་དང་། སྔ་འགྱུར་བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་ཐོས་བསམ་དགའ་བའི་ཚལ་ནས་མདོ་སྔགས་རིག་གནས་དང་བཅས་པར་ཐོས་བསམ་བགྱིས་ཏེ་བསླབ་པ་མཐར་སོན་པའི་མཁན་སློབ་དགེ་བའི་བཤེས་གཉེན་རྣམས་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་དང་། གཞི་རིམ་སློབ་གྲྭ་ཡེ་ཤེས་འོད་གསལ་ཤེས་རབ་རལ་གྲི་གླིང་། གྲྭ་ཚང་། སྔ་འགྱུར་བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་དར་རྒྱས་གླིང་། དེ་བཞིན་དུ་རྒྱ་གར། བལ་ཡུལ། འབྲུག་ལ་སོགས་པར་དགེ་རྒན་ཆེད་དུ་བཏང་ཡོད།
དེ་ཡང་སྔ་འགྱུར་མཐོ་སློབ་ཆེན་མོའི་ལས་ཁུངས་སུ་རྒྱ་གར་ནང་ལོགས་ནས་དགོན་པ་དང་། བཤད་གྲྭ། སློབ་གྲྭ་བཅས་ཁྱོན་བསྡོམས་པས་ ༨༣ གྱི་དགེ་རྒན་ཆེད་དུ་སྙན་ཞུ་འབྱོར་བ་དང། དེ་བཞིན་དུ་བལ་ཡུལ་ཕྱོགས་ནས་ཀྱང་ ༡༠༩ འབྲུག་ཕྱོགས་ནས་ ༦༥ སྟེ་ཕྱོགས་མཐའ་ཁག་ནས་དགེ་རྒན་ཆེད་དུ་སྙན་ཞུ་ཁྱོན་བསྡོམས་པས་ ༢༥༧ འབྱོར་བ་ལྟར་དགེ་རྒན་བསྐོ་གཞག་གནང་བ་བཅས་མདོར་ན་ཕྱི་ལོ་ ༢༠༢༣ ལོར་དགོན་ཕྱི་ནང་གཉིས་ལ་བཤད་སྒྲུབ་ལས་གསུམ་གྱིས་བསྟན་པའི་བྱ་བ་མཛད་མཁན་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་ནས་མཁན་སློབ་དགེ་བའི་བཤེས་གཉེན་ ༥༡༥ བསྐོ་གཞག་བྱས་ཡོད།
ཕྱི་ཟླ་ ༠༣ ཕྱི་ཚེས་ ༡༦ རེས་གཟའ་པ་སངས་ཀྱི་དགོང་མོར་སྔར་སྲོལ་བཞིན་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་གི་ཆེས་མཐོའི་འགན་འཛིན་རྣམ་པ་དང་། སྔ་འགྱུར་མཐོ་སློབ་ཆེན་མོའི་ཚོགས་གཙོ་དང་ཚོགས་གཞོན་བཅས་དབུ་བཞུགས་ཐོག སྔ་འགྱུར་མཐོ་སློབ་ཆེན་མོའི་རྒྱུན་ལས་ནས་ད་ལོར་དགོན་འདིར་ཚུར་ཕེབས་པའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་མཁན་གྱི་མཁན་སློབ་ཡོངས་རྫོགས་ལ་གསོལ་ཚིགས་ཕུལ་པ་དང་། རྣམ་གླིང་ཆེས་མཐོའི་འགན་འཛིན་རྣམ་པ་དང་། དེ་བཞིན་དུ་མཐོ་སློབ་ཆེན་མོའི་ཚོགས་གཙོ་བཅས་ནས་དགོན་ཕྱི་ནང་གཉིས་སུ་ཕྱག་ལས་གནང་ཕྱོགས་ཐད་ལ་བཀའ་སློབ་ལམ་སྟོན་ཡང་གནང་ཡོད།
ཕྱི་ཟླ་ ༠༤ ཚེས་ ༡༠ སྔ་དྲོ་ཕྱག་ཚོད་ ༧:༣༠ ནས་ ༡༡:༣༠ བར་དུ། སྔ་འགྱུར་མཐོ་སློབ་ཆེན་མོའི་རྒྱུན་ལས་གསར་རྙིང་གཉིས་དང་། ཕྱི་ལོ་ ༢༠༢༣ ལོའི་དཔེ་ཁྲིད་དང་འཛིན་སྐྱོང་གནང་མཁན་གྱི་མཁན་སློབ་དགེ་བའི་བཤེས་གཉེན་རྣམས་ཚང་འཛོམས་ཐོག་ལོ་རིམ་བརྒྱད་པ་དང་དགུ་པའི་སློབ་གཉེར་བ་རྣམ་པའི་ལོ་འཁོར་རྒྱུགས་སྤྲོད་ཀྱི་སྡེ་ཚན་རིམ་པ་དང་། དེ་བཞིན་འཆད་པ། རྩོམ་པ། དྲི་བ་བཅས་ཀྱི་ཤེས་ཡོན་གྱི་གནས་ཚད་དང་། དེ་བཞིན་དུ་སྤྱོད་ལམ་བཅས་ལ་བསྐྱར་ཞིབ་ཀྱིས་འོས་འདེམས་ལམ་ནས་སྐྱོར་དཔོན་ ༢༠ གསར་བསྐོས་བྱས་ཤིང་། ཕྱི་ཚེས་ ༡༡ སྔ་དྲོ་ཆུ་ཚོད་ ༧:༣༠ ནས་ ༡༠:༣༠ བར་དུ་བཙུན་དགོན་བཤད་གྲྭར་སྐྱོར་དཔོན་ ༧ གསར་དུ་བསྐོས།
ཕྱི་ཟླ་ ༠༤ ཚེས་ ༡༡/༡༢/༡༣ བར་ཉིན་གསུམ་གྱི་རིང་སྔར་སྲོལ་ལྟར་བཤད་གྲྭའི་དཔེ་ཁྲིད་དབུ་མ་བཙུགས་པའི་སྔོན་དུ་ཞབས་རིམ་འཚོག་སྲོལ་ཡོད་པ་བཞིན་འདི་ལོར་ཡང་རྐྱེན་ངན་བར་ཆད་བཟློག་པའི་ཆེད་དུ་ཉིན་དང་པོར་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ལྗགས་ཀློག་དང་། ཉིན་གཉིས་པར་ཕུར་བཟློག ཉིན་གསུམ་པར་བསང་གསོལ་ཁ་བཅས་གསུངས་གནང་ཡོད།
ཕྱི་ཟླ་ ༠༤ ཚེས་ ༡༢ ཉིན་སྔ་འགྱུར་མཐོ་སློབ་ཆེན་མོའི་རྒྱུན་ལས་ཀྱིས་མཐོ་སློབ་ཆེན་མོའི་དགེ་རྒན་རྣམ་པའི་ལས་ཤག་ཐོག་བརྩེགས་གཅིག་གསར་སྐྲུན་བྱས་པ་དེ་གྲུབ་ནས། སྔ་དྲོ་ཆུ་ཚོད་ ༧:༣༠ ཐོག་རྣམ་གླིང་ཆེས་མཐོའི་འགན་འཛིན་མཁན་ཆེན་ཚེ་དབང་རྒྱ་མཚོ་མཆོག་དང་། སྔ་འགྱུར་མཐོ་སློབ་ཆེན་མོའི་ཚོགས་གཙོས་དབུས་པའི་དཔེ་ཁྲིད་དང་འཛིན་སྐྱོང་གནང་མཁན་གྱི་མཁན་སློབ་རྣམས་དབུ་བཞུགས་ཐོག་དབུ་འབྱེད་ཀྱི་མཛད་སྒོ་གནང་།
ཕྱི་ཟླ་ ༠༤ ཚེས་ ༡༥ བོད་ཟླ་ ༠༢ ཚེས་ ༢༥ རེས་གཟན་སྤེན་པའི་ཉིན་སྔར་སྲོལ་བཞིན་ལོ་འདིའི་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི་སྔོན་འགྲོ་འཛིན་གྲྭ་ནས་ལོ་རིམ་དགུ་པའི་བར་གྱི་དཔེ་ཁྲིད་རྣམས་སྔ་དྲོ་ཆུ་ཚོད་ ༨:༣༠ ནས་དབུ་བཙུགས་ཡོད།
ཕྱི་ཟླ་ ༠༤ ཚེས་ ༢༤ ཉིན་སྔ་འགྱུར་མཐོ་སློབ་ཆེན་མོའི་ལས་བྱེད་འཕོ་ལེན་གནང་བ་དང་། ཕྱི་ཟླ་ ༠༤ ཚེས་ ༢༤ རེས་གཟའ་ཟླ་བའི་ཕྱི་དྲོའི་ཆར། རྒྱུན་ལས་རྣམ་པས་གཙོས་པའི་མཁན་སློབ་རྣམས་ཀྱིས་སློབ་གཉེར་བ་ཡོངས་ལ་ལེགས་སྤེལ་ཉེས་འགོག་གི་བཀའ་སློབ་ལམ་སྟོན་བསྩལ།
ཕྱི་ལོ་ ༢༠༢༣ ཟླ་བ་ ༠༤ ཚེས་ ༢༢ བོད་ཟླ་ ༠༣ ཚེས་ ༢༢ ཉིན་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་ཕྱག་བཏབ་ནས་ལོ་ངོ་དྲུག་ཅུ་དང་། བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་དར་རྒྱས་གླིང་ཕྱག་བཏབ་ནས་ལོ་ངོ་སུམ་ཅུ་འཁོར་བའི་དུས་ཆེན་དང་བསྟུན་ནས། སྔ་དྲོའི་ཆར་རྒྱལ་བ་དཔལ་ཡུལ་བའི་བསྟན་པ་ཡོངས་རྫོགས་ཀྱི་མངའ་བདག་༸སྐྱབས་རྗེ་ཀརྨ་སྐུ་ཆེན་རིན་པོ་ཆེ་མཆོག་དང་། མཁན་སྤྲུལ་གྱང་ཁང་རིན་པོ་ཆེ། མཆོག་སྤྲུལ་རྨུགས་སངས་སྐུ་ཆེན་རིན་པོ་ཆེ། མཁན་ཆེན་རྣམ་གྲོལ་ཚེ་རིང་རིན་པོ་ཆེ། མཁན་ཆེན་ཚེ་དབང་རྒྱ་མཚོ་རིན་པོ་ཆེ་བཅས་དབུ་བཞུགས་ཐོག དགེ་འདུན་འདུས་པ་རྒྱ་མཚོའི་དབུས་སུ་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་གི་མཁན་ཐོག་བརྒྱད་པ་དང་། བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་དར་རྒྱས་གླིང་གི་ཤེས་ཡོན་གནས་ཚད་དང་མཐུན་པའི་བཙུན་མའི་མཁན་ཐོག་དང་པོ་ཁྲི་འདོན་མངའ་གསོལ་གྱི་མཛད་སྒོ་འཚོགས་གནང་ཡོད། དེ་ཡང་ཐེངས་འདིའི་མཁན་ཐོག་བརྒྱད་པར་མཁན་པོ་གྲངས ༢༠༨ དང་། ཤེས་ཡོན་གྱི་གནས་ཚད་དང་མཐུན་པའི་མཁན་མོ་ ༧༣ བཅས་ཁྱོན་བསྡོམས་གྲངས་ ༢༨༡ ཁྲི་འདོན་མངའ་གསོལ་དང་། «མདོ་རྒྱུད་ངེས་དོན་བསྟན་པའི་སྣང་བྱེད་ཆེན་མོའི་»ཕྱག་ཁྱེར་བཅས་ཕུལ་གནང་བ་དང་། དེ་བཞིན་དུ་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི་ཡན་ལག་སྔ་འགྱུར་རྙིང་མའི་ཞིབ་འཇུག་ལྟེ་གནས་ཁང་གི་ཞིབ་འཇུག་པ་རྒན་པ་གསུམ་ལ་«རིག་པའི་ཆུ་གཏེར་»གྱི་ཕྱག་ཁྱེར་ཕུལ་པ་བཅས་ཀྱི་སྒོ་ནས་མཛད་རིམ་མཐའ་གྲུབ་ཡོད།
ཕྱི་ཟླ་ ༠༤ ཚེས་ ༢༩ རེས་གཟའ་སྤེན་པའི་སྔ་དྲོའི་ཆར་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི་དཔེ་ཁྲིད་དང་འཛིན་སྐྱོང་གནང་མཁན་དགེ་བའི་བཤེས་གཉེན་ལྷན་འཛོམས་ཐོག་མཐོ་སློབ་ཆེན་མོའི་ཤེས་ཡོན་ཡར་རྒྱས་གཏོང་ཕྱོགས་དང་འཛིན་སྐྱོང་ཇི་ལྟར་གནང་དགོས་ཚུལ་སྐོར་ལ་ཚོགས་འདུ་འཚོགས།
ཕྱི་ཟླ་ ༠༥ ཚེས་ ༡༤ ཉིན་ཕྱི་དྲོའི་ཆར་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི་ཟླ་རེའི་མཚམས་ཀྱི་ལོ་རིམ་གོང་འོག་གི་རྩོད་པའི་དམ་བཅའ་ཆེན་མོ་ཐེངས་དང་པོ་འཚོགས་ཡོད་དེ། ཐོག་མར་དམ་བཅའ་ལོ་རིམ་བརྒྱད་པ་དང་རྟགས་གསལ་ལོ་རིམ་དགུ་པས་བཏང་གནང་ཞིང་། དེའི་རྗེས་ནས་དམ་བཅའ་ལོ་རིམ་བདུན་པ་དང་རྟགས་གསལ་ལོ་རིམ་བརྒྱད་པས་བཏང་ནས་དུས་ཡུན་ཆུ་ཚོད་གཉིས་ཀྱི་རིང་འཚོགས་གནང་ཡོད།
ཕྱི་ཟླ་ ༠༥ ཚེས་ ༡༩ སྔ་དྲོའི་ཆར་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི་མཁན་སློབ་དགེ་བའི་བཤེས་གཉེན་ཚང་འཛོམས་ཐོག་མི་ཕམ་འདས་མཆོད་དང་འབྲེལ་བའི་འཆད་རྩོད་སོགས་ཀྱི་མཛད་རིམ་གཏན་འབེབས་བྱེད་ཕྱོགས་སྐོར་ལ་ཚོགས་འདུ་འཚོགས་གནང་ཡོད་ལ། ཕྱི་ཚེས་ ༢༡ རེས་གཟའ་ཉི་མའི་ཕྱི་དྲོའི་ཆར། སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི་མཁན་སློབ་དགེ་བའི་བཤེས་གཉེན་རྣམས་ནས་སློབ་གཉེར་བ་དགེ་འདུན་འདུས་ཚོགས་ཡོངས་ལ་འདི་ཕྱི་གཉིས་ཕན་གྱི་བཀའ་སློབ་ལམ་སྟོན་བསྩལ།
བོད་ཟླ་ ༠༤ ས་ག་ཟླ་བའི་དུས་ཆེན་ཁྱད་པར་ཅན་དང་བསྟུན་ཏེ། སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི་མཁན་སློབ་དགེ་བའི་བཤེས་གཉེན་རྣམས་དང་། སློབ་གཉེར་བ་དགེ་འདུན་འདུས་ཚོགས་ཡོངས་ལ་བོད་ཟླ་བཞི་པའི་བཀའ་མའི་སྒྲུབ་མཆོད་ཀྱི་གུང་སེང་དང་བསྟུན་ནས། མཁན་རིན་པོ་ཆེ་འཇམ་དབྱངས་ཚེ་རིང་མཆོག་ནས། སྨིན་གླིང་གཏེར་ཆེན་རིག་འཛིན་འགྱུར་མེད་རྡོ་རྗེ་དཔལ་བཟང་པོ་མཆོག་གིས་མཛད་པའི་ཚོགས་ཆེན་འདུས་པའི་སྒྲུབ་ཐབས་དངོས་གྲུབ་ཆར་འབེབས་དང་། རྫོགས་ཆེན་མཁན་ཆེན་གཞན་ཕན་ཆོས་ཀྱི་སྣང་བ་གང་གིས་མཛད་པའི་གཞུང་ཆེན་བཅུ་གསུམ་གྱི་མཆན་འགྲེལ་ཆ་ཚང་། གཞན་ཡང་མཁན་ཆེན་གཞན་དགས་མཛད་པའི་དབུ་མའི་སྨོན་ལམ་རྒྱས་བསྡུས་དང་། འཇམ་དབྱངས་གསོལ་འདེབས། མཁན་པོ་ཡོན་ཏན་རྒྱ་མཚོ་མཆོག་གིས་མཛད་པའི་སྡོམ་གསུམ་རྣམ་པར་ངེས་པའི་མཆན་འགྲེལ་རིག་འཛིན་འཇུག་ངོགས། གྲུབ་དབང་རིག་འཛིན་དཔལ་ཆེན་འདུས་པས་ཕྱོགས་སྒྲིག་གནང་བའི་གཞི་གསུམ་ཆོ་གའི་ཟིན་བྲིས། ངེས་ཤེས་སྒྲོན་མེ། ཀུན་མཁྱེན་རོང་ཟོམ་ཆེན་པོའི་སྣང་བ་ལྷར་སྒྲུབ། མན་ངག་ལྟ་ཕྲེང་གི་འགྲེལ་པ་སོགས་ཀྱི་ལྗགས་ལུང་བསྩལ་གནང་ཡོད།
ཕྱི་ཟླ་ ༠༦ ཚེས་ ༡༦ ཉིན་གྱི་ཕྱི་དྲོའི་ཆ་ལ་འཇམ་མགོན་མི་ཕམ་རིན་པོ་ཆེའི་འདས་མཆོད་ཀྱི་སྟ་གོན་ཆེད་དུ། མཐོ་སློབ་ཆེན་མོའི་དགེ་སློབ་ཡོངས་རྫོགས་ཀྱིས་རྣམ་གྲོལ་གླིང་གི་འདུ་ཁང་ཆེན་མོའི་ནང་དུ་ངེས་ཤེས་སྒྲོན་མེ་གསུངས་གནང་བ་དང་། ཕྱི་ཚེས་ ༡༧ ཉིན་འཇམ་མགོན་མི་ཕམ་ཕྱོགས་ལས་རྣམ་པར་རྒྱལ་བའི་འདས་མཆོད་དངོས་གཞི་འཚོགས་གནང་ཡོད། དེ་ཡང་སྔ་འགྱུར་མཐོ་སློབ་ཆེན་མོའི་ཚོགས་གཙོ་མཁན་པོ་ཚུལ་ཁྲིམས་བསྟན་དར་མཆོག་དབུ་བཞུགས་ཐོག་བཤད་གྲྭའི་དགེ་སློབ་ཡོངས་རྫོགས་ཀྱིས་རྣམ་གླིང་འདུ་ཁང་ཆེན་མོའི་ནང་དུ་འཇམ་དཔལ་སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་ཞལ་ཕྱེ་སྟེ་ཚོགས་མཆོད་ཕུལ་ཅིང་། དེ་མཚུངས་ལེགས་བཤད་ཀྱི་མཆོད་སྤྲིན་དུ་དམིགས་ཏེ་སྔ་དྲོ་དང་། ཉིན་གུང་། དེ་བཞིན་ཕྱི་དྲོའི་ཆ་ལ་རིམ་བཞིན་ལོ་རིམ་གཉིས་པ་དང་། གསུམ་པ། དྲུག་པ་བཅས་ཀྱི་སློབ་གཉེར་བ་རེ་རེ་ནས་ཆོས་བཤད་གནང་བ་དང་། དགོང་མོའི་ཆར་སེར་སྐྱ་ཡོངས་ནས་མགོན་པོ་གང་ཉིད་ཀྱི་སྐུ་བརྙན་མཐོང་གྲོལ་ཆེན་མོའི་མདུན་དུ་མཇལ་དར་ཕུལ་རྗེས་འདུས་མང་ཡོངས་ལ་བཤད་གྲྭའི་དྲུང་ཡིག་ནས་འཇམ་མགོན་མི་ཕམ་རིན་པོ་ཆེའི་རྣམ་ཐར་སྒྲོགས་སྦྱང་ཞུས་པ་དང་སྦྲགས། ལོ་རིམ་བདུན་པའི་སློབ་གཉེར་བ་ཞིག་གིས་ཆོས་བཤད་གནང་བ་དང་། ལོ་རིམ་བཞི་པའི་སློབ་གཉེར་བ་གཉིས་ཀྱིས་ཚོགས་ལངས་དང་། དེ་བཞིན་ལོ་རིམ་གསུམ་པ། དྲུག་པ། བརྒྱད་པ་བཅས་ཀྱི་སློབ་གཉེར་བ་རེ་དམ་བཅར་བཞུགས་ནས། ལོ་རིམ་གཉིས་པ་ནས་དབུ་བཙུགས་ཏེ་གསུམ་པ་དང་། དྲུག་པ། བདུན་པའི་སློབ་གཉེར་བ་རྣམས་ཀྱིས་དུས་ཡུན་སྐར་མ་བཅོ་ལྔ་ལས་མི་མང་བར་རྟགས་གསལ་བཏང་གནང་ཡོད། དེ་རྗེས་ལོ་རིམ་དགུ་པའི་སློབ་གཉེར་བ་གཅིག་གིས་བཀྲ་ཤིས་པའི་ཚིག་བཟང་གནང་བའི་སྒོ་ནས་འཆད་རྩོད་ཀྱི་མཛད་རིམ་ཚར་རྗེས་མཐར་བསྔོ་སྨོན་དང་བཅས་འདས་མཆོད་མཐའ་གྲུབ།
ཕྱི་ཟླ་ ༠༧ ཚེས་ ༠༣ བོད་ཟླ་ ༠༥ ཚེས་ ༡༥ འཛམ་གླིང་སྤྱི་བསང་གི་ཉིན་མོར་སྔར་སྲོལ་བཞིན་བཤད་གྲྭའི་ཚོགས་གཙོས་དབུས་པའི་རྒྱུན་ལས་རྣམ་པ། དེ་བཞིན་ལོ་རིམ་དགུ་པ་དང་ལྔ་པའི་སློབ་གཉེར་བ་རྣམས་དང་། གཞན་ཡང་གྲྭ་བཙུན་གང་མང་ཞིག་རི་བོ་བྷེ་ཊ་པུ་རིའི་རྩེར་ཕེབས་ནས་གསེར་སྐྱེམས་དང་། བསང་མཆོད་སོགས་ཕུལ་ཏེ་འཛམ་གླིང་སྤྱི་བསང་གི་དུས་དྲན་སྲུང་བརྩི་ཞུས་ཡོད་ཅིང་། ཕྱི་ཟླ་འདིའི་ཚེས་ ༠༦ ཉིན་ད་ལོའི་ཆར་སྔ་འགྱུར་མཐོ་སློབ་ཆེན་མོའི་དགེ་སློབ་ལྷན་འཛོམས་ཐོག་གནས་བརྟན་ཕྱག་མཆོད་དང་། ༸གོང་ས་མཆོག་གི་ཞབས་བརྟན་བཅས་གསུངས་པའི་སྒོ་ནས་༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད།

རྣམ་གླིང་གཞི་རིམ་སློབ་གྲྭ་ཡེ་ཤེས་འོད་གསལ་ཤེས་རབ་རལ་གྲི་གླིང་གི་ཟླ་དྲུག་སྔ་མའི་མཛད་རིམ་ཁག

བོད་རྒྱལ་ལོ་ ༢༡༥༠ རབ་གནས་ཆུ་མོ་ཡོས་ལོའི་བོད་ཟླ་ ༠༢ ཚེས་ ༠༣ ཕྱི་ལོ་ ༢༠༢༣ ཟླ་བ་ ༠༣ ཚེས་ ༢༤ ཉིན་གཞི་རིམ་སློབ་གྲྭའི་ཟླ་བ་གཉིས་ཀྱི་གུང་སེང་རྫོགས་ནས་སླར་ཡང་དབུ་བཙུགས།
ཕྱི་ཟླ་ ༠༣ ཚེས་ ༢༨ བོད་ཟླ་ ༠༢ ཚེས་ ༠༧ དགོང་མོར་ཡེ་ཤེས་འོད་གསལ་ཤེས་རབ་རལ་གྲི་གླིང་གི་ཕྱི་ལོ་ ༢༠༢༢ ལོའི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོའི་གྲུབ་འབྲས་གསལ་བཤད་གནང་བ་དང་འབྲེལ་མཁན་སྤྲུལ་གྱང་ཁང་རིན་པོ་ཆེ་དང་། མཆོག་སྤྲུལ་རྨུགས་སངས་སྐུ་ཆེན་རིན་པོ་ཆེ། མཁན་ཆེན་རྣམ་གྲོལ་ཚེ་རིང་རིན་པོ་ཆེ། མཁན་ཆེན་ཚེ་དབང་རྒྱ་མཚོ་རིན་པོ་ཆེ་བཅས་དབུ་བཞུགས་ཐོག་གཞི་རིམ་སློབ་གྲྭའི་འཛིན་གྲྭ་བརྒྱད་པ་མཐར་སོན་པའི་སློབ་གཉེར་བ་རྣམས་ལ་ཕྱག་ཁྱེར་གནང་བ་དང།
གཞན་ཡིག་རྒྱུགས་ཨང་དང་པོ་དང་། གཉིས་པ། གསུམ་པ། དེ་བཞིན་འཛིན་གྲྭ་བཞི་པ་ཡན་ཆད་ཀྱི་ཆོ་ག་ཕྱག་ལེན་རྒྱུགས་སྤྲོད་ཀྱི་ཨང་དང་པོ་དང་། གཉིས་པ། གསུམ་པ་བཅས་དང་། བློ་རྒྱུགས་ལྡེབ་གྲངས་ལྔ་བཅུ་ཡན་ཆད་འབུལ་མཁན་རྣམས་ལ་གསོལ་རས་བསྩལ་ཅིང་བཀའ་སློབ་ལམ་སྟོན་གནང་ཡོད། ལོ་འདིར་སློབ་གྲྭའི་འཛིན་གྲྭ་བརྒྱད་པ་མཐར་ཕྱིན་པའི་སློབ་གཉེར་བ་ ༥༠ བྱུང་བ་དང་།
གཞན་ཡང་གསར་དུ་ཞུགས་པའི་སློབ་གཉེར་བ་ ༡༤༨ བཅས་ཁྱོན་བསྡོམས་པར་ལོ་འདིར་ད་ལྟའི་ཆར་གཞི་རིམ་སློབ་གྲྭར་སློབ་ཕྲུག་ ༨༩༠ ལྷག་ཙམ་གྱིས་སློབ་སྦྱོང་གནང་བཞིན་ཡོད།
ཕྱི་ལོ་ ༢༠༢༣ ཟླ་བ་ ༠༤ ཚེས་ ༡༩ ཉིན་གྱི་སྔ་དྲོའི་ཕྱག་ཚོད་ ༧:༣༠ ཐོག མཁན་ཆེན་རྣམ་གྲོལ་ཚེ་རིང་མཆོག་གིས་གཙོས་སྦྱིན་པའི་བདག་པོ་རྣམས་ཀྱི་མཐུན་འགྱུར་འོག་རྣམ་གླིང་གཞི་རིམ་སློབ་གྲྭའི་དགེ་རྒན་རྣམ་པའི་བཞུགས་ཤག་གསར་པ་ལེགས་གྲུབ་བྱུང་སྟེ། ཆེས་མཐོའི་འགན་འཛིན་རྣམས་དང་གཞན་ཡང་ཡེ་ཤེས་འོད་གསལ་ཤེས་རབ་རལ་གྲི་གླིང་གི་རྒྱུན་ལས་སྔ་ཕྱི་གཉིས་དང་དགེ་རྒན་རྣམ་པས་བཞུགས་ཤག་མཛད་སྒོ་གནང་ཡོད།
ཕྱི་ཟླ་ ༠༤ ཚེས་ ༢༢ ཉིན་རྒྱུན་ལས་གསར་རྙིང་དབུ་བཞུགས་ཐོག་རྣམ་གླིང་སློབ་གྲྭའི་རྒྱུན་ལས་དང་སྡེ་ཚན་ཁག་གི་འགན་འཛིན། དེ་བཞིན་དུ་སློབ་ཕྲུག་ལས་བྱེད་རྙིང་པ་རྣམས་ལ་ཐུགས་རྗེ་ལེགས་འབུལ་མཚོན་བྱེད་གསོལ་རས་དང་། གསར་པ་རྣམས་ལ་རྟེན་འབྲེལ་མཚོན་ཆེད་ཁ་བཏགས་ཕུལ་ཅིང་། རྒྱུན་ལས་རྙིང་པ་རྣམས་ཀྱིས་ལོ་གཅིག་གི་ཉམས་མྱོང་དང་འབྲེལ་བའི་བཀའ་སློབ་གསུང་བཤད་གནང་སྟེ་ལས་བྱེད་གསར་རྙིང་འཕོ་ལེན་གནང་ཡོད།
ཕྱི་ཟླ་ ༠༤ ཚེས་ ༡༤ ཉིན་༸སྐྱབས་རྗེ་རིན་པོ་ཆེའི་བླ་གཟའི་འཕྲོད་སྦྱོར་དང་བསྟུན་དགོང་མོའི་ཆུ་ཚོད་ ༧ ཐོག ཡེ་ཤེས་འོད་གསལ་ཤེས་རབ་རལ་གྲི་གླིང་གི་དགེ་སློབ་ལྷན་འཛོམས་ཐོག་བཀྲ་ཤིས་བརྒྱད་པས་སྣེ་དྲངས་ཏེ་ཞལ་འདོན་གྱི་སྒོ་ནས་ཕྱི་ལོ་ ༢༠༢༣ ལོའི་དཔེ་ཁྲིད་དབུ་འཛུགས་ཀྱི་རྟེན་འབྲེལ་གནང་ཡོད།
ད་ལོའི་ཆར་ཡེ་ཤེས་འོད་གསལ་ཤེས་རབ་རལ་གྲི་གླིང་གི་འཛིན་སྐྱོང་གནང་མཁན་ལ་རྒྱུན་ལས་གཙོས་པའི་མཁན་སློབ་གྲངས་ ༣༤ དང་། སྔ་འགྱུར་མཐོ་སློབ་ཆེན་མོ་ནས་དབྱིན་ཡིག་དགེ་རྒན། ཀློག་དགེ་རྒན། ཆོ་ག་ཕྱག་ལེན་གྱི་དགེ་རྒན་བཅས་སློབ་གཉེར་བ་གྲངས་ ༤༡ ཙམ་ཕེབས་ཡོད། ཁྱོན་བསྡོམས་པས་འདི་ལོར་ཡེ་ཤེས་འོད་གསལ་ཤེས་རབ་རལ་གྲི་གླིང་དུ་དགེ་རྒན་ ༧༥ ཡིས་ཐུགས་ཁུར་ཆེར་བཞེས་ཀྱིས་ཡི་གེ་འབྲི་ཀློག་ནས་བཟུང་སུམ་རྟགས་དག་གསུམ། རྒྱལ་རབས་ཆོས་འབྱུང་། བཤེས་སྤྲིངས་དང་རྒྱལ་སྲས་ལག་ལེན། བློ་རིགས་དང་རྟགས་རིགས། སྐད་ཡིག་སློབ་དེབ། དབྱིིན་ཇི་དང་ཨང་རྩིས། འབུད་རྡུང་དཀྲོལ་གསུམ། གར་ཐིག་དབྱངས་གསུམ། གཏོར་བཟོ་དཀར་རྒྱན་དང་བཅས་རིག་པའི་གནས་རྣམས་ལ་སློབ་སྟོན་གནང་མུས་ཡིན།
ཕྱི་ལོ་ ༢༠༢༣ ཟླ་བ ༠༥ ཚེས་ ༨/༩/༡༠ བཅས་ཉིན་གསུམ་གྱི་རིང་། སྤྱིར་རྒྱལ་བའི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་དུ་གནས་པ་སོགས་ཀྱི་ཆེད་དང་། ཁྱད་པར་དུ་གཞི་རིམ་སློབ་གྲྭའི་ཕྱི་ནང་གསང་གསུམ་གྱི་བར་ཆད་ཐམས་ཅད་ཞི་ཞིང་། རྒྱལ་ཕྱི་ནང་གང་སར་བཞུགས་པའི་དད་ལྡན་སྦྱིན་པའི་བདག་པོ་རྣམས་ཀྱི་བསམ་པའི་དོན་ཀུན་འབད་མེད་ཡིད་བཞིན་དུ་འགྲུབ་པའི་ཆེད་དུ་དམིགས་ཏེ། རྡོ་རྗེ་སློབ་དཔོན་༸སྐྱབས་རྗེ་གྲུབ་དབང་རིན་པོ་ཆེའི་སྐུ་ཚ་བླ་མ་བསོད་ནམས་རྒྱ་མཚོ་མཆོག་དབུ་བཞུགས་ཐོག སློབ་གྲྭའི་དགེ་སློབ་ཡོངས་ནས་ཉིན་དང་པོའི་ཆར་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དང་། ཉིན་གཉིས་པར་ཕུར་པའི་གཏོར་བཟློག ཉིན་གསུམ་པའི་ཆར་སྙིང་ཐིག་གསོལ་ཁ་བཅས་གསུངས་གནང་ཡོད།
ཕྱི་ཟླ་ ༠༥ ཚེས་ ༢༨ དགོང་མོའི་ཆུ་ཚོད་ ༧ ཐོག་མཁན་རིན་པོ་ཆེ་འཇམ་དབྱངས་ཚེ་རིང་མཆོག་ནས། རྣམ་གླིང་སློབ་གྲྭ་ཡེ་ཤེས་འོད་གསལ་ཤེས་རབ་རལ་གྲི་གླིང་གི་སློབ་ཕྲུག་རྣམས་ལ། སློབ་གྲྭའི་ཞལ་འདོན་ཕྱོགས་བསྒྲིགས་དངོས་གྲུབ་འདོད་འཇོ་དང་། གཞན་ཡང་གསོལ་འདེབས་ལེའུ་བདུན་མ། སྒྲོལ་ཆོག ཐུབ་ཆོག་བྱིན་རླབས་གཏེར་མཛོད། འཇམ་དཔལ་མཚན་བརྗོད། སྨོན་ལམ་རྣམ་ལྔ། སྔ་འགྱུར་བསྟན་པ་རྒྱས་པའི་སྨོན་ལམ། དཀར་གསུར་ཞིང་ཁམས་ཀུན་ཁྱབ། དམར་གསུར་འདོད་ཡོན་ཀུན་ཁྱབ། རི་བོ་བསང་མཆོད་བཀྲ་ཤིས་སྨོན་ཚིག་སོགས་ཀྱི་ལྗགས་ལུང་གནང་ཡོད།
གཞི་རིམ་སློབ་གྲྭའི་སློབ་ཕྲུག་ཡོངས་རྫོགས་ཀྱིས་ལོ་འཁོར་མོ་གཅིག་གི་རིང་ལ་བོད་ཡིག་ཟླ་རྒྱུགས་ཐེངས་བཞི་དང་། དབྱིན་ཡིག་ཟླ་རྒྱུགས་ཐེངས་གཉིས། དེ་བཞིན་བོད་སྐད་བཤད་རྒྱུགས་ཉུང་མཐར་ཡང་རྒྱུགས་ཐེངས་གཉིས་རེ་གཏོང་སྲོལ་ཡོད་པ་བཞིན། ད་ལོའི་ཆར་ཡང་ཕྱི་ཟླ་ ༠༥ ཚེས་ ༡༨ ཉིན་ཟླ་དྲུག་སྔ་མའི་སློབ་དེབ་ཟླ་རྒྱུགས་ཐེངས་དང་པོའི་རང་སྦྱོང་དང་། ཕྱི་ཚེས་ ༡༩ ཉིན་ཟླ་རྒྱུགས་དངོས་གཞི་བཏང་ཡོད། དེ་བཞིན་ཕྱི་ཟླ་ ༠༥ ཚེས་ ༣༠ ཉིན་ཟླ་དྲུག་སྔ་མའི་ཨང་རྩིས་ཟླ་རྒྱུགས་ཐེངས་དང་པོའི་རང་སྦྱོང་དང་། ཕྱི་ཚེས་ ༣༡ ཉིན་ཟླ་རྒྱུགས་དངོས་གཞི་བཏང། དེ་བཞིན་དུ་ཕྱི་ཟླ་ ༠༦ ཚེས་ ༡༨ ནས་ཉིན་གསུམ་གྱི་རིང་བོད་སྐད་བཤད་རྒྱུགས་སྐོར་རྒྱུགས་སྤྲོད་ཐེངས་དང་པོ་བཏང་།
ཕྱི་ཟླ་ ༠༧ ཚེས་ ༠༦ ཉིན་འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད།
ཕྱི་ཟླ་ ༠༧ ཚེས་ ༡༣ ཉིན་སློབ་ཕྲུག་ཡོངས་ནས་ཟླ་དྲུག་སྔ་མའི་བོད་ཡིག་ཟླ་རྒྱུགས་ཐེངས་གཉིས་པའི་རང་སྦྱོང་དང་། ཕྱི་ཚེས་ ༡༤ ཉིན་ཟླ་རྒྱུགས་དངོས་གཞི་བཏང་བ་དང་།
ཕྱི་ཟླ་ ༠༧ ཚེས་ ༢༤ ཉིན་འཛིན་གྲྭ་འོག་མ་རྣམས་ཀྱི་ཨང་རྩིས་དང་། གོང་མ་རྣམས་ཀྱི་དབྱིན་ཇིའི་ཟླ་རྒྱུགས་ཀྱི་རང་སྦྱོང་དང་། ཕྱི་ཚེས་ ༢༤ ཉིན་ཡིག་རྒྱུགས་དངོས་གཞི་བཏང་ཡོད།
ཕྱི་ཟླ་ ༠༧ ཚེས་ ༢༨ ཉིན་ཟླ་དྲུག་སྔ་མའི་དཔེ་ཁྲིད་མཚམས་འཇོག་གནང་སྟེ་དགེ་སློབ་ཡོངས་རྫོགས་ཉིན་གསུམ་གྱི་རིང་གུང་སེང་ལ་རོལ་བ་བཅས་སོ།།


བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་དར་རྒྱས་གླིང་གི་ཟླ་དྲུག་སྔ་མའི་མཛད་རིམ་ཁག

བཙུན་དགོན་གྲྭ་ཚང་གི་མཛད་རིམ་སྙིང་བསྡུས།

བོད་རྒྱལ་ལོ་ ༢༡༥༠ ཆུ་མོ་ཡོས་མཆུ་ཟླ་བའི་ཡར་ཚེས་ ༠༡ ཕྱི་ལོ་ ༢༠༢༣ ཟླ་བ་ ༠༢ ཚེས་ ༢༡ གནམ་ལོ་གསར་ཚེས་ཉིན། སྔ་དྲོའི་ཆཪ་ཆུ་ཚོད་ ༣ ཐོག་བཙུན་དགོན་གྱི་འདུ་ཁང་ནང་དུ་སྒྲོལ་མ་བཞི་ཆོག་དང་བསང་གསོལ་སོགས་འཚོགས་རྗེས། ལོ་གསར་གྱི་རྟེན་འབྲེལ་རྣམ་གླིང་སྤྱིའི་དགེ་འདུན་འདུས་མང་ཡོངས་དང་ལྷན་དུ་འདུ་ཁང་ཆེན་མོའི་ནང་དུ་སྟབས་བདེ་ཞིག་སྲུང་བརྩི་ཞུས་ཡོད།
བོད་ཚེས་ ༠༨ ཕྱི་ཟླ་ ༠༢ ཚེས་ ༢༧ ནས་དབུ་བཙུགས་ཏེ་ཕྱི་ཟླ་ ༠༣ ཚེས་ ༠༧ བར་བདུན་ཕྲག་གཅིག་གི་རིང་རྡོ་རྗེ་སློབ་དཔོན་བླ་མ་ཕུར་པ་ཕྲིན་ལས་དབུ་བཞུགས་ཐོག་རཏ་གླིང་ཚེ་ཆོག་གི་ལས་ཆོག་གི་སྒོ་ནས་སྒྲུབ་པ་འཚོགས། གཞན་ཡང་དཔལ་ཡུལ་རིག་འཛིན་གོང་མའི་ཕྱག་སྲོལ་གཞིར་བཟུང་མི་ཉམས་རྒྱུན་སྐྱོང་གིས། ཕྱི་ལོ་ ༢༠༢༣ ཟླ་བ་ ༠༣ ཚེས་ ༡༠ བོད་ཟླ་ ༠༡ ཚེས་ ༡༨ ཉིན་ནས་ཟླ་བ་གཅིག་གི་རིང་རྣམ་གླིང་འདུས་སྤྱིའི་དགེ་འདུན་དང་གཅིག་མཚུངས་ཀྱིས་རྒྱལ་བ་དཔལ་ཡུལ་བའི་རི་ཆོས་ཏེ་སྔོན་རྩ་རྫོགས་གསུམ་གྱི་ཟླ་ཆོས་ཉམས་ལེན་གནང་ཞིང་མཇུག་གཏང་རག་ཚོགས་འཁོར་དང་བཅས་ཏེ་མཐའ་གྲུབ།
༸སྐྱབས་རྗེ་གྲུབ་དབང་རིན་པོ་ཆེའི་བཀའ་དགོངས་ལྟར་འཛམ་གླིང་སྤྱི་དང་དགོན་པའི་ཞབས་རིམ་ཆེད་རྒྱུན་དུ་སྔ་དྲོའི་ཆར་སྒྲོལ་ཆོག་དང་། ཕྱི་དྲོར་ཆོས་སྐྱོང་ལ་བསྐང་གསོ་ཆད་མེད་དུ་འཚོག་བཞིན་པ་དང་། དེ་བཞིན་ཚེས་བཅུ་ཉེར་ལྔ་སོགས་དུས་ཆེན་རྣམས་སུ་རིག་འཛིན་འདུས་པའི་ཚོགས་འཁོར་དང་ཡུམ་ཀ་བདེ་ཆེན་རྒྱལ་མོའི་ཚོགས་འཁོར་སྐོར་བཞིན་པ་དང། དད་ལྡན་ཡོན་བདག་རྣམས་ཀྱི་དམིགས་བསལ་ཞབས་རིམ་གང་བསྒྲུབ་དགོས་པའི་རེ་འདོད་ལྟར་སྒྲུབ་བཞིན་ཡོད།
བོད་རབ་རྒྱན་ཆུ་མོ་ཡོས། ནག་པ་ཟླ་བའི་ཡར་ཚེས་ ༠༢ རེས་གཟའ་སྤེན་པ་སྟེ། ཕྱི་ལོ་ ༢༠༢༣ ཟླ་ ༠༤ ཚེས་ ༢༢ ཆུ་ཚོད་ ༩:༣༠ ཐོག་བཀྲ་ཤིས་པའི་གཙུག་ལག་ཁང་ཆེན་མོ་ཨོ་རྒྱན་མདོ་སྔགས་བཤད་སྒྲུབ་འོད་གསལ་དར་རྒྱས་གླིང་དུ། སྔ་འགྱུར་རྙིང་མའི་དབུ་འཛིན་གསུམ་པ་༸སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེ་མཆོག་གིས་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་ཕྱག་བཏབ་ནས་བགྲང་བྱ་ ༦༠ དང་། བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་དར་རྒྱས་གླིང་ཕྱག་བཏབ་ནས་བགྲང་བྱ་ ༣༠ འཁོར་བའི་དུས་དྲན་མཛད་སྒོ་དང་སྟབས་བསྟུན་ཏེ། ཤར་རྒྱལ་བ་དཔལ་ཡུལ་བའི་གདན་རབས་བཅུ་གཉིས་པ་༸སྐྱབས་རྗེ་ཀརྨ་སྐུ་ཆེན་སྐུ་ཕྲེང་ལྔ་པ་ཐུབ་བསྟན་ཚུལ་ཁྲིམས་ནོར་བུ་འོད་ཟེར་ཀུན་ཁྱབ་དཔལ་བཟང་མཆོག་གིས་སྔ་འགྱུར་མཐོ་སློབ་ཆེན་མོའི་མཁན་ཐོག་བརྒྱད་པར་མཁན་པོ་ ༢༠༨ ལ་མཁན་པོའི་མཚན་གནས་གསོལ་ཞིང་། «མདོ་རྒྱུད་ངེས་དོན་བསྟན་པའི་སྣང་བྱེད་ཆེན་མོའི་»ཕྱག་ཁྱེར་གནང་བ་བཞིན་དུ། བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་ཐོས་བསམ་དགའ་བའི་ཚལ་གྱི་བཙུན་མའི་མཁན་ཐོག་དང་པོར་ཡང་ཤེས་ཡོན་གྱི་གནས་ཚད་ལོན་པའི་མཁན་མོ་ ༧༣ མངའ་གསོལ་དང་། «མདོ་རྒྱུད་ངེས་དོན་བསྟན་པའི་སྣང་བྱེད་ཆེན་མོའི་»ཕྱག་ཁྱེར་གནང་ཡོད། དེ་ཡང་བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་ཐོས་བསམ་དགའ་བའི་ཚལ་དུ་མདོ་སྔགས་རིག་གནས་དང་བཅས་པར་མི་ལོ་དགུའི་རིང་ལ་གསན་བསམ་མཐར་ཕྱིན་པ་མཛད་ནས། ཕྱི་ལོ་ ༢༠༠༥ ལ་ཐོག་མར་སློབ་དཔོན་མའི་མཚན་གནས་དང། «ངེས་གསང་ལེགས་བཤད་མཛོད་འཆང་།» ཞེས་པའི་ཕྱག་ཁྱེར་བཞེས་མཁན་བྱུང་། དེ་ནས་དགོན་ཕྱི་ནང་གཉིས་སུ་བཤད་སྒྲུབ་ལས་གསུམ་གྱིས་བསྟན་པའི་བྱ་བ་བསྒྲུུབས་ནས། ལོ་འདིར་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་གི་ཆེས་མཐོའི་འགན་འཛིན་ལྷན་ཚོགས་དང་། སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི་རྒྱུན་ལས་ཀྱིས་མཁན་མོའི་མཚན་གནས་གནང་བ་ལྟར་མཁན་མོ་ཁྲི་འདོན་མངའ་གསོལ་ཐེངས་དང་པོ་གནང་ཡོད།
བོད་རྒྱལ་ལོ་ ༢༡༥༠ རབ་གནས་ཆུ་མོ་ཡོས་ལོའི་དཔྱིད་ཐ་ཆུང་བ་ནག་པ་ཟླ་བའི་ཡར་ཚེས་གསུམ་དང་། ཕྱི་ལོ་ ༢༠༢༣ ལོའི་ཟླ་བ་ ༠༤ ཚེས་ ༢༣ བཀྲ་ཤིས་པའི་དགེ་མཚན་འོད་དུ་འབར་བའི་ཉིན་སྔ་འགྱུར་རྙིང་མའི་གདན་ས་ཆེན་མོ་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་དབུ་བརྙེས་ནས་ལོ་འཁོར་དྲུག་ཅུ་འཁོར་བའི་དུས་དྲན་གྱི་མཛད་སྒོ་འཚོགས་པ་དང་དུས་མཚུངས་སུ། རྣམ་གྲོལ་གླིང་གི་ཡན་ལག་སྔ་འགྱུར་བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་དར་རྒྱས་གླིང་དབུ་བརྙེས་ནས་ལོ་འཁོར་སུམ་ཅུ་འཁོར་བའི་དུས་དྲན་གྱི་མཛད་སྒོའི་ཆེད་དུ། སྔ་འགྱུར་རྙིང་མའི་གདན་ས་ཆེན་པོ་དྲུག་གི་ཡ་རྒྱལ་ཤར་རྒྱལ་བ་དཔལ་ཡུལ་བའི་བསྟན་པའི་མངའ་བདག་གདན་རབས་བཅུ་གཉིས་པ་༸སྐྱབས་རྗེ་ཀརྨ་སྐུ་ཆེན་རིན་པོ་ཆེ་མཆོག་དང་། མཁན་སྤྲུལ་གྱང་ཁང་རིན་པོ་ཆེ། མཆོག་སྤྲུལ་རྨུགས་སངས་སྐུ་ཆེན་རིན་པོ་ཆེ། མཁན་ཆེན་རྣམ་གྲོལ་ཚེ་རིང་རིན་པོ་ཆེ། མཁན་ཆེན་ཚེ་དབང་རྒྱ་མཚོ་རིན་པོ་ཆེ་བཅས་དབུ་བཞུགས་ཐོག ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་གི་འཛིན་སྐྱོང་གནང་མཁན་སྡེ་ཚན་ཁག་གི་འགན་འཛིན་རྣམ་པས་དབུས་པའི་རྒྱུན་ལས་ཁག་དང་། མཁན་སྤྲུལ་བླ་སློབ། དགེ་འདུན་བཙུན་མའི་སྡེ་དང་བཅས་ཏེ་སྔ་འགྱུར་བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་དར་རྒྱས་གླིང་གི་ཚོགས་ཁང་གསར་པ་རྟེན་དང་བརྟེན་པར་བཅས་པ་ལེགས་གྲུབ་བྱུང་བའི་མཛད་སྒོ་དང་། དེ་བཞིན་དུ་མཚོ་རྒྱལ་དཔེ་མཛོད་ཁང་། ཆེས་མཐོའི་རྒྱུན་ལས་རྣམ་པའི་གཟིམས་ཆུང་། བཙུན་མ་རྣམས་ཀྱི་བཞུགས་ཤག་སོགས་ལེགས་གྲུབ་བྱུང་བའི་མཛད་སྒོ་འཚོགས་ཡོད།
ཕྱི་ཟླ་ ༠༤ ཚེས་ ༢༦ ཉིན་མཆོག་སྤྲུལ་རྨུགས་སངས་སྐུ་ཆེན་རིན་པོ་ཆེ་མཆོག་དང་། མཁན་ཆེན་རྣམ་གྲོལ་ཚེ་རིང་རིན་པོ་ཆེ། མཁན་ཆེན་ཚེ་དབང་རྒྱ་མཚོ་རིན་པོ་ཆེ། གཞན་ཡང་ཕྱི་ལོ་ ༢༠༢༢ ལོའི་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་དང་སྔ་འགྱུར་བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་ཐོས་བསམ་དགའ་བའི་ཚལ་གྱི་ཚོགས་གཙོ་མཁན་རིན་པོ་ཆེ་ངག་དབང་བསམ་གཏན་དང་། བཙུན་དགོན་གྱི་འགན་འཛིན་མཁན་པོ་པདྨ་བཀྲ་ཤིས་སོགས་ཀྱིས་གཙོས་པའི་རྒྱུན་ལས་རྣམ་པས་ལས་བྱེད་གསར་པ་བསྐོ་གཞག་དང་། འདུས་མང་ཡོངས་ལ་བཀའ་སློབ་ལམ་སྟོན་བསྩལ།
ཕྱི་ལོ་ ༢༠༢༣ ཟླ་བ་ ༠༥ ཚེས་ ༡༣ ཉིན། སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་དང་། བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་ཐོས་བསམ་དགའ་བའི་ཚལ་གྱི་ཚོགས་གཙོ་མཁན་རིན་པོ་ཆེ་ཚུལ་ཁྲིམས་བསྟན་དར་མཆོག་དང་། བཙུན་དགོན་གྱི་འགན་འཛིན་མཁན་པོ་སངས་རྒྱས་བསྟན་འཛིན་རྣམ་གཉིས་དབུ་བཞུགས་ཐོག་མཁན་སློབ་དགེ་བའི་བཤེས་གཉེན་རྣམ་པས་བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་དར་རྒྱས་གླིང་གི་སློབ་ཕྲུག་རྣམས་ཀྱི་ཤེས་ཡོན་ཡར་རྒྱས་གཏོང་ཕྱོགས་ཐད་དགོངས་འཆར་གསུང་གླེང་གནང་ཡོད།
ལོ་ལྟར་བཙུན་དགོན་སྤྱིའི་ཞབས་རིམ་གནང་མུས་ལྟར་ཕྱི་ཟླ་ ༠༥ ཚེས་ ༡༥ ནས་ ༡༩ བར་ཉིན་ལྔའི་རིང་ལ་སྔ་འགྱུར་བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་དར་རྒྱས་གླིང་གི་འདུས་སྤྱི་ནས་བསྟན་འགྲོ་སྤྱིའི་རིམ་གྲོར་དམིགས་ནས། བཀའ་འགྱུར་ལྗགས་ཀློག་དང་། རཏ་གླིང་ཕུར་བཟློག་དང་། སྒྲོལ་མ་འབུམ་ཐེར་དང་། བསང་གསོལ་དང་། བསྔོ་སྨོན་བཅས་གསུངས་གནང་ཡོད།
ཕྱི་ཟླ་ ༠༥ ཚེས་ ༢༩ ནས་ཕྱི་ཟླ་ ༠༦ ཚེས་ ༠༤ བར་བདུན་ཕྲག་གཅིག་གི་རིང་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཞལ་ཕྱེ་སྟེ་ཚོགས་འཁོར་རྒྱས་སྤྲོས་དང་། མཐར་མར་མེ་སྨོན་ལམ་དང་བསྔོ་བ་བཅས་ཀྱི་སྒོ་ནས་བཀའ་མའི་སྒྲུབ་མཆོད་མཐའ་གྲུབ།
ལོ་འདིར་ད་ལྟའི་ཆར་ཕྱོགས་མཐའ་ཁག་ནས་བཙུན་དགོན་འདིར་བཙུན་མ་གསར་ཞུགས་ ༣༢ ཕེབས་ཡོད་པ་དང། དེ་བཞིན་བཙུན་དགོན་དུ་ལས་བྱེེད་ཆེ་ཆུང་ཁྱོན་བསྡོམས་པས་ ༡༤༤ ཙམ་གྱིས་འཛིན་སྐྱོང་གནང་བཞིན་ཡོད།

བཙུན་དགོན་བཤད་གྲྭ་ཐོས་བསམ་དགའ་བའི་ཚལ་གྱི་མཛད་རིམ་སྙིང་བསྡུས།

བོད་རྒྱལ་ལོ་ ༢༡༥༠ བོད་ཟླ་ ༠༢ ཚེས་ ༠༣ ཕྱི་ལོ་ ༢༠༢༣ ཟླ་བ་ ༠༣ ཚེས་ ༢༤ ཉིན་གུང་སེང་མཐའ་གྲུབ་ནས་བཤད་གྲྭ་སླར་ཡང་དབུ་བཙུགས་ཤིང་། ཕྱི་ཟླ་ ༠༣ ཚེས་ ༢༤ ཉིན་གསར་ཞུགས་སློབ་གཉེར་བ་རྣམ་པས་ངག་རྒྱུགས་དང་། དེའི་ཉིན་ཕྱི་མར་འབྲི་རྒྱུགས་ཕུལ་ཡོད། ད་ལོའི་ཆར་བཙུན་དགོན་བཤད་གྲྭའི་སྔོན་འགྲོ་འཛིན་གྲྭར་སློབ་གཉེར་བ་གསར་ཞུགས་ ༢༠ བྱུང་ཡོད་པ་དང་། སྔ་འགྱུར་མཐོ་སློབ་ཆེན་མོའི་འཛིན་སྐྱོང་འོག་མཁན་སློབ་ ༦ དང་། བཙུན་དགོན་རང་ནས་མཁན་མོ་དང་སློབ་དཔོན་མ་ ༢༠ བཅས་ཀྱིས་ཕྱི་ཟླ་ ༠༤ ཚེས་ ༡༥ ཉིན་ནས་དཔེ་ཁྲིད་དངོས་གཞི་དབུ་བཙུགས་གནང་སྟེ་ད་ལྟའི་ཆར་ཆོས་ཐུན་འགྲོ་བཞིན་ཡོད།
ཕྱི་ཟླ་ ༠༥ ཚེས་ ༢༢ ཉིན་ཚོགས་གཙོ་མཁན་རིན་པོ་ཆེ་ཚུལ་ཁྲིམས་བསྟན་དར་དབུ་བཞུགས་ཐོག་བཀའ་མའི་སྒྲུབ་མཆོད་དང་འབྲེལ་ནས་དགེ་སློབ་ཡོངས་ལ་བཀའ་སློབ་ལམ་སྟོན་གནང་ཡོད།
ཕྱི་ལོ་ ༢༠༠༥ ནས་ད་ལྟའི་བར་བཙུན་དགོན་བཤད་གྲྭ་འདི་ནས་བསླབ་པ་མཐར་སོན་པའི་སློབ་དཔོན་མ་ཞལ་གྲངས་ ༢༢༩ བྱུང་བ་དང། ད་ལོའི་ཆར་བསླབ་པ་མཐར་སོན་པའི་སློབ་དཔོན་མ་གྲངས་ ༩ ཡོད་ལ། ཕྱོགས་མཐའ་ཁག་ནས་སྙན་ཞུ་འབྱོར་བ་ལྟར་དགོན་སྡེ་ཁག་དང་སློབ་གྲྭ་ཁག་ལ་མཁན་མོ་དང་སློབ་དཔོན་མ་གྲངས་ ༤༡ ཆོས་ཕྱོགས་ཀྱི་བྱ་བའི་ཆེད་དུ་དགེ་རྒན་བཏང་གནང་ཡོད།

བཙུན་དགོན་གཞི་རིམ་སློབ་གྲྭ་ཐུབ་བསྟན་པད་ཚལ་གླིང་གི་མཛད་རིམ་སྙིང་བསྡུས།

ཕྱི་ལོ་ ༢༠༢༣ ཟླ་ ༠༣ ཚེས་ ༣༡ ཉིན་མཁན་སྤྲུལ་གྱང་ཁང་རིན་པོ་ཆེ། མཆོག་སྤྲུལ་རྨུགས་སངས་སྐུ་ཆེན་རིན་པོ་ཆེ། མཁན་ཆེན་ཚེ་དབང་རྒྱ་མཚོ་རིན་པོ་ཆེ་བཅས་དབུ་བཞུགས་ཐོག་སྔ་འགྱུར་བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་དར་རྒྱས་གླིང་གི་གཞི་རིམ་སློབ་གྲྭ་ཐུབ་བསྟན་པད་ཚལ་གླིང་གི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོའི་གྲུབ་འབྲས་ཨང་ཐོབ་གསལ་བཤད་དང་། འཛིན་གྲྭ་མཐར་སོན་པའི་སློབ་གཉེར་བ་རྣམས་ལ་ཕྱག་འཁྱེར་བསྩལ་པ་དང་འབྲེལ། ཡ་རབས་བཟང་སྤྱོད་དང་ཤེས་ཡོན་སློབ་སྦྱོང་ཡར་སྐྱེད་གཏོང་ཕྱོགས་སྐོར་ལ་བཀའ་སློབ་ལམ་སྟོན་གནང་།
གཞི་རིམ་སློབ་གྲྭ་འདིའི་སྒྲིག་གཞི་དང་སློབ་ཚན་རྣམས་ནི་རྣམ་གླིང་གཞི་རིམ་སློབ་གྲྭ་དང་གཅིག་མཚུངས་ཡིན་ཞིང་། གཞི་རིམ་སློབ་གྲྭར་ད་ལོའི་ཆར་གསར་ཞུགས་གནང་མཁན་སློབ་གཉེར་བ་གྲངས་ ༡༤ བྱུང་ཡོད། ལོ་འདིར་ད་ལྟའི་ཆར་སློབ་གཉེར་བ་ཁྱོན་བསྡོམས་ ༡༥༥ ལྷག་ཙམ་གྱིས་སློབ་སྦྱོང་གནང་བཞིན་པ་དང་། མཁན་མོ་དང་སློབ་དཔོན་མ་ ༢༨ ཀྱིས་དཔེ་ཁྲིད་དང་འཛིན་སྐྱོང་གནང་བཞིན་ཡོད་པ་བཅས་སོ།།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།