དབུ་མ་ཐལ་འགྱུར་བའི་ཐལ་ཆེན་གསུམ་ལ་མདོ་ཙམ་དཔྱད་པ་རྟོག་གེ་བྱིས་པའི་རྨོངས་འཆར།

ལོ་རིམ་བཞི་པའི་སློབ་གཉེར་བ། ཡེ་ཤེས་རྒྱ་མཚོ།

མཐར་འཛིན་མུན་པས་བསྒྲིབས་པའི་འགྲོ་རྣམས་ལ།།
ལུང་དང་རིགས་པའི་ཉི་འོད་འཕྲོས་མཛད་ཅིང་།།
མཐའ་བྲལ་དབུ་མའི་གནད་གསང་གསལ་བྱེད་པ།།
འཕགས་སྤྲུལ་ཟླ་བའི་ཞབས་ལ་གུས་པས་འདུད།།

ཅེས་མཆོད་པར་བརྗོད་པའི་བསྟོད་ཚིག་གིས་མདུན་བསུས་ཏེ་གང་ཞིག་གླེང་བར་བྱ་བ་ནི། དེ་ཡང་བདག་ཅག་གི་སྟོན་པ་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེ་ཉིད།  དང་པོ་སྐལ་ཆེན་གྲངས་མེད་གསུམ་དུ་ཚོགས་བསགས། བར་དུ་ཡུལ་མ་ག་དྷ་རུ་མངོན་པར་རྫོགས་པར་སངས་རྒྱས་ཏེ། མཐར་འགྲོ་བ་ཀུན་ཀྱི་ཁམས་དབང་བསམ་པ་དང་མཐུན་པར་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དུ་བསྐོར་བར་མཛད་པ་ལས། འཁོར་ལོ་བར་པ་མཚན་ཉིད་མེད་པའི་ཆོས་འཁོར་གྱི་དགོངས་པ་གསལ་བར་བྱེད་པའི་བསྟན་བཅོས་དབུ་མ་ལ་འཇུག་པའི་སེམས་བསྐྱེད་དྲུག་པའི་སྐབས་ནས་འཕྲོས་པའི་དབུ་མའི་ཐལ་ཆེན་གསུམ་ལ་དཔྱད་པ་མདོ་ཙམ་བྱ་བ་ལ།

ས་བཅད་ཀྱི་དབང་དུ་བཏང་ན། ཐལ་ཆེན་གསུམ་ངོས་བཟུང་བ་དང་དེ་ཡི་སྦྱོར་བ་བཀོད་པ།  དེ་ཡི་རྒོལ་བ་ཁ་ཅིག་གི་བཞེད་ཚུལ་བསྟན་པ། ཐལ་བ་གསུམ་འཇུག་ཚུལ་བསྟན་པ། མཇུག་བསྡུ་བ་དང་བཅས་བཞི་ལས།

དང་པོ་ཐལ་ཆེན་གསུམ་ངོས་བཟུང་བ་དང་དེ་ཡི་སྦྱོར་བ་བཀོད་པ།

དང་པོ་འཕགས་པའི་མཉམ་གཞག་ཡེ་ཤེས་དངོས་པོའི་འཇིག་རྒྱུར་ཐལ་བ་ནི། དབུ་མ་ལ་འཇུག་པ་ལས།[1] གལ་ཏེ་རང་གི་མཚན་ཉིད་བརྟེན་འགྱུར་ན། །དེ་ལ་སྐུར་པས་དངོས་པོ་འཇིག་པའི་ཕྱིར། །སྟོང་ཉིད་དངོས་པོ་འཇིག་པའི་རྒྱུར་འགྱུར་ན། །དེ་ནི་རིགས་མིན་དེ་ཕྱིར་དངོས་ཡོད་མིན། །ཞེས་པ་དེའི་སྦྱོར་བ་བཀོད་པ་ནི། གཟུགས་སོགས་ཐ་སྙད་ཀྱི་དངོས་པོ་རྣམས་ཆོས་ཅན། འཕགས་པའི་མཉམ་གཞག་ཡེ་ཤེས་ཁྱོད་འཇིག་པའི་རྒྱུ་ཡིན་པར་ཐལ། དོན་དཔྱོད་རིགས་པས་བརྟགས་ཤིང་དཔྱད་པའི་ཚེ་ཁྱོད་རང་གི་མཚན་ཉིད་ཀྱིས་གྲུབ་པ་གང་ཞིག་འཕགས་པའི་མཉམ་གཞག་ཡེ་ཤེས་ཀྱིས་དེ་ལྟར་མ་དམིགས་པའི་ཕྱིར།

གཉིས་པ་ཐ་སྙད་བདེན་པ་རིགས་པས་དཔྱད་བཟོད་དུ་ཐལ་བ་ནི། དབུ་མ་ལ་འཇུག་པ་ལས།[2] གང་ཕྱིར་དངོས་པོ་འདི་དག་རྣམ་དཔྱད་ན། །དེ་ཉིད་བདག་ཅན་དངོས་ལས་ཚུ་རོལ་དུ། །གནས་རྙེད་མ་ཡིན་དེ་ཕྱིར་འཇིག་རྟེན་གྱི། །ཐ་སྙད་བདེན་ལ་རྣམ་པར་དཔྱད་མི་བྱ། །ཞེས་པ་དེའི་སྦྱོར་བ་བཀོད་པ་ནི། གཟུགས་སོགས་ཐ་སྙད་ཀྱི་དངོས་པོ་རྣམས་ཆོས་ཅན། དོན་དཔྱོད་རིགས་པས་དཔྱད་བཟོད་དུ་གྲུབ་པར་ཐལ། རིགས་པ་དེས་བརྟགས་ཤིང་དཔྱད་པའི་ཚེ་ཁྱོད་རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཕྱིར།

གསུམ་པ་དོན་དམ་པའི་སྐྱེ་བ་མི་ཁེགས་པའི་ཐལ་བ་ནི། དབུ་མ་ལ་འཇུག་པ་ལས།[3] དེ་ཉིད་སྐབས་སུ་རིགས་པ་གང་ཞིག་གིས། །བདག་དང་གཞན་ལས་སྐྱེ་བ་རིགས་མིན་པའི། །རིགས་དེས་ཐ་སྙད་དུ་ཡང་རིགས་མིན་པས། །ཁྱོད་ཀྱི་སྐྱེ་བ་གང་གིས་ཡིན་པར་འགྱུར། །ཞེས་པ་དེའི་སྦྱོར་བ་ནི། གཟུགས་སོགས་ཐ་སྙད་ཀྱི་དངོས་པོ་རྣམས་ཆོས་ཅན། དོན་དམ་པར་སྐྱེ་བ་མི་ཁེགས་པར་ཐལ། དོན་དཔྱོད་རིགས་པས་བརྟགས་ཤིང་དཔྱད་པའི་ཚེ་ཁྱོད་རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཕྱིར། སྦྱོར་བ་ནི་དེ་ལྟར་བཀོད་ན་འཐད་པར་སྙམ་མོ།།

གཉིས་པ་དེ་ཡི་རྒོལ་བ་ཁ་ཅིག་གི་བཞེད་ཚུལ་བསྟན་པ།

དེ་ཡང་རྗེ་རིན་པོ་ཆེས་ཐལ་བ་གསུམ་གྱི་རྒོལ་བ་ལ་དབུ་མ་རང་རྒྱུད་པ་བཞེད་པ་ནི་དེ་ཉིད་ཀྱིས་མཛད་པའི་དབུ་མ་དགོངས་པ་རབ་གསལ་ནང་དུ་གསལ་ལ། ས་སྐྱ་པའི་ཀུན་མཁྱེན་གོ་བོ་རབ་འབྱམས་ནི་དེ་ཡི་རྒོལ་བ་ལ་སེམས་ཙམ་པ་བཞེད་པ་དང་། ཡང་ཁ་ཅིག་ནི་སློབ་དཔོན་ཟླ་གྲགས་ཀྱིས་ཚིག་གསལ་ནང་དུ་སློབ་དཔོན་ལེགས་ལྡན་འབྱེད་ཀྱི་ཤེས་རབ་སྒྲོན་མེའི་ཚིག་སྟེ་དོན་དམ་པར་ནང་གི་སྐྱེ་མཆེད་ཅེས་སོགས་དྲངས་ནས་དེ་ལ་དགག་པ་བརྗོད་པས་ཐལ་བ་གསུམ་གྱི་རྒོལ་བ་དེ་སློབ་དཔོན་ལེགས་ལྡན་འབྱེད་དམ་མདོ་སྡེ་སྤྱོད་པའི་དབུ་མ་པ་ཡིན་པར་འདོད་པ་དང་སྐྱོན་དེ་དག་རྣལ་འབྱོར་སྤྱོད་པའི་དབུ་མ་པ་ལ་མཐའ་གཅིག་ཏུ་མི་འཇུག་པར་འདོད་པ་ཡང་འདུག་མོད།  དེ་དག་ནི་ཅུང་མི་རིགས་སྙམ་སྟེ། རྗེ་རིན་པོ་ཆེས་དབུ་མ་རང་རྒྱུད་པ་སྤྱི་ལྡོག་ནས་བཞག་པས་དེ་ལ་དོགས་གཞི་མེད་པ་དང་། ཀུན་མཁྱེན་གོ་རམས་པས་སེམས་ཙམ་པ་ཡིན་པར་འདོད་པ་ནི་འཐད་པ་མ་ཡིན་པར་སེམས་ཏེ། དེའི་རྒྱུ་མཚན་ནི་ཐལ་ཆེན་གསུམ་པོ་འཇུག་པའི་རྒོལ་བ་ཡིན་ན་ངེས་པར་དུ་དོན་དམ་པར་བདག་སྐྱེ་གཞན་སྐྱེ་གང་ཡང་ཁས་མི་ལེན་པ་ཞིག་ཡིན་དགོས་ཏེ། གལ་ཏེ་དོན་དམ་པར་གཞན་ལས་སྐྱེ་བ་འདོད་ཚེ་རྒོལ་བ་དེ་ལ་དོན་དམ་པའི་སྐྱེ་བ་མི་ཁེགས་པའི་ཐལ་བ་དེ་འཇུག་པའི་གོ་སྐབས་མེད་ལ། ཕས་རྒོལ་གྱིས་དོན་དམ་པར་སྐྱེ་བ་སོགས་འདོད་བཞིན་དུ་དེ་ལ་དོན་དམ་པའི་སྐྱེ་བ་མི་ཁེགས་པར་ཐལ་ཞེས་མི་འདོད་པའི་ཐལ་བ་གཏོང་དགོས་དོན་མེད་དོ། །ཡང་སེམས་ཙམ་པས་དོན་དམ་པར་སྐྱེ་བ་སོགས་འདོད་པ་ཇི་ལྟར་ཤེས་ཤེ་ན། ཀུན་མཁྱེན་མི་ཕམ་མཆོག་གིས་འཇུག་འགྲེལ་ཟླ་བའི་ཞལ་ལུང་གི་ས་བཅད་དུ།[4] དེ་ཁོ་ན་ཉིད་དུ་གཞན་སྐྱེ་འདོད་པའི་ལུགས་སྤྱིར་དགག་པ་དང་། ཞེས་སོགས་གསུངས་པས། འདིར་དེ་ཁོ་ན་ཉིད་དུ་གསུངས་པ་དེ་དོན་དམ་མིན་ན་ཅི། རྒྱུ་མཚན་དེས་ན་སེམས་ཙམ་པ་ཡང་དེ་ཁོ་ན་ཉིད་དུ་གཞན་སྐྱེ་འདོད་པའི་ནང་དུ་ཚུད་པའི་ཕྱིར་རོ། །སྤྱིར་དོན་དམ་པར་སྐྱེ་བ་མི་ཁེགས་པར་ཐལ་བ་ནི་ཕ་རོལ་པོ་དོན་དམ་པར་སྐྱེ་བ་སོགས་ཁེགས་པར་འདོད་མཁན་གཅིག་ལ་འཇུག་པ་ལས་དེ་ལས་གཞན་པ་ལ་ནི་མིན་ནོ། །དེས་ན་སེམས་ཙམ་པ་ནི་ཐལ་ཆེན་གསུམ་གྱི་རྒོལ་བ་མིན་སྙམ་མོ།།

ཡང་ཁ་ཅིག་གིས་དེ་ཡི་རྒོལ་བ་ལ་མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པའམ་སློབ་དཔོན་ལེགས་ལྡན་འབྱེད་ཁོ་ནར་འདོད་པ་དེ་ཡང་དོན་ལ་གནས་པར་མ་མཐོང་སྟེ། རྣལ་འབྱོར་སྤྱོད་པའི་དབུ་མ་པ་དང་མདོ་སྡེ་སྤྱོད་པའི་དབུ་མ་པ་གཉིས་ལ་སྐྱོན་དེ་གསུམ་པོ་འཇུག་ན་འཇུག་མཉམ་དང་མི་འཇུག་ན་མི་འཇུག་མཉམ་ཡིན་སྙམ་སྟེ། མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པ་ཁོ་ན་ལ་སྐྱོན་དེ་དག་འཇུག་པར་འདོད་མཁན་རྣམས་ཀྱིས་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་དེ་དམིགས་བསལ་གཏོང་དགོས་པའི་རྒྱུ་མཚན་གཙོ་བོ་ཡང་། ཀུན་མཁྱེན་མི་ཕམ་པའི་དབུ་མ་རྒྱན་འགྲེལ་གྱི་སྤྱི་དོན་དུ།[5] མཁན་པོའི་གཞུང་འདིར་ནི། ཐོག་མར་བདེན་གཉིས་སོ་སོར་འཇལ་བའི་ཤེས་རབ་དྲི་མ་མེད་པས་ཚུལ་གཉིས་བསྒྲུབས་ནས། མཐར་རྣམ་གྲངས་མིན་པའི་དོན་དམ་ཆེན་པོར་བདེན་གཉིས་སོ་སོར་ཞེན་པའང་བཀག་ནས། མཉམ་གཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་རྗེས་སུ་མཐུན་པར་ཁས་ལེན་ཐམས་ཅད་དང་བྲལ་བར་གཏན་ལ་ཕབ་པས་གཞུང་དེ་གཉིས་མཐར་ཐུག་གི་དགོངས་པ་ལ་དབྱེ་བསྲི་མེད་པར་མཉམ་པ་ཉིད་དོ། །ཞེས་པའི་ལུང་འདི་ལ་ལྟོས་ནས་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་ལ་སྐྱོན་དེ་གསུམ་མི་འཇུག་པར་འདོད། དེ་ནི་ཤིན་ཏུ་མི་རུང་བའི་གནས་སུ་རྟོགས་ཏེ། ལུང་དེའི་དོན་གཙོ་བོ་ནི་སྤྲོས་མཐའ་བརྒྱད་དང་བྲལ་བའི་སྟོང་ཉིད་དམ་རྣམ་གྲངས་མིན་པའི་དོན་དམ་བདེན་པའི་དབང་དུ་བྱས་ནས་དགོངས་པ་གཅིག་ཏུ་བསྒྲུབས་པ་ཡིན་ནོ། །སྐྱོན་དེ་དག་རྣམ་གྲངས་མིན་པའི་དོན་དམ་སྐབས་འཇུག་པ་མིན་པ་ནི་འོག་ཏུ་འཆད་རྒྱུ་ཡིན་པས་དེར་གཟིགས་པར་འཚལ།

ཡང་དེ་དག་ན་རེ་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་ལུགས་ལ་དོན་དམ་ལ་རྣམ་གྲངས་དང་རྣམ་གྲངས་མིན་པ་གཉིས་དབྱེ་རྒྱུ་མེད་པས་དེའི་ལུགས་ལ་མཐའ་དང་པོ་ཙམ་བཀག་པའི་སྟོང་ཉིད་མེད་དགག་དེ་དོན་དམ་བདེན་པར་འདོད་པས་སྐྱོན་དེ་འཇུག་ཅེ་ན། འདི་པའི་ལུགས་ལའང་དོན་དམ་ལ་རྣམ་གྲངས་དང་རྣམ་གྲངས་མིན་པ་གཉིས་དབྱེ་རྒྱུ་ཡོད་པ་ནི། སློབ་དཔོན་ཡེ་ཤེས་སྙིང་པོའི་དབུ་མ་བདེན་གཉིས་ནང་དུ་གསལ་ཏེ། དབུ་མ་བདེན་གཉིས་ལས།[6] སྐྱེ་ལ་སོགས་པ་བཀག་པ་ཡང་། །ཡང་དག་པ་དང་མཐུན་ཕྱིར་འདོད། །ཅེས་སྐྱེ་བ་བཀག་པའི་ཆ་དེ་འདི་པའི་ལུགས་ལའང་ཡང་དག་པའི་དོན་དང་མཐུན་པར་འདོད་པ་ལས་ཡང་དག་པའི་དོན་དངོས་སམ་གནས་ལུགས་མཐར་ཐུག་ཡིན་པ་མི་འདོད་དོ།།

ཡང་ཁ་ཅིག་ན་རེ། སློབ་དཔོན་ལེགས་ལྡན་འབྱེད་ནི་དེ་ལྟར་མ་ཡིན་པས་ཁོང་ལ་འཇུག་པས་མདོ་སྡེ་སྤྱོད་པའི་དབུ་མ་པ་ལ་འཇུག་པའི་གོ་ཆོད་དོ་ཟེར། སློབ་དཔོན་ལེགས་ལྡན་འབྱེད་ཀྱང་མཐར་ཐུག་གི་ལྟ་བ་དེ་དང་གཅིག་པར་འདོད་དེ། སློབ་དཔོན་ཟླ་གྲགས་ཀྱི་དབུ་མ་རྩ་བའི་འགྲེལ་པ་ཚིག་གསལ་ལས།[7] གཞན་ཡང་རྟོག་གེ་བ་འདིས་བདག་ཉིད་རྟོག་གེའི་བསྟན་བཅོས་ལ་ཤིན་ཏུ་མཁས་པ་ཙམ་ཞིག་ཏུ་བསྟན་པར་འདོད་པས། དབུ་མ་པའི་ལྟ་བ་ཁས་ལེན་བཞིན་དུ། ཞེས་གསུངས་པའི་དབུ་མ་པའི་ལྟ་བ་དེ་མཐའ་བྲལ་རྣམ་གྲངས་མིན་པའི་དོན་དམ་མིན་ན་གང་། དེས་ན་སློབ་དཔོན་ལེགས་ལྡན་འབྱེད་ཀྱང་དེ་ལྟར་ཁས་ལེན་ཏོ། །དེས་ན་སེམས་ཙམ་པ་དང་མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པ་ཁོ་ན་ཐལ་བ་དེ་གསུམ་འཇུག་སའི་རྒོལ་བར་ཁས་ལེན་མི་ནུས་སོ།།

ད་ནི་དེ་ཡི་རྒོལ་བར་གང་འཐད་ལ་དཔྱད་པ་ནི། དེ་ཡང་གཞུང་ཆེན་ལ་དཔྱད་ཞིབ་ཁོང་དུ་ཆུད་པའི་མཁས་པ་སོ་སོའི་འདོད་ཚུལ་མི་འདྲ་བ་མང་དུ་མཆིས་ཀྱང་། དོན་ལ་འདི་ལྟར་གནས་པར་མཐོང་སྟེ། དེ་ལ་སློབ་དཔོན་ཟླ་གྲགས་ཀྱི་དབུ་མ་ལ་འཇུག་པའི་རང་འགྲེལ་དུ་སྔ་རྒོལ་གྱི་འདོད་པ་འདི་ལྟར་བརྗོད་དེ།[8] འདིར་སྨྲས་པ། དོན་དམ་པར་སྐྱེ་བ་མེད་པས་བདག་དང་གཞན་ལས་སྐྱེས་པ་དག་ལ་རག་མོད། གཟུགས་དང་ཚོར་བ་ལ་སོགས་པ་གང་དག་མངོན་སུམ་དང་རྗེས་སུ་དཔག་པ་དག་གིས་དམིགས་པ་དེ་དག་གི་རང་བཞིན་ནི་གདོན་མི་ཟ་བར་གཞན་ལས་སྐྱེ་བར་འགྱུར་རོ། །ཞེས་སྔ་རྒོལ་གྱི་འདོད་པ་དེ་བཀོད་པ་ལ་བསམས་ན་ཐལ་ཆེན་གསུམ་འཇུག་པའི་རྒོལ་བ་ཡིན་ན་དོན་དམ་པར་ངེས་པར་དུ་སྐྱེ་བ་སོགས་ཁས་མི་ལེན་པ་ཞིག་དགོས་སྙམ་མོ། །དེ་ལྟར་དོན་དམ་པ་ལ་སྐྱེ་བ་སོགས་གང་ཡང་མེད་ཀྱང་ཐ་སྙད་དུ་སྐྱེ་བ་སོགས་བསླུ་མེད་བསྙོན་མེད་དུ་ཁས་ལེན་མཁན་ནི་དབུ་མ་རང་རྒྱུད་པ་ཡིན་ལ། དེ་ལྟར་དོན་དམ་པར་སྐྱེ་བ་སོགས་མེད་ལ་ཐ་སྙད་དུ་དེ་དག་རང་གི་མཚན་ཉིད་ཀྱིས་གྲུབ་པར་འདོད་པས་སྐྱོན་དེ་དག་འཕངས་པ་ཡིན་ནོ། །རྒྱུ་མཚན་དེས་ན་དབུ་མ་རང་རྒྱུད་པ་ལ་སྐྱོན་དེ་དག་འཇུག་པ་ཡིན་ནོ། །གནས་སྐབས་ཀྱི་ལྟ་བ་ཁས་ལེན་པའི་སྐབས་ཀྱི་དབུ་མ་པ་ཡིན་ན་དོན་དམ་པར་སྐྱེ་བ་སོགས་གང་ཡང་མེད་ཀྱང་ཐ་སྙད་དུ་དེ་དག་ཐམས་ཅད་ཡོད་པར་འདོད་དགོས་ཏེ། ཚུར་མཐོང་གི་ཚད་མ་གཙོ་བོར་སྤྱོད་པ་ཡིན་པས་སོ། །དེ་ལྟར་ཡང་མི་ཕམ་བླ་མའི་དབུ་མ་རྒྱན་འགྲེལ་གྱི་སྤྱི་དོན་ལས།[9] རྣམ་གྲངས་པའི་དོན་དམ་མེད་རྐྱང་ཙམ་ལ་གནས་ནས་ཐ་སྙད་ཚད་མས་རྙེད་དོན་གྱི་ཀུན་རྫོབ་མཚན་ཉིད་ཀྱིས་གྲུབ་པ་ནམ་ཡང་འགོག་མི་ནུས་ལ། གལ་ཏེ་བཀག་ནས་མེད་པ་ཙམ་བསྒོམས་ན་བདེན་གཉིས་ཕྱོགས་སུ་ལྷུང་སྟེ་སྣང་ཕྱོགས་ལ་སྐུར་བ་བཏབ་པས། ཞེས་སོགས་གསུངས་པས་སོ། །དེས་ན་སྐྱོན་གསུམ་མམ་ཐལ་ཆེན་གསུམ་འཇུག་པའི་རྒོལ་བ་དེ་མདོ་སྡེ་སྤྱོད་པ་དང་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་གཉིས་ཀ་ཡིན་པ་ལས། མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པ་ཡིན་གྱི་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་མིན་ཞེས་པ་ནི་ཅུང་མི་རིགས་སྙམ་མོ།།

གསུམ་པ་ཐལ་བ་གསུམ་འཇུག་ཚུལ་བསྟན་པ།

སྐྱོན་དེ་དག་དབུ་མ་རང་རྒྱུད་པ་ལ་ཇི་ལྟར་འཇུག་ཅེ་ན། དེ་ཡི་ལུགས་ལ་རྣམ་གྲངས་པའི་དོན་དམ་དང་རྣམ་གྲངས་མིན་པའི་དོན་དམ་གཉིས་ཡོད་པས་གང་གི་སྐབས་སུ་འཇུག་ཚུལ་བསྟན་པ་ནི། དང་པོ་རྣམ་གྲངས་མིན་པའི་དོན་དམ་གཏན་ལ་འབེབས་པའི་སྐབས་ཀྱི་དབུ་མ་པ་ཡིན་ན་ནི་དོན་དམ་ཁས་ལེན་ཀུན་དང་བྲལ་པའི་སྒོ་ནས་གཏན་ལ་འབེབ་དགོས་ཏེ། དབུ་མ་རྩ་བའི་འགྲེལ་པ་ཚིག་གསལ་ལས།[10] དབུ་མ་པ་ཡིན་ན་ནི་རང་གི་རྒྱུད་ཀྱི་རྗེས་སུ་དཔག་པར་བྱ་བ་རིགས་པ་ཡང་མ་ཡིན་ཏེ། ཕྱོགས་གཞན་ཁས་བླངས་པ་མེད་པའི་ཕྱིར་རོ། །ཞེས་ལུང་འདིར་དབུ་མ་པ་ཡིན་ན་ནི་ཞེས་པའི་སྐབས་ཀྱི་དབུ་མ་པ་དེ་གནས་ལུགས་མཐར་ཐུག་རྣམ་གྲངས་མིན་པའི་དོན་དམ་གཏན་ལ་འབེབས་པའི་སྐབས་ཀྱི་དབུ་མ་པ་མིན་ན་གཞན་སུ། དབུ་མ་རྒྱན་འགྲེལ་གྱི་སྤྱི་དོན་ལས།[11] མཐར་རྣམ་གྲངས་མིན་པའི་དོན་དམ་ཆེན་པོར་བདེན་གཉིས་སོ་སོར་ཞེན་པའང་བཀག་ནས། མཉམ་གཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་རྗེས་སུ་མཐུན་པར་ཁས་ལེན་ཐམས་ཅད་དང་བྲལ་བར་གཏན་ལ་ཕབ་པས་གཞུང་དེ་གཉིས་མཐར་ཐུག་དགོངས་པ་ལ་དབྱེ་བསྲི་མེད་པར་མཉམ་པ་ཉིད་དོ། །ཞེས་དབུ་མ་རང་རྒྱུད་པ་དག་ཀྱང་རྣམ་གྲངས་མིན་པའི་དོན་དམ་དེ་མཐའ་ཀུན་དང་བྲལ་བར་གཏན་ལ་ཕབ་པར་གསུངས་པས་སོ། །མཁན་ཆེན་ཞི་འཚོའི་དབུ་མ་རྒྱན་ལས།[12] ཡང་དག་ཏུ་ན་སྤྲོས་པ་ཡི། །ཚོགས་རྣམས་ཀུན་ལས་དེ་གྲོལ་ཡིན། །ཞེས་དང་། སློབ་དཔོན་ཡེ་ཤེས་སྙིང་པོའི་དབུ་མ་བདེན་གཉིས་ལས།[13] ཡང་དག་ཏུ་ན་གཉིས་མེད་དེ། །དེ་ནི་སྤྲོས་པ་མེད་པ་ཡིན། །ཞེས་གསུངས་སོ།།

གཉིས་པ་རྣམ་གྲངས་པའི་དོན་དམ་སྐབས་འཇུག་གམ་ཞེ་ན། སྐྱོན་གསུམ་མམ་ཐལ་བ་གསུམ་པོ་དེ་རྣམ་གྲངས་པའི་དོན་དམ་གཏན་ལ་འབེབས་སྐབས་འཇུག་པར་སྙམ་སྟེ། དེ་ཡང་རྣམ་གྲངས་པའི་དོན་དམ་ནི། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི་གྲུབ་མཐའ་མཛོད་ལས།[14] དོན་དམ་ལའང་ཡང་དག་པར་སྐྱེ་བ་ལ་སོགས་པ་ནི་བཀག་པ་ཙམ་ལས་སྐྱེ་མེད་ཀྱི་སྤྲོས་པ་ལས་མ་གྲོལ་བ་རྣམ་གྲངས་པའི་དོན་དམ་དང་། ཞེས་དང་། དབུ་མ་རྒྱན་འགྲེལ་འཇམ་དབྱངས་བླ་མ་དགྱེས་པའི་ཞལ་ལུང་ལས།[15] དངོས་པོ་དགག་བྱ་རྣམ་པར་བཅད་པ་འདི་ནི་ཡོད་པ་བསལ་བའི་གཞན་སེལ་རྟོག་པའི་གཟུགས་བརྙན་ཙམ་ཡིན་པས་སྤྲོས་པ་ལས་མ་འདས་ལ། ཞེས་དང་། ལུང་དེ་དག་ལ་ཁུངས་གཏུགས་ན་རྣམ་གྲངས་པའི་དོན་དམ་ནི་དོན་དམ་པར་སྐྱེ་བ་ལ་སོགས་པའམ་ཡོད་པའི་མཐའ་བཀག་ཀྱང་སྤྲོས་པ་མཐའ་དག་དང་མ་གྲོལ་ལ། དེ་དབུ་མ་རང་རྒྱུད་པས་དོན་དམ་ཡིན་པར་འདོད་དེ། དབུ་མ་རྒྱན་འགྲེལ་གྱི་སྤྱི་དོན་ལས།[16] དོན་དམ་ལ་རྣམ་གྲངས་དང་རྣམ་གྲངས་མིན་པ་གཉིས་སུ་ཕྱེ་བ་དང་། ཞེས་གསུངས་སོ། །ཡང་རང་རྒྱུད་པས་དོན་དམ་པར་སྐྱེ་བ་སོགས་གང་ཡང་མེད་ཀྱང་། ཀུན་རྫོབ་ཏུ་ཆོས་དེ་དག་རང་གི་མཚན་ཉིད་ཀྱིས་གྲུབ་པར་འདོད་ལ། དེ་ཡི་ཚེ་དེ་ལྟ་བུའི་ཀུན་རྫོབ་ཀྱི་ཆོས་ལ་རིགས་པ་གང་གིས་ཀྱང་གནོད་པ་མེད་པར་བཞེད་དེ། དབུ་མ་རྒྱན་འགྲེལ་གྱི་སྤྱི་དོན་ལས།[17] རྣམ་གྲངས་པའི་དོན་དམ་གཏན་ལ་འབེབ་བའི་སྐབས་སུ་ཚད་མ་སོ་སོའི་རྙེད་དོན་འགལ་མེད་དུ་འཛིན་པའོ། །ཞེས་དང་། རིགས་ལམ་རབ་གསལ་དེ་ཉིད་སྣང་བྱེད་ལས།[18] ཐ་སྙད་ཀྱི་སྐྱེ་བ་འདི་རང་རྒྱུད་པས་ཚད་གྲུབ་ཏུ་འདོད་ཅིང་དོན་དམ་དཔྱོད་པས་དཔྱད་ཀྱང་དེ་ལ་གནོད་པ་མེད་དེ། ཞེས་གསུངས་སོ། །དེ་ལྟར་རང་རྒྱུད་པས་ཡོད་མཐའ་ཙམ་བཀག་པའི་མེད་དགག་དེ་དོན་དམ་ཡིན་པ་དང་དེ་གཏན་ལ་འབེབས་བྱེད་ཀྱི་གཏན་ཚིགས་དེ་ཡང་དོན་དཔྱོད་རིགས་པ་ཡིན་པར་འདོད་པ་དང་། རིགས་པ་དེས་དོན་དམ་བདེན་པ་གཏན་ལ་འབེབས་སྐབས་ཐ་སྙད་ཀྱི་ཆོས་རྣམས་ལ་གནོད་པ་གང་ཡང་མེད་པར་འདོད་པས། སློབ་དཔོན་ཟླ་བ་གྲགས་པས་འཕགས་པའི་མཉམ་གཞག་དངོས་པོའི་འཇིག་རྒྱུར་ཐལ་བ་སོགས་སྐྱོན་གསུམ་བཏང་བའོ།།

རྒྱུ་མཚན་དེས་ན་རྣམ་གྲངས་པའི་དོན་དམ་གཏན་ལ་འབེབས་པའི་སྐབས་ཀྱི་དབུ་མ་རང་རྒྱུད་པ་རྣམས་ལ་ཐལ་ཆེན་གསུམ་པོ་དེ་འཇུག་པར་སྙམ་སྟེ། ཀུན་མཁྱེན་མི་ཕམ་པས་དབུ་མ་རྒྱན་འགྲེལ་འཇམ་དབྱངས་བླ་མ་དགྱེས་པའི་ཞལ་ལུང་ལས།[19] རིགས་པས་བདེན་གྲུབ་ཙམ་བཀག་པའི་བདེན་སྟོང་གི་ཤུལ་ན་མི་འགོག་རྒྱུའི་ཆོས་ཅན་དེ་ལ་རང་མཚན་མེད་པ་བཞག་ཏུ་མི་རུང་བས། རང་མཚན་གྱིས་གྲུབ་པའི་ཆོས་ཅན་དེ་མི་འགོག་ན། ཐ་སྙད་བདེན་པ་རིགས་པས་དཔྱད་བཟོད་དུ་ཐལ་བ། དོན་དམ་པའི་སྐྱེ་བ་མི་ཁེགས་པར་ཐལ་བ། འཕགས་པའི་མཉམ་གཞག་དངོས་པོའི་འཇིག་རྒྱུར་ཐལ་བ་གསུམ་གྱིས་གནོད་པས། ཞེས་སོགས་གསུངས་སོ།།

བཞི་པ་མཇུག་བསྡུ་བ་ནི།

དེ་ལྟར་གོང་དུ་བྲིས་པ་རྣམས་ནི་དཔྱད་རྩོམ་ཞིག་ཡིན་ཞེས་སྨྲ་བའི་སྤོབས་པ་ཕྲན་རང་ཉིད་ལ་མེད་ཀྱང། རང་ཉིད་ལ་དེ་ལྟར་འབྲི་ཐུབ་པའི་སྐྱེས་སྟོབས་ཀྱི་ཤེས་རབ་ནི་ནམ་མཁའི་མེ་ཏོག་ལས་དྲི་ངད་འཐུལ་བ་དང་འདྲ་སྟེ། འོན་ཀྱང་བྲི་དགོས་པའི་དོན་གཙོ་བོ་ནི་བདག་འདྲ་བའི་སློབ་གཉེར་གནང་དང་གནང་བཞིན་པ་རྣམས་ལ་དཔྱད་གཞིའི་ཚུལ་དུ་བྲིས་པ་དང་། ལྷག་པར་དུ་གུས་རང་ཉིད་ད་ལྟ་སློབ་གཉེར་བ་ཞིག་ཡིན་པས། ཉམས་མྱོང་གསོག་ཕྱིར་ཐབས་ཀྱི་ཚུལ་དུ་བྲིས་པ་ཡིན་པས། ཁོ་བོས་བྲིས་པའི་ཡིག་ཧྲུལ་དེར་ལེགས་པའི་ཆ་ཅུང་ཙམ་ཞིག་ཡོད་ན་ཀློག་པ་པོ་རྣམ་པས་ལེགས་སྐྱེས་ཀྱི་ཚུལ་དུ་ལྟ་བ་དང་། འཁྲུལ་བའམ་རྨོངས་པའི་ཚུལ་གྱིས་མ་རྟོགས་པ་མཐོང་ཚེ་ངེས་པར་དཔྱད་ཞིབ་གནང་རོགས།

འདིར་སྨྲས་པ།

ཆོས་ཀུན་གདོད་ནས་སྟོང་པའི་ངང་ཚུལ་ལ།།

མ་དག་འཁོར་བའི་སེམས་ཅན་བདེན་པར་འཁྲུལ།།

གང་གིས་དབུ་མའི་གཞུང་མཆོག་བདུད་རྩི་དེ།།

མྱངས་པས་སྲིད་པའི་ལྗོན་པ་སྤོང་བར་གྱུར།།


[1]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༥ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༡༡༠ པར་གསལ།

[2]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༥ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༡༡༢ པར་གསལ།

[3]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༥ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༡༡༤ པར་གསལ།

[4]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༥ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༨༣ པར་གསལ།

[5]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༩ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༦༢ པརགསལ།

[6]  སེར་སྨད་པར་མ། ཕྱི་ལོ་ ༢༠༡༨ དེབ་གཟུགས། ཤོག་ངོས་ ༡ པར་གསལ།

[7]  སེར་སྨད་པར་མ། ཕྱི་ལོ་ ༢༠༡༧ དེབ་གཟུགས། ཤོག་ངོས་ ༡༥ པར་གསལ།

[8]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༥ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༡༡༢ པར་གསལ།

[9]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༠༩ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༦༧ པར་གསལ།

[10]  སེར་སྨད་པར་མ། ཕྱི་ལོ་ ༢༠༡༧ ཤོག་ངོས་ ༩ པར་གསལ།

[11]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༩ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༦༢ པར་གསལ།

[12]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༩ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༢༥༡ པར་གསལ།

[13]  སེར་སྨད་པར་མ། ཕྱི་ལོ་ ༢༠༡༨ ཤོག་ངོས་ ༡ པར་གསལ།

[14]  དཔལ་བརྩེགས་པར་མ། ཐཱའི་ཝན་བསྐྱར་དཔར་མ། ཕྱི་ལོ་ ༢༠༡༧ དེབ་ཕྲེང་ ༡༥ ཤོག་ངོས་ ༩༢ པར་གསལ།

[15]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༩ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༢༥༡ པར་གསལ།

[16]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༩ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༥༠ པར་གསལ།

[17]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༩ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༥༠ པར་གསལ།

[18]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༩ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༢༩༤ པར་གསལ།

[19]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༩ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༢༥༠ པར་གསལ།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།