ཡི་གེའི་རོལ་རྩེད།

ལོ་རིམ་དགུ་པའི་སློབ་གཉེར་བ། ཕུར་པ།

སིལ་འཇམ་དལ་གྱིས་རྒྱུ་བའི་རླུང་གི་སོ་ཁ་ན།།
དད་འདུན་སྟོང་གིས་བཏེགས་པའི་འོད་ཀྱི་སྣང་བ་ཞིག།།
ལྷབ་ལྷུབ་གཡོ་བའི་གར་གྱིས་རྟག་འཛིན་ཅན་དག་ལ།།
ནམ་འཆི་མ་ངེས་འདོམ་པ་མཆོད་པའི་རྫས་དེ་གང་།།

ཚེ་རབས་སྤྲུལ་པའི་ལྟས་སུ་ཨ་ཡིག་རང་བྱུང་ཅན།།
བསླབ་གསུམ་སྲོག་ལྟར་གཅེས་དགོས་གདམ་པ་ཡང་སྩོལ་བ།།
རྒྱལ་བསྟན་རྨང་ནས་གསོ་ཕྱིར་ལྷོ་མཐའི་གྲུ་ཟུར་ནས།།
ངལ་བ་ཁུར་དུ་བཞེས་མཁན་དད་པའི་སྐྱེས་ཆེན་སུ།།

དཔྱིད་གསུམ་རྒྱང་དུ་བསྐྱུར་བའི་དབྱར་གསུམ་ནམ་ཟླའི་ནང་།།
སྤྲིན་ཕུང་རབ་ཏུ་འཁྲིགས་པའི་ནམ་མཁའི་དབྱིངས་རིམ་ལས།།
ལུས་སེམས་ཁྲོས་པའི་ངར་སྐད་ཐེངས་གཅིག་འབྱིན་པ་ཡིས།།
གནམ་ས་འདར་ཡོམ་གཏོང་བའི་བྱེད་པོ་ནུས་ལྡན་གང་།།

བཅུ་ཕྲག་རིག་གནས་སྦྱངས་པའི་མཁས་དབང་མ་ཡིན་ཡང་།།
གནའ་དེང་ཟུང་གི་ཡོན་ཏན་མ་ལུས་ཀུན་འདུས་པ།།
སྐྱེ་བོ་སུ་དང་འགྲོགས་ཀྱང་སྨྲ་མེད་བརྟུལ་ཞུགས་འཛིན།།
བློ་ལྡན་ཀུན་ཀྱིས་དགའ་བའི་སྲོག་མེད་བཤེས་གཉེན་སུ།།

མིག་ཟུང་བགྲད་ནས་བཙལ་ཀྱང་གང་དུའང་རྙེད་མིན་པ།།
ཕྱོགས་བཞིར་གང་དུ་བསྐྱོད་ཀྱང་ལུས་དང་འབྲལ་མེད་པ།།
སྟོབས་དང་མཚོན་སོགས་ཐོགས་པའི་མཐུ་ཅན་མ་ཡིན་ཡང་།།
འགྲོ་འདུག་ཀུན་ལ་དབང་སྒྱུར་བྱེད་པོ་ནུས་ལྡན་གང་།།

གོང་གི་གབ་ཚིག་རྣམས་རེ་རེ་ནས་ངོས་འཛིན་གནང་ཐུབ་མཁན་རྣམ་པའི་མཚན་ཕྱི་ལོ་ ༢༠༢༣ ལོའི་པདྨའི་རང་མདངས་འདོན་ཐེངས་ཕྱི་མའི་ནང་དགོད་རྒྱུ་དང་། མི་གྲངས་གསུམ་ལ་དུས་དེབ་ཕྱི་མ་རེ་བྱ་དགའ་རུ་དབུལ་རྒྱུ་ལགས་ན། གབ་ལན་རྣམས་ཕྱི་ལོ་ ༢༠༢༣ བོད་ཟླ་ ༠༨ ཚེས་ ༡༥ ལས་མ་འགྱངས་པར་སྔ་འགྱུར་རིག་མཛོད་རྩོམ་སྒྲིག་ལྷན་ཁང་དུ་བསྐུར་གནང་ཡོང་བར་ཞུ།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།