འདམ་གོས་པདྨ།

ལོ་རིམ་དགུ་པའི་སློབ་གཉེར་བ། བསམ་གྲུབ་ཚེ་རིང་།

གློག་ཞགས་འཁྱུག འབྲུག་སྒྲ་ལྡིར། དྲག་ཆར་བབས་ཤིང་རླུང་འཚུབ་ཀྱིས་ལྗོན་ཤིང་དག་སྤྲུགས་པར་བྱས། ཁྱི་ལྡོམ་ཟུག་པ་དང་། གནམ་ལྕགས་ཀྱི་ཚག་སྒྲས་གནམ་ས་འགེངས། རི་ནས་ས་རྡོ་མང་པོ་ཉིལ་བའི་གསེང་ནས་དོན་གྲུབ་རང་ཉིད་ཐར་ཐབས་མེད་པར་ཕ་བོང་ཞིག་གིས་རང་ལུས་བཙབས་ཏེ་སྲོག་དང་བྲལ་བར་བྱས། འཇིགས་སུ་རུང་བའི་རྨི་ལམ་འཚུབ་བོ་དེས་དོན་གྲུབ་དབང་མེད་དུ་གཉིད་ལས་སད། དོན་གྲུབ་ནི་ངོ་གདོང་ཡོངས་སུ་རྔུལ་ཆུས་བརླན་ཅིང་སྙིང་རྩ་འཕར་བའི་རྡིག་སྒྲ་ཡང་ཚོར། དབུགས་ཀྱི་རྒྱུ་བ་བྲེལ་པོར་གྱུར། མཚམས་དེར་“དིར་དིར་”ཞེས་སྒྲ་ཞིག་གྲག་འོང་བ་ནི་ཁ་པར་རེད། ལམ་སང་ཁ་པར་ལ་བལྟས་པས་དེ་ནི་རྒན་ཀུན་དགའ་ལགས་རེད། “ཝ་ཡེ་དོན་གྲུབ། སང་ཞོགས་ཁྱོད་རང་བླ་མའི་སྐུ་མདུན་དུ་བཅར་ནས་ཐུགས་བརྟག་ཞུ་རོགས། ཇོ་སྤེན་པ་དྲག་བསྐྱེད་ཡོང་ཁག་པོ་འདུག སྨན་པས་གསུངས་པ་ལྟར་ན། ད་དཀོན་མཆོག་ལ་རེ་བ་ཞུ་རྒྱུ་རེད་གསུང་གི” དོན་གྲུབ་ནི་སེམས་འཚབ་འཚུབ་གྱུར། རྨི་ལམ་འཚུབ་བོ་དེ་དྲན་ནས་“དཀོན་མཆོག་མཁྱེན། དཀོན་མཆོག་མཁྱེན།” ཅེས་ཆིག་ལབ་རྒྱག་བཞིན་ཆུ་ཚོད་བལྟས་པས་མཚན་གཞུང་གི་ཆུ་ཚོད་ ༡:༣༠ ཏག་ཏག་རེད་འདུག སེམས་ནང་རྣམ་རྟོག་གཅིག་རྗེས་གཉིས་མཐུད་དེ་མཚན་ཧྲིལ་པོར་གཉིད་མ་ཁུགས སང་ཞོགས་ནམ་ལངས་མ་ཐག་དོན་གྲུབ་ཀྱིས་ཡིག་སྐོགས་དང་མཇལ་དར་ཞིག་ཁྱེར་ནས་གོམ་ཁ་བླ་མའི་གཟིམས་ཁང་ཕྱོགས་སུ་བསྒྱུར།

ཀ༽

དྲོད་ཁོལ་གྱི་ཉི་འོད་དང་འགྲོགས་ཏེ་དཔྱིད་ཀྱི་སྒེག་མོ་ཕེབས་བྱུང་། ས་གཞི་འཛིན་མའི་ཁྱོན་ལ་སྔར་དང་མི་འདྲ་བའི་མཛེས་སྡུག་དང་ལྗང་མདོག་གི་འཇིག་རྟེན་གསར་པ་ཞིག་བཞེངས་སྐྲུན་བྱས། ད་གཟོད་བཤད་གྲྭའི་གླིང་ཁའི་དབུས་ཀྱི་ལྗོན་ཤིང་ཆེན་པོ་དེ་ཡང་མེ་ཏོག་བརྒྱན་པའི་གོས་ལྭ་ལྗང་ཁུ་ཞིག་གཡོགས་ནས་ཡོམ་ཡོམ་ངང་ངོམ་སོ་བྱེད་བཞིན་མཆིས། ཁ་སང་སྟེ་བོད་ཟླ་གཉིས་པའི་ཚེས་བརྒྱད་ཡིན་པས་མཐོ་སློབ་འདིའི་ལོ་མཇུག་གི་ཡིག་རྒྱུགས་ཆེན་མོའི་གྲུབ་འབྲས་གསལ་བཤད་ཀྱི་ཉིན་མོ་ཁྱད་པར་ཅན་ཡིན་པས། དྲོད་འཇམ་བསིལ་རླུང་ལྡན་པའི་ལྗོན་ཤིང་གི་གྲིབ་བསིལ་འོག་སློབ་གཉེར་བ་རྣམས་ཚོ་དང་ཚོ་བྱས་ཏེ་གུང་ཟས་ལ་རོལ་བཞིན་ཚ་ཚ་འུར་འུར་ངང་ལོ་འཁོར་ཡིག་རྒྱུགས་ཀྱི་གྲུབ་འབྲས་སྐོར་གླེང་གིན་གདའ། ཉི་མས་“མ་གཞི་ནས་ངས་ཤེར་ཕྱིན་སྤྱི་དོན་དེ་ཡག་ཤོས་བྲིས་པ་ཡིན་ཏེ་ཨང་ཀི་ཉུང་ཤོས་རེད་འདུག” ཅེེས་གཉེར་རི་སྨིན་མཚམས་སུ་འདུས་པར་བྱས། ཨོ་རྒྱན་གྱིས་“ཁྱད་མཚར་རེད་འདུག ང་ན་ནིང་རང་སྦྱོང་སྐབས་སུ་ན་ནས་ཡིག་རྒྱུགས་ཆ་ཚང་ཡག་པོ་རེད་མ་སོང་བས། ཁ་སང་གྲུབ་འབྲས་གསལ་བཤད་བྱེད་དུས་སེམས་པ་ཚབ་ནས་སྡོད་ཐུབ་མ་སོང་། ཡིན་ནའང་ཨང་ཀི་ཡག་ཐག་ཆོད་རག་འདུག ངའི་ཤག་རོགས་བསྟན་འཛིན་ཧ་ཅང་འབད་བརྩོན་ཆེན་པོོ་དང་རིག་པ་རྣོན་པོ་ཡོད་དེ། ང་ལས་ཁོ་བརྒྱ་ཆ་ཉུང་བ་རེད་འདུག། ཡིག་རྒྱུགས་འདི་ལམ་འགྲོ་རང་རེད་འདུག ང་ང་རང་ལའང་ཡིད་ཆེས་མ་སོང།” ཞེས་མགོ་ཕར་གཡོ་ཚུར་གཡོ་བྱས། ཚེ་རིང་གིས་“ངས་བྱས་ན་ཨང་དང་པོ་དང་སྐྱབས་འཇུག་ཨང་འཐོབ་མཁན་གཉིས་འཛིན་གྲྭ་འཕར་རྒྱུ་ནི་གཅིག་པ་རེད། དམིགས་བསལ་འཐོབ་རྒྱུ་གང་ཡང་མེད་པའི་ཁར། མི་མང་ན་རོ་མང་ཟེར་བ་ལྟར། ལོ་གཅིག་གི་རིང་འཛིན་གྲྭའི་འགན་འཁུར་རྒྱུ་དང་། འཛིན་གྲྭ་དང་འབྲེལ་བའི་ལས་ཀ་ཡོངས་རྫོགས་ལས་དགོས་རྒྱུ་རེད། དཔེར་ན་འཛིན་གྲོགས་སྤེན་པ་ལ་ལྟོས་དང་། སྔོན་འགྲོ་འཛིན་གྲྭ་ནས་ད་བར་ལོ་ཆད་མེད་འཛིན་གྲྭའི་འགོ་དཔོན་བྱེད་དགོས་ཐུག་རེད། མཚམས་རེར་དངུལ་བསྡུ་རུབ་བྱེད་དུས་ཏག་ཏག་མ་རག་པའི་དཀལ་ངལ་ཡོད་པ་མ་ཟད། ལོ་མཇུག་ཏུ་རྩིས་ཁྲའི་སྐབས་བསམ་ཚུལ་མི་མཐུན་པའི་དཀའ་ངལ་གྱི་རྩིག་པ་རྩིག་རྩིག་ཁ་རེད། ད་ལོར་ཡང་ཨང་དང་པོ་རེད་འདུག་ག ཨ་ཡོ། མགོ་ན་ཡ་རེད།” ཅེས་དབུགས་རིང་ཞིག་ཕྱུང་བར་བྱས།

ཇོ་སྤེན་པ་ནི་ད་གཟོད་རང་ཤག་ཏུ་ཉལ་ཁྲིའི་སྟེང་གསང་སྙིང་སྤྱི་དོན་དཔེ་ཀློག་བྱེད་བཞིན་ཡོད། ཁོ་ནི་ལྷན་སྐྱེས་ཀྱི་ཤེས་རབ་རྣོ་ཞིང་གསར་གཏོད་ཀྱི་སྙིང་སྟོབས་ལྡན་པ་ཞིག་དང་། དུས་ཚོད་གསེར་ལས་ཀྱང་ལྷག་ཏུ་རྩ་ཆེ་བ་བརྩི་བ་དང་། གཤིས་རྒྱུད་སྲོང་པོ། ཀུན་དང་མཐུན་ལ་ཀུན་ལས་ལྷག་པ། བྱ་བ་གང་དང་གང་བསྒྲུབས་ཀྱང་རྒྱུ་མཚན་གྱི་རྗེས་སུ་འབྲང་བ་ཞིག་ཡིན་པ་མ་ཟད། བག་ཡོད་ཚུལ་མཐུན་གྱི་སྒོ་ནས་སྒྲིག་ཁྲིམས་བརྩི་འཁུར་བྱེད་མཁན་གྱི་མི་སྤུས་དག་ཅིག་ཡོད། ཁོས་སློབ་སྦྱོང་ལ་སྤྲོ་བ་ཆེན་པོའི་ངང་ཉིན་མཚན་སྦྲེལ་ནས་བརྩོན་འགྲུས་གནང་བས། མཐོ་སློབ་འདིའི་སློབ་ཕྲུག་མ་ཟད་དགེ་རྒན་རྣམས་ཀྱི་ཡིད་མགུ་ཐུབ་པ་རེད། ཉིན་གུང་གི་ཆུ་ཚོད་དང་པོ་ཟིན་ལ་ཉེ་བས་ཇོ་སྤེན་པ་ལགས་དཔེ་ཀློག་མཚམས་བཞག་སྟེ་སྟབས་བདེའི་ཟ་མ་(Wai Wai)ཡི་ཕྱི་སྐོགས་ཀྱིས་གང་བའི་ཤེལ་ཕོར་དེ་ཁུར། ལག་གཡས་ཀྱིས་རིན་གོང་ཆེ་བའི་ཆུ་མངར་(Monster) གྱི་སྣོད་སྟོང་དེ་གཅུ་རེ་བྱེད་བཞིན་ཁྲུས་ཁང་ཕྱོགས་སུ་སོང་། དེར་འཛིན་གྲོགས་ཡོན་ཏན་གྱིས་“ཆོས་གྲོགས་སྤེན་པ་ལགས། ད་ལོར་ཡང་ཡིག་རྒྱུགས་རྩེད་ཕུད་སོན་པར་དགའ་བསུ་ཞུ། འཚམས་འདྲི་གྲངས་མེད་ཡོད།” ཅེས་དང་། རྡོ་རྗེས་“ཇོ་རང་གླགས་ཁེལ་མ་སོང་ད། ཆུ་མངར་གོང་ཆེན་འདྲ་བཏུང་ནས།” ཞེས་ཀུ་རེ་རྩེ་བར་བྱས། ཇོ་སྤེན་པས་ཁོང་གཉིས་ལ་“སྟབས་བདེའི་ཟ་མ་ (wai wai) འདི་ལ་ཁྱད་ཆོས་གསུམ་ཡོད། དང་པོ་བཟོ་བདེ་ལ་ཟ་བདེ་བ། གཉིས་པ་གོང་ཉུང་ལ་རག་སླ་བ། གསུམ་པ་དུས་ཚོད་ཐུང་ལ་ལྟོགས་སྐོམ་སེལ་བའི་ཁྱད་ཆོས་ཡོད། ཆུ་མངར་ (Monster) འདིས་ལུས་ནང་ཡོད་པའི་ཞག་ཚི་ཞུ་བར་བྱེད་པ་དང། ལུས་ཀྱི་ནུས་ཤུགས་གསོ་བར་བྱེད་ཀྱི་ཡོད་པས་རིན་གོང་དང་མཐུན་པ་ཞིག་རེད།” ཅེས་བརྗོད་པས། མཁས་པས་བཤད་ན་ཅི་ཡང་བདེན། སྙན་ངག་མཁན་ལ་ཅི་ཡང་རྒྱན་ཅེས་པའི་དཔེ་ལྟར་ཁོ་གཉིས་པོ་ཡང་མགོ་བོ་གཡུག་ཙམ་བྱས་ཏེ་རང་ཤག་ཏུ་ལོག ཇོ་སྤེན་པ་རང་ཤག་ཏུ་སླེབས་པ་དང་འབྲེལ་འཚུབ་ངང་དུས་ཚོད་ཀྱི་རེའུ་མིག་ལ་བལྟས་ནས་“འོ་ད་དུས་དེབ་ཀློག་པའི་དུས་ཚོད་རེད་འདུག” ཅེས་ཡ་ཧུ་དཱ་པའི་སློབ་གསོའི་དུས་དེབ་ཅིག་ཀློག་གིན་དོན་སྙིང་ཟབ་མོའི་ཀློང་དུ་ཐིམ།

ཁ༽

དུས་ཚོད་ནི་ཅི་འདྲའི་མགྱོགས་པོ་ཞིག་རེད། བལྟས་བལྟས་རིག་རིག་ལ་དཔྱིད་ཀྱི་དཔལ་མོས་གདན་ཞུས་ལྟར་ཆར་ལྡན་རྒྱལ་པོ་གཡུ་འབྲུག་གི་ངར་སྐད་རོལ་མོ་འཁྲོལ་བཞིན་མགྲོན་ལ་ཕེབས་སོང་། དབྱར་ཁའི་སྤང་ལ་གང་ཡང་སྐྱེ། །གཞོན་ནུའི་བློ་ལ་གང་ཡང་འཆར། །ཞེས་པའི་དཔེ་ལྟར་ད་གཟོད་སློབ་གླིང་འདིར་སློབ་ཕྲུག་རྣམས་བྲེལ་ཟིང་ཆེ་བའི་སྒང་རེད། དབྱར་གནས་ཀྱི་དུས་བཟང་ཁྱད་པར་ཅན་དང་སྟབས་བསྟུན་ནས་བར་སེང་གི་དུས་ཚོད་ལ་ཁ་ཤས་ཀྱིས་སྐོར་ཚད་གསོག་པ་དང་། རིགས་ཤིག་གིས་དགོང་བཅད་བཞུགས་པ་སོགས་དགེ་སྒྲུབ་འདྲ་མིན་སྣ་ཚོགས་ལ་བརྩོན་པར་མཛད་ནའང་ཇོ་སྤེན་པ་ནི་དེ་ལས་ལྡོག་སྟེ། གནས་བརྟན་ཐིག་ནཏ་ཧཱན་གྱིས་མཛད་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྣམ་ཐར་སྤྲིན་དཀར་ལམ་རྙིང་ཀློག་འགོ་བཙུགས་ནས་སྟོད་ཆའི་དཀྱིལ་ཙམ་དུ་སླེབས་ཟིན་ཡོད། ད་ལོར་དཔེ་ཁྲིད་དབུ་བཙུགས་ནས་ད་བར་ཇོ་སྤེན་པ་ལགས་ཀྱིས་དུས་དེབ་མི་འདྲ་བ་སུམ་ཅུ་ལྷག་བཀླགས་ཟིན་པ་དང་། ཁོང་ལ་དུས་དེབ་བཀླགས་ཟིན་པའི་ཐོ་དེབ་དང་། གཞུང་འབྲེལ་བཀའ་དང་བསྟན་བཅོས་བཀླགས་ཟིན་པའི་ཐོ་དེབ། མ་ཟད་ད་བར་ཆོས་ཁྲིད་ཞུས་པའི་སློབ་ཚན་རེ་ལ་ཟིན་བྲིས་བཏབ་པའི་འབྲི་དེབ་རེ་ཡོད། ད་ལམ་སློབ་ཕྲུག་གཞན་རྣམས་འཆད་རྩོད་རྩོམ་གསུམ་གྱི་འགྲན་སྡུར། རྩ་བ་བློ་རྒྱུགས་སོགས་འབུལ་དགོས་པས་སེམས་པ་དངངས་སྐྲག་གིས་ཁེངས་ཡོད་པས། གཅེན་པོ་དོན་གྲུབ་ཀྱིས་འཛིན་གྲོགས་སྡེ་ཚན་ཞིག་ཁྲིད་ནས་ཉིན་གུང་གི་བར་སེང་ལ་ཇོ་སྤེན་པའི་རྩར་རྩོད་རྒྱུགས་གྲ་སྒྲིག་ཆེད་ཡོང་བ་དང་། ཕྱི་དྲོའི་ཆར་འཛིན་གྲྭ་གཞན་རྣམས་ཀྱང་ཚོ་དང་ཚོ་བྱས་ཏེ་རྩོད་རྒྱུགས་གྲ་སྒྲིག་ཆེད་ཡོང་གི་ཡོད་པར་བརྟེན། སྔ་དགོང་ཟས་ཟ་བའི་དུས་ནི་སློབ་ཕྲུག་རྣམས་ཀྱི་རྩོད་རྒྱུགས་བརྗོད་བྱ་རེ་ལ་ཁྱབ་སྐོར་དང་རྒྱབ་རྟེན་ཀྱི་ལུང་རིགས་ཆེད་དཔེ་ཀློག་ཁྲོད་དུས་འདའ་བར་བརྟེན་ཞོགས་ཟས་ལ་ཅ་ཝལ་བོན་ཌ་1དང་། དགོང་ཟས་སྟབས་བདེའི་ཟ་མ་ (Wai Wai) ཁོ་ནར་སྤྱོད་བཞིན་ཡོད།

དོན་གྲུབ་ནི་ཇོ་ལགས་ཀྱིས་ཉིན་ལྟར་ཟ་མ་ཐེབས་ཆག་སྤྱོད་པས་གཟུགས་པོའི་འཕྲོད་བསྟེན་ལ་གནོད་པར་དོགས་ནས། ཟ་མ་སྟབས་བདེ་དང་རིན་གོང་ཆེ་བའི་ཆུ་མངར་དེ་ཚོ་སྨན་པས་མཐའ་གཅིག་ཏུ་བཀག་སྡོམ་གནང་གི་ཡོད་ཚུལ་དང་། ས་གནས་འགའ་ཤས་ལ་འཚོང་མི་ཆོག་པའི་གནས་ཚུལ་ཞུས་ནས་གཟབ་དགོས་པའི་རེ་བ་ཞུས་པ་ལན་གཅིག་མིན། ད་དུང་ལུས་རྩལ་སོགས་ལ་དོ་སྣང་བྱེད་དགོས་པའི་རེ་འདུན་བཏོན་པའང་ལན་མང་ཡིན། འོན་ཀྱང་ཇོ་སྤེན་པ་ལགས་ཀྱིས་ཟ་མའི་ཁྱད་ཆོས་བརྗོད་པ་དང་། “གལ་ཏེ་ཟ་མ་དེ་གནོད་ཚབས་ཡོད་ན་ཕྱི་སྐོགས་སྟེང་གསལ་བཤད་ཡོད་དགོས་ཡ་རེད། དཔེར་ན། རྫས་ངན་རིགས་ཡིན་ན་ཕྱི་སྐོགས་སྟེང་པར་རིས་དང་བཅས་པ་བཞག་འདུག” ཅེས་དང་། “ལུས་རྩལ་ནི་བླ་མ་དམ་པ་མང་པོའི་རྣམ་ཐར་མཇལ་བ་ཡིན་ཏེ་ལུས་རྩལ་སྦྱངས་པའི་ལོས་རྒྱུས་མི་འདུག ང་ཚོ་ནི་ནང་ཆོས་སྦྱོང་གི་ཡོད་པ་སོང་ཙང་ལུས་ལ་ཆགས་ཞེན་ཉུང་ཙམ་བྱེད་དགོས།” ཞེས་མོས་མཐུན་མི་བྱེད་པ་རེད། ཉིན་ཞིག་དོན་གྲུབ་ཀྱིས་སྔ་དྲོའི་ཆར་སྤགས་བརྫིས་ཏེ་ཤག་ཏུ་ཕྱིན་ནས། “ཇོ་ལགས་དེ་རིང་སྤགས་མཆོད་དང་”ཞུས་པས། སྤེན་པས་སྡེར་མར་མིག་ཅེ་རེར་བལྟས་ནས་“སྤགས་རྡོ་ལྟར་བཟས་ན། མི་ཉ་ལྟར་ཆགས་ཞེས་གོ་མ་མྱོང་ངམ། འཛིན་གྲྭར་དཔེ་ཁྲིད་སྐབས་གཉིད་ཁུགས་ནས་ཁྲིད་མེད་ལུང་མེད་ཆགས་ཀྱི་རེད་དོ།།”ཟེར། དོན་གྲུབ་ཀྱིས་“ཟས་བཅུད་ལྡན་དེ་ཚོ་ཁྱེད་ལ་ཁྱིའི་སྔུན་དུ་རྩྭ་བཞག་པ་དང་གཅིག་པ་རེད།” ཅེས་བཤད་པས། “རིན་ཐང་བྲལ་བའི་དུས་ཚོད་འཕྲོ་བརླག་མ་གཏོང་། ཤག་ལ་སོང་ནས་དཔེ་ཀློག་ཡང་ན་རྩ་བ་བློ་འཛིན་བྱེད་དུ་རྒྱུགས།” དོན་གྲུབ་ཁུ་སིམ་མེར་རང་ཤག་ཏུ་མ་ལོག་ཀ་མེད་བྱུང་། མ་གཞི་དོན་གྲུབ་ནི་ད་ལོ་ལོ་རིམ་གཉིས་པ་ཡིན། ཁོས་མཐོ་སློབ་འདིས་གནང་བའི་དུས་ཚོད་དེ་སྐར་ཆ་གཅིག་ཀྱང་འཕྲོ་བརླག་མེད་པར་སློབ་སྦྱོང་གནང་གི་ཡོད། གཞན་བར་སེང་སྐབས་གྲོགས་པོ་ཚོ་དང་ལྷན་དུ་སྐོར་བ་དང་། སྤྲོ་འཁྱམ་འགྲོ་བ་སོགས་ལ་དགའ་བོ་ཡོད། དོན་གྲུབ་ཀྱིས་དབྱར་གནས་སྐབས་འཆད་རྩོད་རྩོམ་གསུམ་གྱི་ལས་རིམ་ནང་ལོ་རིམ་གཉིས་པའི་སློབ་གཉེར་བ་རྣམས་ཀྱི་ནང་ནས་དམ་བཅའི་ཨང་དང་པོར་བླངས་པ་རེད། སྤྱིར་མི་སོ་སོའི་ལྟ་སྟངས་དང་མཐོང་ཚུལ་རེ་ཡོད་པ་ནི་འགྲོ་བ་མིའི་རང་བཞིན་རེད། དེ་ལ་ཡག་སྡུག་གང་ཡང་ཡོང་ཆོག་པ་ཞིག་ཡིན། ཉིན་ཞིག་དོན་གྲུབ་དང་འཛིན་གྲོགས་འགའ་ཕྱི་དྲོའི་བར་སེང་ལ་སྐོར་བ་འགྲོ་ཞོར་སོ་སོའི་ལྟ་ཚུལ་གླེང་རེས་བྱས། དོན་གྲུབ་ཀྱིས་“མི་སུ་ཡིན་རུང་རང་ལ་དམིགས་ཡུལ་རྒྱ་ཆེན་པོ་ཡོད་པ་དེ་ཙམ་གྱི་སློབ་སྦྱོང་དང། དེ་དང་གཅིག་མཚུངས་ཕྱི་ནང་གི་འཕྲོད་བསྟེན་ཡང་དགོས་པ་གལ་ཆེན་ཡིན། དཔེར་ན། བསམ་གྱིས་མི་ཁྱབ་པའི་བླ་མ་མང་པོ་ཞིག་སྐུ་ཚེའི་མཐའ་འཁྱོལ་མ་ཐུབ་པ་མང་པོ་བྱུང་། དེས་བསྟན་པ་སྤྱི་དང་བྱེ་བྲག་ལ་གྱོང་གུད་ཆེན་པོ་ཐེབས་པ་རེད།” ཟེར་བར་གྲོགས་ཚོས་མོས་མཐུན་བྱས། དུས་ཚོད་ཀྱི་དབང་གིས་གྲོགས་པོ་ཚོ་སོ་སོའི་ཤག་ཏུ་ལོག་བཞིན་རྟ་བདུན་དབང་པོ་ཡང་འཇིག་རྟེན་འདིར་གྱེས་ཕྱག་ཕུལ་ཏེ་རི་བོའི་ཕག་ཏུ་ཡིབས་སོང་།

ག༽

ཟླ་བ་གཉིས་ཀྱི་གུང་སེང་ནི་མིག་རྡེབ་ཡུན་གཅིག་ནང་རྫོགས་སོང། ན་ནིང་ལོ་མཇུག་གི་ཡིག་རྒྱུགས་ཆེན་མོ་ཚར་རྗེས་མཐོ་སློབ་འདིའི་སློབ་གཉེར་བ་རྣམས་རྒྱལ་ཡོངས་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་དང། སོ་སོའི་ཕ་ཡུལ་དུ་སྤུན་མཆེད་ཐུག་ཏུ་ཕྱིན་པ་དང་། འགའ་ཞིག་བསགས་སྦྱང་དང་གནས་སྐོར་སོགས་ལ་ཕྱིིན་ཡོད། འགའ་ཞིག་དགོན་པར་བཞུགས་ནས་སྒྲུབ་ཆེན་དང་རི་ཆོས་རྣམ་གསུམ་གྱི་གོ་སྐབས་བླངས་པ་རེད། ད་གཟོད་མཐོ་སློབ་འདིར་གུང་སེང་ལ་ཕེབས་པའི་སློབ་གཉེར་བ་རྣམས་ཚུར་ལོག་བཞིན་མཆིས། ཇོ་སྤེན་པ་ལགས་ནི་ལོ་མཇུག་གི་ཡིག་རྒྱུགས་ཚར་བའི་ཉིན་རྗེས་མར་གཞི་གྲོང་གསར་པར་ཁང་པ་གླས་ནས་དཔེ་མཚམས་བཞུགས་ཏེ། རྒྱལ་བ་ཀློང་ཆེན་པའི་གསུང་ཡིད་བཞིན་མཛོད་དང་རིག་འཛིན་འཇིགས་གླིང་གི་གསུང་ཡོན་ཏན་མཛོད་གཉིས་ལ་གཙོ་བོར་དཔེ་ཀློག་དང་། གཞན་ཡང་བར་སེང་སྐབས་སུ་དུས་དེབ་ཀློག་པ་སོགས་ཀྱིས་དུས་འདའ་བར་བརྟེན་བློ་བདེ་བག་ཕེེབས་ངང་ཡོད། སང་ཉིན་ཏེ་བོད་ཟླ་གཉིས་པའི་ཚེས་ཉེར་ལྔར་དཔེ་ཁྲིད་འགོ་འཛུགས་ཀྱི་ཡོད་པས། སློབ་གཉེར་བ་རྣམས་ནི་ཕྱག་དཔེ་བླུ་ཡོན་ཁང་དུ་ཚང་ཁ་ཤིག་ཤིག་རེད། མ་ཟད་གསལ་བསྒྲགས་སྦྱོར་སར་ཡང་མི་ཉུང་བ་ཞིག་གིས་དཔེ་ཁྲིད་དགེ་རྒན་སུ་ཡིན་ལྟ་བཞིན་འདུག ལོ་རིམ་གཉིས་པའི་སློབ་ཕྲུག་འགའ་ཞིག་གིས་“ང་ཚོའི་དབུ་མ་རྒྱན་གྱི་སྐྱོར་དཔོན་སྤེན་པ་རེད། ལམ་འགྲོ་རྒྱུགས་རེད་ད། དབུ་མ་གསར་པ་ཡིན་ཙང་ཁོང་ལྟ་བུ་སྐྱོར་དཔོན་ཐོབ་པ་དེ་བསོད་ནམས་ཡིན།” ཞེས་གླེང་གིན་གདའ། ད་ལྟ་ཇོ་སྤེན་པའི་རྩར་དོན་གྲུབ་དང་འཛིན་གྲོགས་འགའ་ཞིག་གིས་ད་ལོར་ཇོ་ལགས་ལ་སྐྱོར་དཔོན་གྱི་གོ་གནས་ཐོབ་པར་འཚམས་འདྲི་ཞུ་རུ་སླེབས་ཡོད། ཇོ་སྤེན་པས་“ཐུགས་རྗེ་ཆེ། གུང་སེང་སྐྱིད་པོ་བྱུང་ངམ། ད་སློབ་སྦྱོང་ལ་ཧུར་བརྩོན་གནང་རོགས་གྱིས། ཁྱེད་རྣམས་ལོ་འདིའི་ནང་བར་ཆད་གང་ཡང་མེད་པའི་ངང་མཐའ་འགྲུབ་པའི་སྨོན་འདུན་ཞུ། དེ་ནས་དབུ་མའི་གཞུང་ལ་ཐོས་བསམ་ལེགས་པོ་གནང་དགོས་རེད། གཞུང་ཧ་ཅང་གི་རྩ་ཆེན་པོ་དང་མི་ཚེའི་ནང་ཡང་ཡང་འདི་འདྲ་བའི་གོ་སྐབས་ཐོབ་ཁག་པོ་རེད། དེ་ཡིན་དུས་རྣམ་གཡེང་དང་ལེ་ལོའི་གཡོག་ཏུ་མ་ཚུད་པར་བརྩོན་འགྲུས་ཀྱི་རྟ་ཕོར་བཞོན་ནས། ཤེས་བྱའི་རྩྭ་ཐང་ལ་རྒྱུག་རྩལ་སྦྱོང་དགོས་རེད་ད།” ཞེས་སློབ་གསོ་གནང་རྗེས་གྲོགས་པོ་རྣམས་རང་ཤག་ཏུ་ལོག ཉིན་དེའི་ཞོགས་པར་བཀྲ་ཤིས་པའི་ངང་དཔེ་ཁྲིད་དབུ་བཙུགས་སོང་།

ད་ལྟ་ཉིན་གུང་ཆུ་ཚོད་བཅུ་གཉིས་དང་སྐར་མ་ལྔ་བཅུ་ང་ལྔ་རེད། ཇོ་སྤེན་པ་ལགས་ཀྱིས་སྐྱོར་ཁྲིད་རྣམས་སྔ་ས་ནས་གྲ་སྒྲིག་ཟིན་ནས་ལོ་རིམ་གཉིས་པའི་འཛིན་ཁང་ཕྱོགས་སུ་བསྐྱོད། དེ་རིང་དཔེ་ཁྲིད་ཀྱི་ཉིན་ཐོག་མ་ཡིན་པ་སོང་ཙང་སྔ་དྲོའི་ཆར་དཔེ་ཁྲིད་དབུ་བཙུགས་ཙམ་ལས་དངོས་གཞི་མ་གནང་བར་བརྟེན་ཇོ་ལགས་ཀྱིས་འཇམ་མགོན་མི་ཕམ་རིན་པོ་ཆེའི་རྣམ་ཐར་དང་སློབ་ཚན་དབུ་མའི་གཞུང་དེ་ཉིད་ཤིན་ཏུ་ནས་གལ་ཆེན་པོ་ཡིན་ཚུལ་སོགས་གསུངས་ནས། སློབ་ཕྲུག་ཚོར་དཔེ་ཀློག་གལ་ཆེན་དང་། དཔེ་ཀློག་ལ་སྤྲོ་བ་བསྐྱེད་པའི་ཐབས། སློབ་ཚན་དང་འབྲེལ་བའི་ཟིན་ཐོ་འབྲི་དེབ་དགོས་ཚུལ། ཟིན་བྲིས་འགོད་ཚུལ་སོགས་གསུངས་པར་སློབ་གཉེར་བ་རྣམས་ཀྱིས་སྤྲོ་སིང་སིང་ངང་ཉན་པར་བྱེད། ད་དུང་དཔེ་ཀློག་ལ་འབད་བརྩོན་གནང་ན་དེ་གཅིག་པུས་ཚོགས་བསགས་པ་དང་སྒྲིབ་པ་སྦྱོང་བའི་ཕན་ཡོན་དང་སྦྲགས་ཏེ་གསུངས། འདི་ལྟར་“སློབ་ཕྲུག་ཚོ་ཁྱེད་རང་རྣམ་པས་སེམས་བསྐྱེད་དང་ལྡན་པའི་སྒོ་ནས་དཔེ་ཀློག་ཡག་པོ་བྱས་ན་བྱང་ཆུབ་སེམས་དཔའི་ཉམས་ལེན་ཕར་ཕྱིན་དྲུག་པོ་ཚང་བ་ཡིན། དེ་ཡང་དཔེ་ཀློག་གནང་བའི་ཚེ་ལུས་སྐྱིལ་ཀྲུང་བཅའ་བ་ནི་ཚུལ་ཁྲིམས། དེའི་སྐབས་སུ་རྣམ་གཡེང་དང་ལུས་ན་བ་སོགས་ཀྱི་དཀའ་བ་ལ་ཁྱད་དུ་གསོད་པ་ནི་བཟོད་པ། དཔེ་དོན་སྤྲོ་བ་ནི་བརྩོན་འགྲུས། དོན་དེ་ལ་བསམ་པ་རྩེ་གཅིག་པ་ནི་བསམ་གཏན། གཞུང་དོན་རྣམས་ཤེས་པས་སྤང་བླང་གི་གནས་ལ་མི་རྨོངས་པ་ནི་ཤེས་རབ། མཐར་རྟོགས་པའི་དོན་དེ་འཛིན་གྲོགས་དང་ལྷན་དུ་བགྲོ་གླེང་དང་རྩོད་པ་སོགས་བྱས་ཏེ་རང་གི་གོ་བ་དེ་གཞན་ལ་བཤད་པ་ནི་སྦྱིན་པ་ཡིན། དཔེ་ཀློག་ཚར་རྗེས་བསྔོ་བ་སོགས་ཀྱང་བརྒྱག་དགོས་པ་རེད། མ་ཚད་རང་གི་བློ་སྐྱེད་གོང་དུ་འཕེལ་ནས་མི་ཤེས་པའི་མ་རིག་པ་རྣམས་སེལ་བ་ནི་མི་ཤེས་པའི་སྒྲིབ་པ་དག་པ་སྟེ། དེས་ན་དཔེ་ཀློག་གཅིག་པུས་ཆོག་པ་ལས་ཐོས་བསམ་བྱེད་པའི་སྐབས་སུ་སྐོར་བ་དང། རྩེད་མོ། སྤྲོ་འཁྱམ་སོགས་དུས་ཚོད་འཕྲོ་བརླག་ཡིན། དཔེ་ཀློག་གིས་འཕྲོད་བསྟེན་ཡང་གོ་ཆོད་ཀྱི་ཡོད། བློ་སྐྱེད་འཕེལ་ནས་སེམས་ནང་མུན་པའི་ཆ་རྣམས་བསལ་བས་སེམས་ཞི་བར་གནས། སེམས་དང་ལུས་བདེ་ན་གང་ཡང་བདེ་བས། ཡིན་གཅིག་སྐོར་བ་དང་རྐང་རྩེད་སྤོ་ལོ། རྒྱུག་མཆོང་སོགས་གང་ཡང་མི་དགོས།” ཞེས་གསུངས། ཆུ་ཚོད་བལྟས་པས་གཉིས་པ་ཡོལ་ནས་སྐར་མ་བཅུ་རེད་འདུག་པས་ལམ་སང་“བསོད་ནམས་འདི་ཡིས་”ཞེས་བསྔོ་བ་གསུངས་ཏེ་འཛིན་གྲྭ་གྲོལ།

དེང་སང་སྔར་ལས་ལྷག་པའི་དགོང་ཕྱི་ཉལ་དང་ཞོགས་སྔ་ལངས་རེད། དུས་རྒྱུན་མཚན་མོ་ཆུ་ཚོད་བཅུ་གཉིས་བར་དཔེ་གཟིགས་གནང་ཡང་ད་ལྟ་རྒྱུན་དུ་ཆུ་ཚོད་དང་པོ་བར་ལྷག་འགྲོ་བ་ཡིན། ཇོ་ལགས་ཀྱིས་སློབ་ཕྲུག་ཚོར་རྒྱུགས་ལེན་པ་དང་། སྡེ་ཚན་གཉིས་སུ་བགོས་ནས་རྩོད་གླེང་བྱེད་དུ་བཅུག་སྟེ་ཉིན་ལྟར་ལོ་རིམ་གཉིས་པའི་འཛིན་ཁང་འུར་སྒྲས་ཁེངས།

སྙིང་རྗེ་མེད་པའི་དུས་ཚོད་ནི་མགྱོགས་ལ་མགྱོགས་ཚད་མི་འདུག དཔེ་ཁྲིད་སྔ་མ་མཚམས་འཇོག་དུས་ཚོད་ཀྱང་གསལ་བསྒྲགས་སྦྱར་ཟིན། ད་ཆར་ཇོ་ལགས་ཀྱིས་རང་གི་གཟུགས་པོའི་གནས་སྟངས་སྔར་དང་མི་འདྲ་བ་ཐང་ཆད་སླ་བ། རང་ཤག་ནས་འཛིན་ཁང་ལ་སླེབ་དུས་དབུགས་བསགས་ཡོང་བ་སོགས་གསལ་པོར་ཤེས་ནའང་སྨན་པར་མ་བསྟེན་པར་སྣང་མེད་དུ་བསྐྱུར། ཇོ་སྤེན་པའི་བསམ་པར་དཔེ་ཁྲིད་མཚམས་འཇོག་པར་བདུན་ཕྲག་གསུམ་ལས་མེད་པས། ཉིན་འདི་དག་གི་ནང་བར་ཆད་གང་ཡང་མི་བྱུང་བར་ཤོག ང་མི་གཅིག་གི་རྐྱེན་གྱིས་སློབ་ཕྲུག་བཞི་བཅུ་ལྷག་ལ་གྱོང་རག་ན་སེམས་ལ་བཟོད་ཐབས་མི་འདུག་ཅེས་བསམ་བཞིན་ལྷ་བླ་མ་ལ་གསོལ་བ་ཡང་ཡང་འདེབས་པར་བྱེད། ཟུག་རྔུས་མཚན་གཉིད་ཀྱང་མི་ཡོང་བ་དང་། དཔེ་ཀློག་སྐབས་ལམ་སེང་རྔུལ་ཆུ་ཐོན་པ་སོགས་དཀའ་ངལ་ཚད་མེད་ཅིག་མྱང་ཡང་། ཨུ་ཚུགས་ཀྱིས་དཔེ་ཁྲིད་མཇུག་བསྡུས་ཐུབ་པ་བྱུང་། གནས་ཚུལ་དེ་དག་ལོ་རིམ་གཉིས་པའི་སློབ་ཕྲུག་གཅིག་གི་བརྒྱུད་ནས་དོན་གྲུབ་ཀྱིས་ཤེས། རྒན་ཀུན་དགའ་ལ་འབྲེལ་བ་བྱས་ཏེ་ཇོ་སྤེན་པ་རང་དགོན་གྱི་སྨན་ཁང་དུ་ཁྲིད། ཉིན་གཉིས་ཙམ་ནས་ནད་གཞི་ལྕི་རུ་སོང་བས། སྨན་པས་ལམ་སྟོན་ལྟར་མཻ་སོར་སྨན་ཁང་དུ་བརྟག་དཔྱད་བྱས་པའི་བརྒྱུད་ཇོ་སྤེན་པའི་མཁལ་མ་གཉིས་ཀར་འཕྲོ་བརླག་ཤོར་བ་མ་ཚད། མཆིན་པ་ཡང་འཕྲོ་བརླག་ཏུ་ཤོར་བར་སྨན་པས་ཤེས་མ་ཐག རྒན་ཀུན་དགའ་ལ་“ནད་པ་སྨན་ཁང་དུ་འཁྲིད་པ་དུས་ཚོད་ཧ་ཅང་ཕྱིས་འདུག ད་དཀོན་མཆོག་ལ་གསོལ་བ་གདབ་རྒྱུ་ལས་ཐབས་གཞན་མ་མཆིས་”གསུངས་པས། རྒན་ཀུན་དགའ་ཅི་བྱ་རྟོལ་མེད་གྱུར་ཏེ་ལམ་སེང་དོན་གྲུབ་ལ་ཁ་པར་བཏང་ནས་བླ་མའི་སྐུ་མདུན་དུ་བཅར་ནས་ཐུགས་བརྟག་ཞུ་བའི་རེ་བ་བྱེད་པ་ལས་ཐབས་གཞན་མ་རྙེད། རྒན་ཀུན་དགས་དོན་གྲུབ་ཀྱི་ཁ་པར་ལ་བསྒུགས་ནས་བསྡད་ཡོད། ཞོགས་པ་ནམ་ལངས་མ་ཐག་དོན་གྲུབ་ཀྱིས་ཡིག་སྐོགས་དང་མཇལ་དར་ཞིག་ཁུར་ནས་བླ་མའི་སྐུ་མདུན་དུ་དབུགས་ཧལ་ཧལ་ངང་བརྒྱུགས་ནས་གནས་ཚུལ་རྣམས་ཞུས་པས། བླ་མས་སྤྱན་བཙུམ་སྟེ་ལག་གཉིས་ཀྱིས་ཕྲེང་རྡོག་གསུམ་རེ་འཐེན་པ་དང། ཡང་ཕྲེང་བར་ཞལ་ཕུད་གཅིག་བཏབ་ནས་གོང་བཞིན་ཕྲེང་རྡོག་པོ་གསུམ་རེ་འཐེན་ཏེ་མཐར་མིག་གཉིས་ཇེ་ཆེར་གདངས། སྨ་ར་དཀར་པོ་དེར་བྱིལ་བྱིལ་བྱེད་བཞིན་མགོ་བོ་ཡོ་སྟེ་“མོ་ཡག་པོ་བབས་མ་སོང་། ད་ཁྱོད་རང་གིས་བར་བསམ་སྒྲོལ་གསུམ་དང། ཚེ་གཟུངས་སོགས་གང་མང་གསོག་དགོས་འདུག” ཅེས་གསུངས། དོན་གྲུབ་ལམ་སང་ལོག་ནས་རྒན་ཀུན་དགའ་ལ་ཁ་པར་ཕུལ་ནས་ཐུགས་བརྟག་ཞུས་པའི་དོན་དག་ཞུས་ནས་འཛིན་གྲོགས་རྣམས་ཀྱིས་བར་བསམ་སྒྲོལ་གསུམ་སོགས་གང་ཐུབ་བསགས་པར་བྱས། དོན་གྲུབ་དངངས་སྐྲག་གིས་རྒན་ཀུན་དགའ་ལ་ཁ་པར་བཏང་ནས་གནས་ཚུལ་དྲིས། ཇོ་སྤེན་པ་ནི་ཇེ་སྡུག་ཏུ་ཕྱིན་པ་ལས་གསོན་པའི་རེ་བ་མེད་པ་ལྟ་བུ་ཆགས། སྨན་པས་རྒན་ཀུན་དགའ་ལ་བོས་ནས་འདི་ལྟར་“ངས་ད་བར་འདི་འདྲ་བའི་བཅོས་ཐབས་བྲལ་བའི་ནད་པ་མང་པོ་ཞིག་མཐོང་སོང་། གནས་ཚུལ་འདི་སྐྱ་སེར་གཉིས་ཀར་ཕྲད་པའི་དཀའ་ངལ་ཞིག་རེད་འདུག  ཁྱིམ་པ་ཚོར་དཀའ་ངལ་འདི་ཕྲད་པའི་རྒྱུ་རྐྱེན་གཙོ་བོ་ནི་ཆང་མང་བ་སོགས་རྐྱེན་སྣ་ཚོགས་འདུག འོན་ཀྱང་ཆོས་པ་རྣམས་ལ་དཀའ་ངལ་འདི་གཙོ་བོ་དུས་ཐོག་ཏུ་ཟ་མ་མི་ཟ་བ་དང། ཆང་ལས་ཀྱང་རྫས་དུག་ཆེ་བ་ཆུ་མངར་རིགས་དཔེར་ན་ Monster, Red bull, Coke ཚད་མེད་འཐུང་བ་དང། ལུས་རྩལ་མི་སྦྱོང་བ་དང་འཕྲོད་བསྟེན་ལ་དོ་སྣང་མི་བྱེད་པ། རོ་བཅུད་ལྡན་པའི་ཁ་ཟས་སོགས་ལ་མི་སྤྱོད་པར་སྣུམ་ལ་བསྲེགས་པའི་རྫས་རིགས་ལམ་བར་གྱི་ཚོང་ཁང་ཆུང་ཆུང་ནས་ཟ་བ། ཡུན་རིང་ཕྱི་སྐོགས་བཏུམས་པའི་ཟས་རིགས་བཟོ་གྲྭ་ནས་ཐོན་པ་དཔེར་ན་ Wai Wai, KoKa སོགས་ལ་ཚད་མེད་པ་སྤྱད་པ་ལས་བྱུང་བ་རེད། ལྷག་པར་དུ་སྟོབས་བསྐྱེད་ཆུ་མངར་ (Energy Drink) སོགས་མཁལ་མ་དང་མཆིན་པ་ལ་གནོད་སྐྱོན་ཧ་ཅང་ཆེ་བའི་རྫས་རེད། དེ་ཚོ་ཁྱོད་རང་ཚོའི་སྤྱི་ཚོགས་ལ་འགོག་ཐུབ་ན་ཁེ་ཕན་ཆེན་པོ་ཡོད་རེད།” ཅེས་ལམ་སྟོན་ཟབ་མོ་གནང་བའི་བར་དེར་སྨན་ཞབས་ཤིག་གིས་གློ་བུར་དུ་སྨན་པར་བོས་སོང་། སྨན་པའི་རྗེས་དེད་ནས་ཕྱིན་པས་སྨན་པ་ཇོ་སྤེན་པ་ཡོད་སའི་ཁང་མིག་དེར་འཛུལ། ཇོ་སྤེན་པས་མིག་ཟུར་གཉིས་ནས་མིག་ཆུ་གཏོང་བཞིན་དབུགས་ལེན་དཀའ་བར་གྱུར། མཐར་འཆི་ནད་དྲག་པོས་ཇོ་སྤེན་པ་ང་ཚོ་དང་གཏན་དུ་བྲལ་སོང་།

དོན་གྲུབ་ལ་རྒན་ཀུན་དགས་ཁ་པར་བརྒྱུད་ནས་གནས་ཚུལ་གསུངས་པས་ཡིད་ཆེས་དཀའ་བའི་གནས་སུ་གྱུར། གནས་ཚུལ་དེ་སྐད་ཅིག་ཉིད་ལ་ཁོར་ཡུག་ཏུ་ཁྱབ་པས་དགོང་མོར་དགེ་བའི་བཤེས་གཉེན་མང་པོ་དང་འཛིན་གྲོགས། ལོ་རིམ་གཉིས་པའི་སློབ་ཕྲུག་ཚོས་སྨོན་ལམ་བཏོན། སྐབས་དེར་མི་མང་པོ་ཞིག་གིས་དོན་གྲུབ་ལ་སེམས་གསོ་བྱེད་པ་དང། “མཆོད་མེ་སྤར་རོགས་”ཟེར་ནས་དངུལ་ལག་ཏུ་སྤྲད། ཉིན་ཤས་རྗེས་དོན་གྲུབ་ཀྱིས་ཇོ་སྤེན་པའི་ཤག་ཏུ་གོས་དང་ཅ་དངོས་བསྡུ་རུབ་བྱས་ཏེ་མེར་བསྲེགས། འོན་ཀྱང་དེ་དག་ལས་ཆེས་རིན་ཐང་བྲལ་བའི་སློབ་ཚན་རེ་རེའི་ཟིན་བྲིས་དེབ་དང། སློབ་ཚན་དང་འབྲེལ་བའི་བཀའ་དང་བསྟན་བཅོས་བཀླགས་པའི་ཟིན་བྲིས་དེབ་རྣམས་བསྲེགས་མ་ཕོད་པར་དོན་གྲུབ་རང་གིས་ཉར་ཚགས་བྱས། དོན་གྲུབ་ནི་ཇོ་ལགས་སྨན་ཁང་དུ་བརྟག་དཔྱད་བྱེད་དུ་སྔོན་ནས་ཁྲིད་མ་ཐུབ་པའི་འགྱོད་སེམས་ཀྱིས་མནར་ནས། འཛིན་གྲྭར་ཕྱིན་ཀྱང་ལུས་ཙམ་ལས་དཔེ་ཁྲིད་ལ་ཡིད་གཏོད་མི་ཐུབ་པ་དང་། གློ་བུར་གློ་བུར་དུ་ཇོ་ལགས་ཀྱི་ངོ་གདོང་ཤར་ཡོང་བ། ཟས་ལ་བཅུད་མེད་ལ། ཉལ་ན་གཉིད་མེད་པའི་གནས་སུ་ལྷུང། འཛིན་གྲོགས་ཚོས་བར་སེང་སྐབས་གཡས་གཡོན་དུ་སྐོར་བར་ཁྲིད་ནས་སེམས་གསོ་ཡང་ཡང་གནང་བས་སེམས་པ་ལྷོད་དུ་ཕྱིན། ཉིན་ཞིག་དོན་གྲུབ་ཀྱིས་ཟིན་བྲིས་དེབ་རེ་རེ་ནས་ཕྱེ་སྟེ་བལྟས་པས་གཞུང་གི་དཀའ་གནད་རྣམས་ལ་མཁས་པ་རྣམས་ཀྱི་དགོངས་པ་བཞེད་ཚུལ། དེ་ཡང་རང་ལུགས་ཙམ་མིན་པར་མཁས་པ་གཞན་གྱི་དགོངས་པ་བཞེད་ཚུལ་ཞིབ་དཔྱད་གནང་ཡོད་པ་དང་། དེ་དག་གི་དགོངས་པ་འགལ་མེད་དུ་གནས་ཚུལ། གཙོ་བོར་རྒྱ་གཞུང་གི་ཁུངས་འདྲེན་བྱས་པ་ཤ་སྟག་དང་ཟིན་བྲིས་དེབ་ཡོངས་རྫོགས་ཀྱི་མཇུག་ཏུ་“དགེ་བའི་རྩ་བ་འདི་ཡི་མཐུས་མ་འོངས་པ་ན་བདག་ཉིད་བསྟན་པ་སྤྱི་ལ་ཕན་ཐོགས་མཁན་གྱི་གང་ཟག་ཅིག་ཏུ་གྱུར་ཅིག་”ཅེས་སྨོན་ཚིག་མཐོང་སྟབས། དོན་གྲུབ་ཀྱི་མིག་ཟུང་མཆི་མས་བརླན། དངོས་གནས་རང་གི་ཇོ་ལགས་ནི་ཡི་རང་དང་བསྔགས་བརྗོད་ཀྱི་གནས་སུ་མཐོང། ད་གཟོད་དོན་གྲུབ་ཀྱིས་དབུ་མ་བཞི་བརྒྱ་པའི་དཔེ་ཁྲིད་ཞུས་ཏེ་ཉིན་ཤས་ཕྱིན་པས་དགེ་རྒན་གྱིས་བློ་འཛིན་ཆེད་གནང་བའི་རྩ་ཚིག་སྟེ་“ལུས་ནི་དགྲ་ལྟར་མཐོང་མོད་ཀྱི། །དེ་ལྟ་ན་ཡང་དེ་བསྲུང་བྱ། །ཁྲིམས་ལྡན་ཡུན་རིང་འཚོ་བ་ན། །དེ་ལས་བསོད་ནམས་ཆེན་པོ་བྱེད།།” ཅེས་སྒོ་ཁྱམས་ཡས་མས་སུ་སྐྱོར་གྱིན་གདའ།

  1. རྒྱ་གར་སྐད་དུ་སྟབས་བདེའི་སྒོ་ནས་ཟ་ཆོག་པའི་འབྲས་སིལ་དང་སྣུམ་བཙོས་བག་རིལ་གྱི་རིགས་ཤིག་ཡིན།
Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།