དོན་དངོས་ཀྱི་ཞི་བདེ། THE ACTUAL PEACE

ལོ་རིམ་བརྒྱད་པའི་སློབ་གཉེར་བ། ཆོས་དབྱིངས།

ཐེངས་ཤིག་གི་སྐད་ཆ་རེད། རི་མོའི་བཟོ་གྲྭ་ཆེན་པོ་ཞིག་ནས་གསལ་བསྒྲགས་ཤིག་སྤེལ། རི་མོའི་ལམ་ནས་མིའི་སེམས་ལ་ཞི་བདེ་སྦྱིན་ནུས་པའི་འཛམ་གླིང་གི་རི་མོའི་འགྲན་སྡུར་ཆེ་ཤོས་ཡིན་པ་དང་། རྒྱལ་ཁ་འཐོབ་མཁན་ལ་བྱ་དགའ་ཧ་ཅང་ཆེན་པོ་ཡོད་ཅེས་འཛམ་གླིང་ཡོངས་ལ་ཁྱབ་སྤེལ་བྱས་པ་རེད། དེ་ནས་ཕྱོགས་མཐའ་ཁག་གི་རི་མོ་བ་རྣམས་ཀྱིས་རང་ནུས་ཡོད་ཚད་ཀྱིས་འབད་བརྩོན་ཆེན་པོ་བྱས་ནས་དེར་མཉམ་ཞུགས་བྱས། རི་མོ་འབྲི་མཁན་རྣམས་ཀྱིས་ཧ་ཅང་གི་མཛེས་སྡུག་ལྡན་པ་དང་མི་སེམས་རང་དབང་མེད་པར་འཕྲོག་ནུས་པའི་རི་མོ་གཅིག་ལས་གཅིག་ལྷག་པ་ཤ་སྟག་བྲིས་ཡོད།

དེ་རྣམས་ལས་གཅིག་གིས་ནི་འདི་ལྟར་བྲིས་ཏེ། ཡིད་འོང་གི་སྤང་གཤོངས་དབུས་སུ་དྭངས་གཙང་གི་མཚོ་མོ་འཁྱིལ་ཞིང་གཡས་གཡོན་ཀུན་ལ་ནེའུ་གསིང་གིས་བརྒྱན་པ། ཐ་གྲུ་ཡངས་ཤིང་གུར་ཁང་རྣམ་པར་བཀྲ་བ་དག་ཕུབ་པ་བཅས་མདོར་ན་ལྷ་ཡུལ་ས་ལ་འཕོས་པ་ལྟ་བུ་ཞིག་བྲིས་ཡོད། ཡང་གཞན་དག་གཅིག་གིས་ནི་གངས་དཀར་རྩེ་ནས་ཉ་གང་གི་ཟླ་བ་ཤར་བ་དང་ལྷན་དུ་སྐར་མ་སྨིན་དྲུག་སོགས་འོད་ཆེམ་ཆེམ་དུ་འཕྲོ་བ་དང་། དེའི་གཟུགས་བརྙན་རྣམས་དྭངས་གཙང་གི་མཚོ་ཆུའི་ནང་ལ་གསལ་ལེར་ཤར་བ་ཞིག་བྲིས་ཡོད། དེ་བཞིན་མཚོ་དང་ཚེའུ་ཡིས་བརྒྱན་པའི་སྤང་གཤོངས་སོགས་འདྲ་མིན་སྣ་ཚོགས་བྲིས་ཡོད།

དེ་དག་ལ་རི་མོ་འདེམས་སྒྲུག་བྱེད་མཁན་རྣམས་ཀྱིས་འདེམས་སྒྲུག་བྱེད་པ་ལ་ཧ་ཅང་དཀའ་བའི་གནས་སུ་གྱུར། ཡིན་ན་ཡང་མཐའ་མའི་ཐག་གཅོད་ལ་ཡག་པོའི་ནང་ནས་རྩེ་ཕུད་དེ་འདེམས་སྒྲུག་བྱེད་དགོས་པ་ཡིན་དུས། གནས་དེར་རི་མོ་བ་རྣམས་དང་གསར་འགོད་པ་ཁག་སོགས་མི་ཚོགས་མང་པོ་ཞིག་འདུ་འཛོམས་བྱས་ཡོད། མི་རྣམས་ཧ་ཅང་སྤྲོ་བ་ཆེན་པོའི་ངང་བལྟས་ནས་བསྡད་ཡོད། རྒྱུ་མཚན་གང་ཡིན་ཞེ་ན་རྒྱལ་ཁ་འཐོབ་མཁན་ལ་བྱ་དགའ་ཧ་ཅང་གིས་ཆེན་པོ་དང་། རི་མོ་དེ་ཅི་འདྲ་ཞིག་བྲིས་ཡོད་པ་ཡིན་ནམ་སྙམ་པའི་རེ་སྒུག་བྱེད།

དེ་ནས་རིམ་བཞིན་རི་མོ་འདེམས་སྒྲུག་བྱེད་མཁན་རྣམས་ཀྱིས་རི་མོ་མང་པོའི་ནང་ནས་རི་མོ་ཡག་ཤོས་དེ་འདེམས་སྒྲུག་བྱས་ནས་རས་ཡོལ་ཆེན་པོ་ཞིག་གི་རྒྱབ་ལ་བཞག་ཡོད་པས། རས་ཡོལ་དེ་ག་ལེར་བྱས་ནས་ཕྱེ་བ་རེད། རི་མོ་དེ་ནི་སྤྲིན་ནག་ལང་ལོང་དུ་འཁྲིགས་པ་དང་། རླུང་འཚུབ་ཆེན་པོ་ལངས་ཤིང། དེའི་བར་སེང་ནས་གློག་འོད་དྲག་པོ་འཁྱུག་པ། གྲུ་ཟུར་ན་ཁང་པ་ཞིག་ཀྱང་བྲིས་ཡོད། མདོར་ན་རི་མོ་དེས་མི་སེམས་ལ་ཞི་བདེ་སྦྱིན་མི་ནུས་པ་ལྟ་བུ་ཞིག་ཀུན་ཀྱི་མཐོང་སྣང་དུ་གྱུར།

དེ་ནས་ལྟད་མོ་བ་རྣམས་ནང་ཕན་ཚུན་ཕར་ལྟ་ཚུར་ལྟ་བྱས་ནས་འདི་ནི་ག་འདྲ་ཞིག་འདེམས་སྒྲུག་བྱས་པ་ཡིན་ནམ་ཞེས་ཁ་ཅིག་གིས་བཤད། ཁ་ཅིག་ཁོང་ཁྲོ་ཡང་ལངས། གང་ཡིན་ཞེ་ན་རི་མོ་དེས་ཐག་རིང་ནས་ཞི་བདེ་སྦྱིན་ནུས་པ་གང་ཡང་མེད་པ་ལྟ་བུ་ཞིག་མཐོང་བས་རེད། དེས་ན་དེར་ཡོད་ཀྱི་རི་མོ་བ་ཁ་ཅིག་དང་མི་མང་ཕན་ཚུན་བར་སྐད་ཆ་བཤད་ནས་འདེམས་སྒྲུག་བྱས་པའི་རི་མོ་དེ་ལས་བྱེད་པ་རྣམས་ཀྱིས་ནོར་བ་ཡིན་ནམ། ཡང་ན་དཔྱད་འདེམས་པ་རྣམས་ཀྱིས་ནོར་བ་ཡིན་ཞེས་རི་མོ་འདེམས་སྒྲུག་བྱེད་མཁན་གཙོ་བོ་ལ་སྐད་ཆ་དྲིས། གཙོ་བོས་ཅུང་ཟད་འཛུམ་པ་དང་ལྷན་དུ་དེ་རིང་གི་རྒྱལ་ཁ་སོན་པའི་རི་མོ་ནི་འདི་རང་ཡིན། ཁྱེད་རྣམ་པས་ཅུང་ཟད་ཉེ་འགྲམ་ནས་ཞིབ་མོར་ལྟོས་དང་། རི་མོ་དེ་ནི་གཡས་གཡོན་ནས་སྤྲིན་ནག་འཁྲིགས་པ་དང་། རླུང་འཚུབ་ཆེན་པོ་ལྡང་བ། དེའི་བར་གསེང་ནས་གློག་འོད་འཁྱུག་པ་ཙམ་མ་ཡིན་པར་དེའི་གྲུ་ཟུར་ན་ཁང་པ་ཞིག་བྲིས་ཤིང་། ཁང་པ་དེ་ལ་སྒེའུ་ཁུང་ཞིག་ཡོད། སྒེའུ་ཁུང་ནང་ནས་མི་ཞིག་ཕྱི་ལ་བལྟས་ནས་བསྡད་ཡོད། མི་དེའི་ངོ་གདོང་ལ་མ་བཅོས་པའི་འཛུམ་མདངས་འཁྱིལ་ཡོད་པ་ཞིག་བྲིས་ཡོད། ཁང་པ་དེའི་གཡས་གཡོན་ན་ཇི་ཙམ་གྱིས་རླུང་འཚུབ་ཆེན་པོ་དང་གློག་འོད་དང་འབྲུག་སྒྲ་སོགས་ཡོད་ཀྱང་མི་དེའི་ནང་སེམས་ནས་ཞི་བདེ་ཡོད་པར་མཚོན་པས་དེ་རིང་གི་རི་མོའི་རྒྱལ་ཁ་ཡང་འདི་ཡིན་ལ། ཞི་བདེ་ངོ་མ་ཡང་འདི་ཡིན། དེ་མིན་ཕྱི་རོལ་གྱི་མཛེས་སྡུག་བཀོད་པ་སོགས་ནི་དོན་དངོས་ཀྱི་ཞི་བདེ་མིན་ལ། ཞི་བདེ་དངོས་ནི་རི་མོ་འདི་བཞིན་དུ་ནང་སེམས་ནས་ཞི་བདེ་ཡོད་དགོས། གལ་སྲིད་ནང་སེམས་ནས་ཞི་བདེ་མེད་ན་ཕྱི་རོལ་གྱི་མཛེས་སྡུག་ལྷ་ཡུལ་ལྟ་བུ་ཞིག་ལ་སླེབས་ཀྱང་དེར་བདེ་བ་ག་ལ་ཡོད། མདོར་ན་རི་མོ་འདིའི་ཕྱི་རོལ་ན་མི་སྡུག་པ་དང་མཛེས་སྡུག་ཇི་ལྟར་ཡོད་ཀྱང་ཁང་པ་དེའི་སྒེའུ་ཁུང་ནས་བལྟས་བསྡད་པའི་མི་དེའི་སེམས་ལ་ཞི་བདེ་ཡོད་པ་བཞིན་ནང་སེམས་ལ་ཞི་བདེ་ཡོད་དགོས། དེ་མིན་ཕྱི་རོལ་གྱི་དངོས་པོ་རྣམས་ནི་འགྱུར་བའི་རང་བཞིན་ཅན་ལས་མ་འདས་པའོ།།

བསྒྱུར་གཞི།
Sandeep Maheshwari ཞེས་པའི་དྲྭ་རྒྱ་ནས་ཕབ་སྟེ་བསྒྱུར།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།