ཀ་རྩོམ་བྱིས་པའི་རང་རྣམ།

ལོ་རིམ་དྲུག་པའི་སློབ་གཉེར་བ། འཇིགས་མེད་རྒྱ་མཚོ།

ཀ་སོགས་གསལ་བྱེད་སུམ་ཅུ་ངག་ཐོག་ནས་སྐྱོར་བཞིན།།
ཁ་བ་བུ་ཡུག་འཚུབ་པའི་རི་རྩེ་རུ་ཕྱིན་ནས།།
ག་ལེར་ར་ལུག་ཁྱུ་ཞིག་མདུན་ཕྱོགས་ན་སྐྱོང་བཞིན།།
ང་རང་སྐྱིད་པའི་ལྷས་ར་དྲོད་མོ་དེར་ལོག་འགྲོ།།

ཅ་ཅོ་སྐད་གསང་མཐོན་པོའི་འུར་སྒྲ་རེ་སྒྲོག་གིན།།
ཆ་འཇོག་མེད་པའི་འབེལ་གཏམ་སྣ་ཚོགས་རེ་ཤོད་བཞིན།།
ཇ་ཆང་འདོད་ཡོན་སོགས་ལ་མགོ་བོ་རང་འཁོར་ནས།།
ཉ་ར་ཉོ་རེའི་ངང་ནས་མི་ཚེ་ཕྱེད་རྫོགས་ཐལ།།

ཏ་ཐཱ་ག་ཏའི་གསུང་གི་བདུད་རྩི་ཡི་ཆེད་དུ།།
ཐ་ན་དྲིན་ཆེན་ཕ་མ་ཐག་རིང་དུ་བཞག་སྟེ།།
ད་ལྟ་ཆ་རྒྱུས་མེད་པའི་ས་མཐའ་རུ་འཁྱམས་ནས།།
ན་ནིང་ད་ལོ་ཟེར་བཞིན་ལོ་མང་རེ་ཕྱིན་སོང་།།

པ་ཕ་ཨ་མའི་བཀའ་དྲིན་སྙིང་དབུས་ནས་དྲན་བཞིན།།
ཕ་མ་གཉིས་ཀྱི་སྙིང་གི་རེ་དོན་དེ་སྒྲུབ་ཆེད།།
བ་དན་རླུང་གིས་གཡོ་བཞིན་མི་ཡུལ་གྱི་མཐའ་ནས།།
མ་རྒན་ཕ་རྒན་གཉིས་པོ་སྙིང་དབུས་ནས་དྲན་བྱུང་།།

ཙ་ར་རིག་པའི་གནས་ལྔར་སྦྱང་བརྩོན་རེ་ཐུབ་ན།།
ཚ་རོང་ཚ་བས་གདུངས་ཀྱང་འགྱོད་པ་རེ་མི་འདུག།
རྫ་ཆུ་རོ་བཅུད་ལྡན་པས་ཚ་སྡུག་གི་དཀའ་བ།།
ཝ་ལེར་སེལ་བར་ངེས་པས་ཧུར་བརྩོན་གྱིས་འབད་དོ།།

ཞྭ་སེར་བསྟན་པའི་བདག་པོ་མ་བྱུང་ཡང་ཆོག་གི།
ཟ་ཐུང་ལྟོ་གོས་ཆེད་དུ་དམ་ཆོས་འདི་མི་གཏོང་།།
འ་ཆད་འུ་ཐུག་ཅི་འདྲ་རང་ཐོག་ཏུ་བབས་ཀྱང་།།
ཡ་རབས་དྲང་བདེན་བྱུང་ན་དེ་ག་རང་ཆོག་གི།

ར་བས་མ་བསྐོར་ཆོས་ར་ཐང་ཆེན་གྱི་དཀྱིལ་དུ།
ལ་ལ་བློ་རྩལ་རིག་པའི་རྣམ་དཔྱོད་འདི་ངོམ་བཞིན།།
ཤ་ཁྱིས་རི་དྭགས་འདེད་འདྲའི་བརྡར་ཤ་རེ་དཔྱོད་དུས།།
ས་མཐའི་བུ་ཆུང་ང་རང་ཡིད་སྨོན་རེ་ཤོར་སོང་།།

ཧ་ཧ་ཧུ་ཧུ་ཁོ་ནས་མི་ཚེ་འདི་བསྐྱལ་ན།།
ཧ་ཅང་ཐག་རིང་ས་མཐར་འགྲིམ་དོན་ནི་ཅི་ཡོད།།
ཨ་མས་དྲིན་གྱིས་བསྐྱངས་པའི་དྲིན་ལན་ཙམ་མེད་ན།།
ཨ་ཕས་ཆོས་སྒོར་བཙུད་པའི་དོན་གོ་ཞིག་ཆོད་དམ།།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།