༤༣༽ ཆོས་ཀྱི་རྣམ་གྲངས་ལས་ཉེ་བར་མཁོ་བའི་རྣམ་གྲངས་འགའ་ཞིག

རྩོམ་སྒྲིག་པ།

རྩ་བའི་ཁ་དོག་བཞི་ནི།
དཀར་པོ། དམར་པོ། སེར་པོ། སྔོན་པོའོ།།

འབྱུང་བ་བཞི་ནི།
ས། ཆུ། མེ། རླུང་ངོ་།།

བསྡུ་བ་རྣམ་པ་བཞི་ནི།
མཁོ་བར་སྦྱིན་པ། སྙན་པར་སྨྲ་བ། འཇིག་རྟེན་དོན་མཐུན་པ། གདུལ་བྱའི་དོན་ལ་སྤྱོད་པའོ།།

བདེན་པ་བཞི་ནི།
ཤེས་བྱ་སྡུག་བསྔལ་གྱི་བདེན་པ། སྤང་བྱ་ཀུན་འབྱུང་གི་བདེན་པ། འཐོབ་བྱ་འགོག་པའི་བདེན་པ། བསྟེན་བྱ་ལམ་གྱི་བདེན་པ་བཅས་བཞིའོ།།

སྤྱོད་ལམ་རྣམ་བཞི་ནི།
ཟ་བ། འདུག་པ། ཉལ་བ། འཆག་པའོ།།

སྨན་གྱི་གཞི་བཞི་ནི།
དུས་རུང་གི་སྨན། ཐུན་ཚོད་དུ་རུང་བའི་སྨན། ཞག་བདུན་པའི་སྨན། ཇི་སྲིད་འཚོ་བཅང་གི་སྨན་ནོ།།

དུས་ཆེན་བཞི་ནི།
ཟླ་བ་འབྱུང་ངོ་ཅོག་གི་ཚེས་བརྒྱད་ནི་སངས་རྒྱས་སྨན་བླའི་དུས་ཆེན། ཚེས་བཅུ་ནི་མཁའ་འགྲོའི་དུས་ཆེན། ཚེས་བཅོ་ལྔ་ནི་སངས་རྒྱས་ཀྱི་དུས་ཆེན། གནམ་གང་ནི་སངས་རྒྱས་འོད་དཔག་མེད་ཀྱི་དུས་ཆེན་ནོ།།

སྡིག་པ་བཤགས་པའི་སྟོབས་བཞི་ནི།
རྟེན་གྱི་སྟོབས། སུན་འབྱིན་པའི་སྟོབས། ཉེས་པ་ལས་སླར་ལྡོག་པའི་སྟོབས། གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་སོ།།

སྡུག་བསྔལ་བཞི་ནི།
སྐྱེ་བའི་སྡུག་བསྔལ། རྒ་བའི་སྡུག་བསྔལ། ན་བའི་སྡུག་བསྔལ། འཆི་བའི་སྡུག་བསྔལ་ལོ།།

བདུད་བཞི་ནི།
ཕུང་པོའི་བདུད། ཉོན་མོངས་པའི་བདུད། འཆི་བདག་གི་བདུད། ལྷའི་བུའི་བདུད་དོ།།

རྟོན་པ་བཞི་ནི།
ངེས་དོན་ལ་རྟོན་པ། ཆོས་ལ་རྟོན་པ། དོན་ལ་རྟོན་པ། ཡེ་ཤེེས་ལ་རྟོན་པ་བཅས་སོ།།

ལྟུང་བ་འབྱུང་བའི་སྒོ་བཞི་ནི།
མ་གུས་པ། བག་མེད་པ། མི་ཤེས་པ། ཉོན་མོངས་མང་བའོ།།

རྒྱལ་བའི་དུས་ཆེན་བཞི་ནི།
ཆོ་འཕྲུལ་ཆེན་པོའི་དུས་ཆེན། མངོན་པར་བྱང་ཆུབ་པའི་དུས་ཆེན། ཆོས་ཀྱི་འཁོར་ལོ་བསྐོར་བའི་དུས་ཆེན། ལྷ་ལས་བབས་པའི་དུས་ཆེན་ནོ།།

འཁོར་རྣམ་པ་བཞི་ནི།
དགེ་སློང་། དགེ་སློང་མ། དགེ་བསྙེན། དགེ་བསྙེན་མ་བཅས་བཞིའོ།།

ཁ་འབབ་ཀྱི་ཆུ་བོ་བཞི་ནི།
ཡར་ཀླུང་གཙང་པོའི་ཆུ་མགོ་རྟ་མཆོག་ཁ་འབབ། ཆུ་བོ་གང་གཱའི་ཆུ་མགོ་རྨ་བྱ་ཁ་བབ། ཆུ་བོ་སིན་དྷུའི་ཆུ་མགོ་གླང་ཆེན་ཁ་འབབ། ཆུ་བོ་སི་ཏའི་ཆུ་མགོ་སེང་གེ་ཁ་འབབ་བོ།།

དགེ་སྦྱོང་གི་ཆོས་བཞི་ནི།
གཤེ་ཡང་སླར་མི་གཤེ་བ། ཁྲོ་ཡང་སླར་མི་ཁྲོ་བ། རྡེག་ཀྱང་སླར་མི་རྡེག་པ། མཚང་འབྲུ་ཡང་སླར་མཚང་མི་འབྲུ་བའོ།།

དགེ་སྦྱོང་གི་རྩ་བའི་ལྟུང་བ་བཞི་ནི།
མི་ཚངས་པར་སྤྱོད་པ། མ་བྱིན་པར་ལེན་པ། སྲོག་གཅོད་པ། རྫུན་དུ་སྨྲ་བ་སྟེ་ཕམ་པ་བཞིའོ།།

རྒྱལ་པོ་ཆེན་པོ་བཞི་ནི།
ཡུལ་འཁོར་སྲུང་། འཕགས་སྐྱེས་པོ། སྤྱན་མི་བཟང་། རྣམ་ཐོས་སྲས་སོ།།

ཕྱོགས་བཞིའི་གནས་ཆེན་བཞི་ནི།
ཤར་ན་འཇམ་དབྱངས་ཀྱི་གནས་རི་བོ་རྩེ་ལྔ། ལྷོ་ན་སྤྱན་རས་གཟིགས་ཀྱི་གནས་རི་བོ་གྲུ་འཛིན། ནུབ་ན་མཁའ་འགྲོའི་གནས་ཨོ་རྒྱན་གླིང་། བྱང་ན་རིགས་ལྡན་གྱི་གནས་ཤམ་བྷ་ལའོ།།

བར་དོའི་ཁྱད་པར་བཞི་ནི།
ལས་ཀྱི་རྫུ་འཕྲུལ་གྱི་ཤུགས་དང་ལྡན་པ། དབང་པོ་ཀུན་ཚང་བ། གང་ལའང་ཐོགས་པ་མེད་པ། རིས་མཐུན་ལྷ་མིག་དག་པས་མཐོང་བའོ།།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།