རྣམ་རྫོགས་སྦྱོར་བ་ལ་ཅུང་ཟད་དཔྱད་པའི་རྟོག་པའི་རི་མོ།

ལོ་རིམ་བདུན་པའི་སློབ་གཉེར་བ། ཉི་མ་ནོར་བུ།

ཤེས་བྱ་གཞི་ལམ་འབྲས་བུའི་སྒོ་གཅིག་པུ།།
ཉམས་ལེན་རིགས་ཅན་ཀུན་ཀྱི་རྣམ་དག་ལམ།།
འབྲས་བུ་ཟུང་འཇུག་ཡེ་ཤེས་ཆེན་པོའི་ཚུལ།།
ཚུལ་བཞིན་སྟོན་མཛད་རྒྱལ་སྲས་བཅས་ལ་འདུད།།

ཅེས་ཤེས་བྱ་གཞི་ལམ་འབྲས་བུའི་ཆོས་ཐམས་ཅད་ལ་ཆགས་ཐོགས་ཀྱི་སྒྲིབ་པ་དང་བྲལ་ཞིང་རིགས་ཅན་ཀུན་ཀྱི་ཁམས་དབང་མོས་པ་དང་རྗེས་སུ་མཐུན་པར་གང་ལ་གང་འདུལ་དུ་ཐེག་པ་ཀུན་ཀྱི་ཞི་སྒོ་གཅིག་པུར་གྱུར་པའི་ལམ་བཟང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཉམས་ལེན་གྱི་རིམ་པ་རྣམས་ཚུལ་ཇི་ལྟ་བ་བཞིན་དུ་སྟོན་པར་མཛད་པའི་རྒྱལ་བ་སྲས་དང་བཅས་པའི་ཞབས་ལ་སྒོ་གསུམ་གུས་པ་ཆེན་པོས་བསྟོད་ཚིག་གི་པདྨ་དཀར་པོ་སྔོན་དུ་གཏོར་ཏེ། གང་ཞིག་ཞུ་བར་བྱ་བ་ནི་གཞུང་ལས། གཞི་ཤེས་པ་ཡི་བྱེ་བྲག་རྣམས། །རྣམ་པ་ཞེས་བྱ་མཚན་ཉིད་དེ། །ཀུན་མཁྱེན་ཉིད་ནི་རྣམ་གསུམ་ཕྱིར། །དེ་ནི་རྣམ་པ་གསུམ་དུ་འདོད། །ཅེས་པ་ལས་འཕྲོས་པའི་ཉམས་ལེན་སྦྱོར་བ་བཞིའི་སྐོར་ཡིན་ལ། དེ་ལ་ཡང་སྤྱིར་དབང་དུ་བྱེད་པའི་རྒྱུ་འབྲས་ལ་རྣམ་རྫོགས་སྦྱོར་བ་དང་རྩེ་མོ་སྦྱོར་བ་གཉིས་དང་། བརྟན་པ་རྒྱུ་འབྲས་ལ་མཐར་གྱིས་པ་དང་སྐད་ཅིག་མའི་སྦྱོར་བ་གཉིས་ཡོད་པ་ལས། བྱང་ཆུབ་སེམས་དཔའི་སྦྱོར་བ་དངོས་ནི་རྣམ་ཀུན་དང་རྩེ་སྦྱོར་གཉིས་ཡིན་ལ། དེ་དག་གྲུབ་པའི་གྲུབ་ཚད་ཙམ་ལ་མཐར་གྱིས་པ་དང་སྐད་ཅིག་མའི་སྦྱོར་བ་འཇོག་པར་མངོན། དེ་དག་ཀྱང་སྦྱོར་བ་དང་པོ་གཉིས་ལས་སྒོམ་ཚུལ་ཁྱད་པར་མེད་ལ། རྣམ་ཀུན་དང་མཐར་གྱིས་པའང་མཁྱེན་གསུམ་གྱི་རྣམ་པ་བརྒྱ་དང་དོན་གསུམ་གོ་རིམ་ངེས་མེད་དང་གོ་རིམ་ངེས་ཅན་དུ་སྒོམ་པ་ལས་སྦྱོར་བ་སོ་སོར་དབྱེ་བ་ཡིན་ནོ།།

དེ་དག་ལས་རྣམ་ཀུན་མངོན་པར་རྫོགས་པར་རྟོགས་པ་ལ་ཅུང་ཟད་དཔྱད་པ་ལ་རྩ་བའི་ས་བཅད་ཀྱི་དབང་དུ་བྱས་ན། སྦྱོར་བས་རྣམ་པ་སྒོམ་པའི་ཚུལ། མཁྱེན་གསུམ་གྱི་རྟོགས་པ་ལ་རང་དབང་འཐོབ་ཚུལ། སྐྱེ་མེད་གསུམ་བསྡུས་ཏེ་སྒོམ་ཚུལ། དེ་དག་གི་གནད་བསྡུས་ཏེ་བསྟན་པ་དང་བཞིའོ།།

དང་པོ་སྦྱོར་བས་རྣམ་པ་སྒོམ་པའི་ཚུལ།

སྤྱིར་བྱང་ཆུབ་སེམས་དཔའི་སྒོམ་ལ་རྟོགས་རིགས་རྗེས་མཐུན་པ་སྒོམ་པ་མོས་པ་ཡིད་བྱེད་ཀྱི་སྒོམ་དང། བློ་དེའི་མཚན་ཉིད་སྐྱེས་ནས་སྒོམ་པ་དེ་ཁོ་ན་ཉིད་ཀྱི་སྒོམ། འབྱུང་འགྱུར་གྱི་མངོན་རྟོགས་འདི་དང་འདི་ལྟ་བུའོ་ཞེས་དཔྱོད་པར་བྱེད་པ་མཚན་ཉིད་རྗེས་སུ་དཔྱོད་པའི་སྒོམ། གོ་འཕང་དེ་དང་དེ་ཐོབ་པར་ཡིད་ཀྱིས་སྨོན་པར་བྱེད་ཅིང་དེའི་ཆེད་དུ་ཚོགས་བསགས་པ་ལྟ་བུ་སྨོན་ལམ་གྱི་སྒོམ་པ་ཡོད་དེ། ཤེར་ཕྱིན་མངོན་རྟོགས་རྒྱན་གྱི་འབྲུ་འགྲེལ་ལས། ས་བདུན་པ་མན་ཆད་དུ་རྣམ་མཁྱེན་གྱི་སྐབས་ཀྱི་གཞི་ཤེས་དང་། ལམ་ཤེས་ཀྱི་རྟོགས་རིགས་རྗེས་མཐུན་ཙམ་སྐྱེ་བས་མོས་པ་ཡིད་བྱེད་ཀྱིས་སྒོམ། སྟོབས་སོགས་མཚན་ཉིད་རྗེས་སུ་དཔྱོད་པ་དང་སྨོན་ལམ་གྱི་ཚུལ་གྱིས་སྒོམ། ས་བརྒྱད་པ་ཡན་ཆད་དུ་སྟོབས་སོགས་རྗེས་མཐུན་པ་ཐོབ་པའི་ཕྱིར་མོས་པ་ཡིད་བྱེད་ཀྱི་ཚུལ་གྱིས་སྒོམ་པ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །འོན་ཀྱང་སྐབས་འདིར་སྦྱོར་བ་བཞི་པོས་མཁྱེན་གསུམ་གྱི་རྣམ་པ་སྒོམ་པར་བཤད་པས་སྦྱོར་བ་དེ་དག་ངོ་བོ་སྤྲོས་བྲལ་རྟོགས་པའི་མཁྱེན་པར་འཇོག་དགོས་པས་སྒོམ་ཚུལ་དེ་མོས་པ་ཡིད་བྱེད་ཀྱི་སྒོམ་ཚུལ་ལས་གཞན་མི་འཐད་པར་མཐོང་། དེ་ཡང་སྦྱོར་བ་དེ་དག་སྐྱེ་མེད་རྟོགས་པའི་བློ་ལ་གཞག་དགོས་པའང་མཁྱེན་གསུམ་གྱིས་མངོན་རྟོགས་བརྒྱད་ཡིན་པའི་ཚུལ་གྱིས་བསྡུས་པའི་རྒྱུ་མཚན་གྱིས་ཡིན་ཏེ་མཁྱེན་པ་གསུམ་པོ་གང་རུང་ཡིན་ན་སྐྱེ་མེད་རྟོགས་པའི་བློ་ཡིན་དགོས་པའི་ཕྱིར་རོ། །གཞུང་འདིར་མཁྱེན་པ་གསུམ་པོའང་བདག་མེད་རྟོགས་པའི་ལྡོག་ཆ་ནས་བཤད་པ་རང་རང་གི་མཚན་ཉིད་ཀྱིས་ཤེས་སོ། །དེ་ལྟར་ཡིན་པ་ཡང་ཤེར་ཕྱིན་མངོན་རྟོགས་རྒྱན་གྱི་སྤྱི་དོན་ལས། དེ་ཡང་མཁྱེན་པ་གསུམ་པོ་དེས་ཀྱང། ཉན་རང་བྱང་སེམས་སངས་རྒྱས་ཀྱི་མངོན་རྟོགས་མཐའ་དག་ཡིན་པའི་ཚུལ་གྱིས་བསྡུས་པས་མངོན་རྟོགས་བརྒྱད་ཀ་བསྟོད་ཕྱག་གི་ཡུལ་གྱི་ཡུམ་ཡིན་ནོ་ཞེས་དང་།

སྡུད་པ་རྒྱན་སྦྱར་ལས་ཀྱང་། དེ་ཡང་མཁྱེན་པ་གསུམ་པོས་ཀྱང་ཡུལ་དེ་དག་ཐམས་ཅད་སྐྱེ་མེད་མཉམ་པར་ཤེས་པ་ལ་འདྲ་ཞིང་ཁྱད་མེད་ཀྱང་། གཞི་ཤེས་ནི་གཞི་ཕུང་ཁམས་སྐྱེ་མཆེད་ཀྱི་དེ་བཞིན་ཉིད་རྟོགས་པ་དང་། ལམ་ཤེས་ཀྱིས་ལམ་དང་། རྣམ་མཁྱེན་གྱིས་ཤེས་བྱའི་རྣམ་པ་ཐམས་ཅད་སྐྱེ་མེད་དུ་གཟིགས་པའི་ལྡོག་ཆ་ནས་བསྟན་ཅེས་གསུངས་སོ། །དེས་ན་སྦྱོར་བས་དོན་རྣམ་དེ་དག་སྤྲོས་པ་བཅད་པའི་ཚུལ་གྱིས་སྒོམ་པ་དང་། ཤེས་རྣམ་རྣམས་རང་གི་ངོ་བོར་སྐྱེས་ཏེ་སྒོམ་པ་ཡིན་ནོ། །འོན་ཀྱང་སྐབས་འདིར་ཤེས་རྣམ་སྒོམ་པ་ལ་གཙོ་བོར་གཟུང་དགོས་ཏེ། དཔལ་སྤྲུལ་སྤྱི་དོན་ལས། དེ་ལྟར་ན་བདག་མེད་པ་དང་སྙིང་རྗེ་སྒོམ་ཞེས་པ་ལྟར་ཡུལ་སྒོམ་པ་དང་ཡུལ་ཅན་དེའི་བདག་ཉིད་དུ་བློ་གོམས་པར་བྱེད་པ་གཉིས་ལས་འདིར་ཕྱི་མ་གཙོ་བོར་བཟུང་ངོ་ཞེས་གསུངས་སོ། །སྒོམ་ཚུལ་ཡང་མཁྱེན་གསུམ་གྱི་རྣམ་པ་དངོས་རང་རྒྱུད་ལ་སྐྱེས་པ་མེད་ཀྱང་དེ་དག་དང་རྟོགས་རིགས་རྗེས་སུ་མཐུན་པའི་ཤེས་རྣམ་བརྒྱ་དང་དོན་གསུམ་སྐྱེས་ནས་མི་གནས་པའི་སྦྱོར་བ་དང་། མི་སྦྱོར་བའི་སྦྱོར་བ་གཉིས་ཀྱིས་ཐབས་ཤེས་ཟུང་འབྲེལ་གྱིས་སྒོམ་པ་ཡིན་ནོ། །འོ་ན་དེ་དག་གི་རྟོགས་རིགས་མཚུངས་ཚུལ་ཇི་ལྟར་ཡིན་ཞེ་ན། མདོ་ལས་མེད་པ་དང་མི་སྐྱེ་བ་སོགས་ཕྱིན་ཅི་ལོག་པའི་སྒྲོ་འདོགས་དང་བྲལ་བའི་ཚུལ་གྱིས་མཁྱེན་གསུམ་གྱི་རྣམ་པ་གསུངས་པ་ལ། རྣམ་པ་དེ་ཐམས་ཅད་ཀྱང་མི་མཐུན་ཕྱོགས་ཀྱི་སྒྲོ་འདོགས་མེད་པའི་རྣམ་པ་ཅན་ཡིན་པས་སྐྱེ་བ་མེད་པར་རྟོགས་པའི་བློ་དང་རྟོགས་རིགས་མཚུངས་པ་ཡིན་ནོ། །མདོར་ན་དོན་རྣམ་སྤྲོས་པ་གཅོད་ཚུལ་དང་ཤེས་རྣམ་སྦྱོར་བ་རང་གི་ངོ་བོར་སྐྱེས་ནས་བློ་གོམས་པར་བྱེད་པ་ལ་སྦྱོར་བས་རྣམ་པ་སྒོམ་ཞེས་བྱའོ།།

གཉིས་པ་མཁྱེན་གསུམ་གྱི་རྟོགས་པ་ལ་རང་དབང་འཐོབ་ཚུལ།

མཁྱེན་གསུམ་གྱི་རྟོགས་པ་ལ་རང་དབང་འཐོབ་ཚུལ་བཤད་པ་ལ། རང་དབང་འཐོབ་ཚུལ་དང་། ཞར་བྱུང་མཁྱེན་གསུམ་གྱི་རྟོགས་པ་ལ་བརྟན་པ་འཐོབ་ཚུལ་བཤད་པ་གཉིས་ཡོད་པ་ལས། དང་པོ་ནི།

དེ་ཡང་རྣམ་རྫོགས་སྦྱོར་བའི་མཚན་ཉིད་ལ་རང་དབང་མ་ཐོབ་པའི་ཕྱིར་ཞེས་པའི་རང་དབང་དང་རྩེ་སྦྱོར་སྐབས་སྒོམ་པ་ལ་དབང་དུ་གྱུར་པ་ཞེས་པ་གཉིས་དོན་གཅིག་ཏུ་གཟུང་དགོས་པས། དེ་གཉིས་ལས་རང་དབང་མ་ཐོབ་པ་འཐོབ་པའི་ཕྱིར་སྒོམ་པ་རྣམ་ཀུན་དང་། ཐོབ་པའི་ཚད་གྲུབ་པ་ལ་རྩེ་སྦྱོར་བཞག་པ་གཞུང་ཆེན་པོ་དག་ལས་བཤད་ལ། རང་དབང་འཐོབ་ཚུལ་ལ་གསལ་ཁ་མི་སྣང་བས་མཁས་པ་ཁ་ཅིག་སྒོམ་བྱུང་གི་མྱོང་བ་ཐོབ་པ་དང་། གཞན་དག་སྒོམ་བྱུང་མ་ཐོབ་པ་འཐོབ་པར་བྱེད་པ་དང་ཐོབ་པ་ཁྱད་པར་དུ་བྱེད་པ་ལ་འཇོག་ཟེར། དེ་ལ་དང་པོ་མི་འཐད་དེ། སྦྱོར་ལམ་ནས་རྣམ་ཀུན་མེད་པར་ཐལ་ལ། གཉིས་པ་ལ་བརྗོད་པར་བྱ་སྟེ་རྣམ་ཀུན་ཚོགས་ལམ་ཆུང་ངུ་དང་རྩེ་སྦྱོར་སྦྱོར་ལམ་དྲོད་ནས་རྒྱུན་མཐའ་བར་གཞག་དགོས་པས་སྦྱོར་ལམ་དྲོད་ནས་དེ་གཉིས་ཀར་རང་དབང་ཐོབ་ཟིན་ལ། དེ་ནས་རྒྱུན་མཐའ་བར་སྒོམ་དགོས་ན་རྒྱུན་མཐའ་ལ་དེ་གཉིས་ཀས་རང་དབང་ཐོབ་པ་ཁྱད་པར་དུ་བྱེད་པ་ལ་ཕྱིར་སྒོམ་པས་ད་དུང་རང་དབང་ཐོབ་མེད་པ་དོན་གྱིས་གོ་བས་རྣམ་ཀུན་རང་དབང་འཐོབ་པའི་ཆེད་སྒོམ་པ་དང་རྩེ་སྦྱོར་རང་དབང་ཐོབ་པ་ཁྱད་པར་དུ་བྱེད་པ་ལ་བཞག་པ་དང་འགལ་བས་མི་འཐད་དོ། །ས་མཚམས་དེ་ཡང་དཔལ་སྤྲུལ་སྤྱི་དོན་ལས། རྣམ་ཀུན་ཚོགས་ལམ་ཆུང་ངུ་ནས་ས་བཅུ་རྒྱུན་མཐའི་བར་ན་ཡོད། རྩེ་མོ་དྲོད་ནས་རྒྱུན་མཐའི་བར་ན་ཡོད་ཅེས་གསུངས་སོ། །དེས་ན་རང་དབང་འཐོབ་ཚུལ་ནི་སྒོམ་བྱུང་ཙམ་མམ་སྒོམ་བྱུང་མཐར་ཐུག་པ་འཐོབ་པར་བྱེད་པ་དང་། སྒོམ་པ་ལ་དབང་དུ་གྱུར་པ་ཞེས་པ་དེ་གཉིས་གང་རུང་ཐོབ་པ་ལ་འཇོག་ན་ཚིག་དོན་གཉིས་ཀར་མི་འགལ་བས་གོ་བདེའོ། །དེ་ཡང་ལེགས་བཤད་གསེར་ཕྲེང་ལས། ཐོས་བསམ་གྱི་ཤེས་རབ་ཡོན་ཏན་རང་དབང་ཅན་མ་ཡིན་པས་སྒོམ་བྱུང་གིས་རང་དབང་དུ་བྱ་བའི་ཕྱིར་དུའོ། །ཞེས་གསུངས་སོ། །སྒོམ་བྱུང་མཐར་ཐུག་ནི་སངས་རྒྱས་ས་ལ་གཞག་དགོས་པས་རྒྱུན་མཐའི་རྣམ་རྩེ་གཉིས་དེ་འཐོབ་པའི་དོན་དུ་སྒོམ་མོ།།

གཉིས་པ་ཞར་བྱུང་དུ་མཁྱེན་གསུམ་གྱི་རྟོགས་པ་ལ་བརྟན་པ་འཐོབ་ཚུལ་ནི། དེ་ལ་ཁ་ཅིག སྐད་ཅིག་མའི་སྦྱོར་བའི་སྐབས་བློ་གཅིག་གིས་མཁྱེན་གསུམ་གྱི་རྣམ་པ་བརྒྱ་དང་དོན་གསུམ་སྐད་ཅིག་ཐུང་མཐའ་ལ་ཡུལ་དུ་འཆར་ཐུབ་པ་ལ་འཇོག དེ་ལྟར་ན་སྐད་ཅིག་མའི་སྦྱོར་བ་དེ་རྒྱུན་མཐའ་ལ་གཞག་དགོས་པས་རྒྱུན་མཐའི་རྡོར་ཏིང་གིས་ཤེས་རྣམ་རྟོགས་པར་ཐལ་ལ། དེ་དོན་རྣམ་སྟེ་སྐྱེ་མེད་རྟོགས་པ་ཙམ་ལ་བཤད་ན་སྐད་ཅིག་མའི་སྦྱོར་བས་མ་ཟད་མཐར་གྱིས་པས་ཀྱང་རྟོགས་པའི་ཕྱིར་ཁྱད་མེད་ལ། རྣམ་པ་དེ་དག་དམིགས་ཡུལ་དུ་བྱེད་པ་ཙམ་ལ་གོ་ན་སྦྱོར་བ་བཞི་པོ་ཐམས་ཅད་ཀྱིས་དེ་ལྟར་བཟུང་བས་ཐམས་ཅད་སྐད་ཅིག་མའི་སྦྱོར་བར་ཐལ་ཏེ། ཆོས་གཅིག་གི་གནས་ལུགས་རྟོགས་པས་ཐམས་ཅད་ཀྱི་དེ་བཞིན་ཉིད་རྟོགས་པས་ཁྱབ་པའི་ཕྱིར། དབུ་མ་བཞི་བརྒྱ་པ་ལས། དངོས་པོ་གཅིག་གི་ལྟ་པོ་གང་། །དེ་ནི་ཀུན་གྱི་ལྟ་པོར་བཤད། །གཅིག་གི་སྟོང་ཉིད་གང་ཡིན་པ། །དེ་ནི་ཀུན་གྱི་སྟོང་པ་ཉིད། །ཅེས་གསུངས་པའི་ཕྱིར་རོ། །དེས་ན་རྟོགས་པ་བརྟན་པ་ཞེས་པ་སྐད་ཅིག་མ་ཐུང་མཐའ་གཅིག་ལ་རྣམ་པ་བརྒྱ་དང་དོན་གསུམ་ཡུལ་དུ་བྱེད་པའི་ནུས་པ་ཁྱད་པར་ཅན་ཐོབ་པ་ལ་བརྗོད་དགོས་ལ། རྒྱུན་མཐའ་ལ་ནུས་པ་ཙམ་ཐོབ་ལ་སངས་རྒྱས་ས་ན་རྟོགས་པ་དངོས་སྐྱེས་པས་རྟོགས་པ་བརྟན་པོ་ཐོབ་པའོ། །དེ་ལྟར་སྐད་ཅིག་མའི་སྦྱོར་བ་ཐོབ་པ་ལ་མཐར་གྱིས་པས་རྣམ་པ་བརྒྱ་དང་དོན་གསུམ་མཉམ་རྗེས་རེས་མོས་ཀྱིས་གོ་རིམ་ངེས་ཅན་དུ་སྒོམ་ལ། རིམ་པ་དེ་ཡང་རྗེས་ཐོབ་ཏུ་དམིགས་ཡུལ་འཛིན་སྟངས་ཀྱི་རིམ་པ་ལས་མཐཪ་གྱིས་པ་རང་ཉིད་ཀྱིས་དེ་ལྟར་སྒོམ་པ་མིན། སྐབས་འདིར་མཐར་གྱིས་པ་ལ་སྤྲོས་བྲལ་རྟོགས་པའི་བློ་ཡིན་དགོས་ལ་དེ་རྟོགས་པ་ལ་རིམ་དང་ཅིག་ཅར་གྱི་རྣམ་གཞག་མེད་པས་མཉམ་གཞག་ཏུ་ངོ་བོ་སྐྱེ་མེད་སྤྲོས་བྲལ་དང་རྗེས་ཐོབ་ཏུ་དམིགས་པ་གོ་རིམ་བཞིན་བརྗེ་རེས་བྱས་ཏེ་མཉམ་རྗེས་རེས་མོས་ཀྱིས་དཀྱུས་ཐོག་གཅིག་ལ་ཉམས་སུ་ལེན་པ་ཡིན་ནོ། །དེ་ཡང་མ་ཕམ་ཞལ་ལུང་ལས། གནས་སྐབས་མཉམ་རྗེས་རེས་འཇོག་ཚུལ་གྱིས་སུ། །ཇི་ལྟའི་མཉམ་བཞག་ཟབ་མོའི་ཡེ་ཤེས་དང་། །ཇི་སྙེད་རྒྱ་ཆེའི་རྣམ་པ་རིམ་གྱིས་སུ། །སྒོམ་པའི་ཏིང་འཛིན་གསུམ་རྫོགས་མཁྱེན་པར་མཛོད། །ཅེས་གསུངས་སོ། །དེ་ལྟར་གོ་རིམ་ངེས་ཅན་དུ་སྒོམ་པའང་མེད་པའི་རྣམ་པ་ནས་བཟུང་སྟེ་སངས་རྒྱས་ཉིད་ཀྱི་རྣམ་པའི་བར་ཚང་མ་ཚང་འབྱེད་དཀའ་བས་དེ་ལྟར་སྒོམ་པ་ཡིན་ནོ། །དེ་ཡང་སྡུད་པ་རྒྱན་སྦྱར་ལས། གོ་རིམ་ངེས་ཅན་ཞེས་པ་ནི་ངེས་པ་མེད་ན་ཚང་མ་ཚང་གི་རྣམ་དབྱེ་འབྱེད་དཀའ་བའི་སླད་དུའོ། །ཞེས་གསུངས་སོ། །དེ་ལྟ་བུ་རྒྱུ་འབྲས་གཉིས་པོ་ཡང་དུས་མཐའི་སྐད་ཅིག་ལ་ཆོས་ཐམས་ཅད་མཁྱེན་པའི་བདེན་གཉིས་ཅིག་ཅར་གཟིགས་པའི་མཉམ་རྗེས་དབྱེར་མེད་ཀྱི་ཡེ་ཤེས་འཐོབ་པའི་ཆེད་དུ་སྒོམ་པས། སྦྱོར་བའི་སྐབས་ལའང་ཡེ་ཤེས་དེ་འཐོབ་པར་མཉམ་རྗེས་རེས་མོས་སུ་སྒོམ་ལ་མཐར་སྐད་ཅིག་མའི་སྐབས་ལ་བདེན་གཉིས་འགལ་བར་འཛིན་པའི་ལོག་སྒྲུབ་ཐམས་ཅད་དང་བྲལ་ཏེ་དེ་གཉིས་ཅིག་ཅར་རྟོགས་པའི་ནུས་པ་ཁྱད་པར་ཅན་ཐོབ་པ་སྟེ། སྡུད་པ་རྒྱན་སྦྱར་ལས། གཉིས་སྣང་གི་བག་ཆགས་དྲུང་ནས་འབྱིན་པ་རྒྱུན་མཐའི་ཡེ་ཤེས་སྐྱེས་པའི་ཚེ་མཉམ་པ་ཉིད་ཀྱི་དོན་མཐར་ཐུག་གཟིགས་པས་ན་མཉམ་པ་ཉིད་ཀྱིས་བསྡུས་པའི་ཆོས་ཤེས་བྱ་མ་ལུས་པའང་དེ་དང་རོ་མཉམ་དུ་གཟིགས་ཤིང་དེ་ལས་གཡོ་བའང་མི་སྲིད་པར་བདེན་གཉིས་ཅིག་ཅར་གཟིགས་པ་ཞེེས་བྱ་སྟེ་ཞེས་གསུངས་སོ།།

གསུམ་པ་སྐྱེ་མེད་གསུམ་བསྡུས་ཏེ་སྒོམ་ཚུལ།

སྐྱེ་མེད་གསུམ་བསྡུས་ཏེ་སྒོམ་ཚུལ་བཤད་པ་ནི། དཔལ་སྤྲུལ་སྤྱི་དོན་ལས། འདིའི་མཁྱེན་གསུམ་ནི་སྐྱེ་མེད་གསུམ་མཁྱེན་པའི་བྱང་སེམས་ཀྱི་རྣལ་འབྱོར་ལ་བྱའོ་ཞེས་པ་ལྟར་གཞི་ལམ་རྣམ་གསུམ་སྐྱེ་མེད་དུ་རྟོགས་པའི་བློ་ལ་ངོས་གཟུང་དགོས་ལ། སྐྱེ་མེད་གསུམ་བསྡུས་ཏེ་སྒོམ་པ་ལ་རྣམ་པ་བརྒྱ་དང་དོན་གསུམ་བསྡུ་དགོས་པས་ཁ་ཅིག་སྐྱེ་མེད་གསུམ་རྟོགས་པའི་བློ་དུས་ཅིག་ཅར་སྐྱེ་བ་དང་། གཞན་དག་སྤྱི་ཙམ་རྟོགས་པ་ལ་ཟེར། དེ་ལ་དང་པོ་མི་འཐད་དེ། ཚོགས་སྦྱོར་བའི་རྒྱུད་ལ་སྐྱེ་མེད་གསུམ་རྟོགས་པའི་བློ་ཡོད་ཀྱང་དེ་གསུམ་ཅིག་ཅར་དུ་སྐྱེ་བ་མེད་དེ། རྣམ་འགྲེལ་མངོན་སུམ་ལེའུ་ལས། རྟོག་གཉིས་ཅིག་ཅར་མཐོང་བ་མེད་ཅེས་གསུངས་པས་སོ། །གཉིས་པའང་མི་འཐད་དེ། དཔེར་ན་རི་མཐོ་བོ་ནས་བལྟས་ན་དམའ་སར་བྱ་དང་ཁང་ཁྱིམ་དགའ་ཚལ་སོགས་ལ་དམིགས་པ་རེ་རེ་མ་གཏད་ཀྱང་སྤྱི་ཙམ་དུ་མཐོང་བ་ལྟར་སྐྱེ་མེད་གསུམ་རྟོགས་པའི་བློ་ལ་རྣམ་པ་བརྒྱ་དང་དོན་གསུམ་སྤྱི་སྦམ་པ་ནས་རྟོགས་ཟེར། དེ་ལྟ་ན་རྟོགས་བྱའི་རྣམ་པ་དེ་དག་དོན་རྣམ་ལ་བཞག་ན་སྤྲོས་བྲལ་ལ་འཇོག་དགོས་པས་སྤྱི་ཙམ་རྟོགས་པ་དང་བྱེ་བྲག་མི་རྟག་སོགས་ཀྱི་སྟེང་དུ་རྟོགས་པ་ལ་ཁྱད་མེད་པས་དཔེ་དོན་མི་མཚུངས་ལ། ཤེས་རྣམ་ལ་སྦྱར་ན་སྐྱེ་མེད་གསུམ་རྟོགས་པའི་བློ་ལ་ཀུན་རྫོབ་སྣང་བར་ཐལ་བས་སོ། །དེས་ན་སྤྱིར་གཞི་ལམ་འབྲས་བུའི་ཆོས་ཐམས་ཅད་མཁྱེན་གསུམ་གྱིས་བསྡུས་པས་གཞི་ལམ་རྣམ་གསུམ་སྐྱེ་མེད་དུ་རྟོགས་པའི་བློ་གཅིག་སྐྱེས་པ་ན་དེ་དག་ཐམས་ཅད་ཀྱི་སྟེང་གི་སྤྲོས་བྲལ་རྟོགས་པས་མཁྱེན་གསུམ་གྱི་རྣམ་པ་བསྡུས་ཏེ་སྒོམ་ཞེས་བརྗོད། དེ་ཡང་འགྲེལ་པ་དོན་གསལ་ལས། དབང་དུ་བྱ་བའི་ཕྱིར་ཡང་རྣམ་པ་ཐམས་ཅད་དང་ལམ་དང་གཞི་ཤེས་པ་བསྡུ་བའི་སྒོ་ནས་ཐམས་ཅད་མཁྱེན་པ་བྱེད་གསུམ་སྒོམ་པར་བྱེད་པས་ཞེས་གསུངས་སོ། །མདོར་ན་སྐྱེ་མེད་གསུམ་རྟོགས་པའི་བློ་གཅིག་སྐྱེ་བ་ལ་མཁྱེན་གསུམ་བསྡུས་ཏེ་སྒོམ་ཞེས་པ་ཡིན་ནོ།།

བཞི་པ་དེ་དག་གི་གནད་བསྡུས་ཏེ་བསྟན་པ།

རྒྱུ་མཚན་དེ་དག་ལ་བརྟེན་ནས་སྦྱོར་བ་བཞི་པོའང་སྐྱེ་མེད་གསུམ་བསྡུས་ཏེ་སྒོམ་པ་ལ་ཁྱད་མེད་ལ། སྦྱོར་ལམ་དྲོད་ཐོབ་ནས་རྣམ་རྩེ་གཉིས་ལྡོག་པ་ཐ་དད་པ་ཙམ་ལས་ངོ་བོ་དབྱེར་མེད་ཡིན། འོ་ན་དབང་དུ་བྱ་བའི་རྒྱུ་འབྲས་མིན་ནམ་ཞེ་ན། དེ་ནི་ཚོགས་སྦྱོར་བའི་སྐབས་ལ་འཇོག་པ་ལས་དྲོད་ནས་རྩེ་མོ་ཡང་རྣམ་ཀུན་ཡིན་པ་ལ་འགལ་བ་མེད་མོད། དེ་བཞིན་རྣམ་ཀུན་ལ་མཐར་གྱིས་པས་ཁྱབ་ལ་མཐར་གྱིས་པ་ལ་དེས་མ་ཁྱབ་པ་དམིགས་པ་གོ་རིམ་འཆོལ་བར་སྒོམ་པའི་རྣམ་རྩེ་ལྟ་བུ་དང་། རྒྱུན་མཐའ་ལ་དེ་བཞི་པོ་ལྡོག་ཆ་ནས་ཐ་དད་པ་ལས་ངོ་བོ་དབྱེར་མེད་པ་ཡིན་ནོ། །ཡང་སྤྱིར་གཞུང་ལུགས་རྣམས་སུ་མཁྱེན་གསུམ་རྟེན་ངེས་མ་ངེས་དང་། མཁྱེན་གསུམ་ལ་སྐྱེ་མེད་རྟོགས་པའི་བློ་དགོས་མིན་གསུང་ཚུལ་དུ་མ་བྱུང་བས་སྦྱོར་བ་བཞི་པོའི་སྒོམ་ཚུལ་ལ་ཡང་ཁྱད་པར་མཐོང་ལ། མཉམ་གཞག་དང་རྗེས་ཐོབ་ཡེ་ཤེས་ཀྱི་སྒོམ་ཚུལ་སོགས་མང་དུ་གསུངས་ཀྱང་རང་ལུགས་ལ་སེམས་དཔས་རྣམ་པ་སྒོམ་པ་ལ་མཉམ་རྗེས་གཉིས་ཀ་ཡོད་དེ། དེ་ཡང་སྡུད་པ་རྒྱན་སྦྱར་ལས། དེ་ལྟར་རྣམ་པ་བརྒྱ་དོན་གསུམ་དེ་དག་ཏུ་གཞི་ལམ་འབྲས་བུའི་ཆོས་རྣམས་གནད་བསྡུས་ཏེ་བསྟན་པས། དེ་དག་ཡིད་ལ་བྱེད་ཚུལ་ཀྱང་རྗེས་ཐོབ་ཏུ་དེ་དང་དེའི་ངོ་བོ་རྒྱུ་དང་བྱེད་ལས་སོགས་མ་འདྲེས་པར་ཤེས་ཤིང་སྒྲུབ་པའི་རྣམ་པ་ཅན་དུ་བསྒོམས་ལ། མཉམ་གཞག་ཏུ་མི་དམིགས་པའི་རྣམ་པ་ཅན་དུ་བསྒོམ་པའོ། །ཞེས་དང་། གྲུབ་དབང་དཔལ་ཆེན་འདུས་པའི་ཞལ་སྔ་ནས་ཀྱང་། དེ་ལྟར་བརྒྱ་དང་དོན་གསུམ་པོས། །གཞི་ལམ་འབྲས་བུའི་གནད་བསྡུས་བསྟན། །དེ་དག་ཡིད་ལ་བྱེད་ཚུལ་ཀྱང། །རྗེས་ཐོབ་དེ་ཡི་ངོ་བོ་རྒྱུ། །བྱེད་ལས་ལ་སོགས་མ་འདྲེས་པར། །ཤེས་ཤིང་སྒྲུབ་པའི་རྣམ་པ་བསྒོམས། །མཉམ་བཞག་མི་དམིགས་རྣམ་པ་བསྒོམ། །ཞེས་གསུངས་པ་ལྟ་བུ་ཡིན་ནོ།།

མཁས་པའི་རིན་ཆེན་གསུམ་ལས་རྩོམ་པའི་ནོར།།

བདག་བློ་འདྲིས་པར་ཅུང་ཟད་བགྱིས་པ་འདིར།།

བསོད་ནམས་ཅུང་ཟད་མཆིས་ན་ཆོས་ཟླ་རྣམས།།

མྱུར་དུ་རྒྱན་འདིའི་ཚིག་དོན་དཔོག་པར་ཤོག།།

དགེའོ།།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།