དགོན་པའི་གྲྭ་ཕྲུག་ཚོར་ལྟ་སྐྱོང་བྱེད་པ་ནི་རིན་པོ་ཆེ་ལ་ཐད་ཀར་བསྙེན་བཀུར་ཕུལ་པ་དང་ཁྱད་པར་མེད།

ལོ་རིམ་དགུ་པའི་སློབ་གཉེར་བ། བསམ་གྲུབ་ཚེ་རིང་།

དེ་རིང་ངས་དུས་དེབ་པདྨའི་རང་མདངས་ཀྱི་གླེང་སྟེགས་འདིའི་བརྒྱུད་ནས་མགོ་མཇུག་མེད་པའི་སྐད་ཆ་འགའ་ཤོད་འདོད་བྱུང་། དེ་ནི་བྱིས་པར་ལྟ་སྐྱོང་བྱེད་མཁན་དང་འབྲེལ་བ་ཡོད་སྲིད། བྱིས་པ་ཚོའི་མི་ཚེའི་མཇུག་འབྲས་མཛེས་ཤིང་ཕུན་སུམ་ཚོགས་པ་ཞིག་དང་། རླབས་ཆེ་བའི་མཛད་རྗེས་འཇོག་མཁན་གྱི་མི་སྣ་ཞིག་ཏུ་འགྱུར་དང་མི་འགྱུར་ནི་རྩ་བ་སློབ་གསོ་ལ་ཐུག་ཡོད། སྤྱིར་སློབ་གསོ་ནི་ཤིན་ཏུ་གཞི་རྒྱ་ཆེ་བའི་སློབ་ཚན་ཞིག་ཡིན་པས་ངས་ཁོར་ཡུག་འདི་ལ་མཁོ་བའི་གནད་དོན་འགའ་ཞིག་ལ་གླེང་མོལ་བྱས་ན་བསམས་བྱུང་།

དང་པོ། ཚད་ལས་འདས་ན་བྱིས་པའི་ལུས་སེམས་ལ་གནོད་སྐྱོན་ལས་ཕན་པ་གང་ཡང་མེད།

དེེང་སང་སྤྱི་ཚོགས་ནང་འཚོ་བའི་གནོན་ཤུགས་ཀྱི་རྐྱེན་པས་གོ་ལའི་མི་ཀུན་བྲེལ་འཚུབ་ཀྱིས་སྡོད་ལོང་མེད་པར་འགྱུར་བཞིན་ཡོད་པས། དེར་བརྟེན་སྤྱི་ཚོགས་ཀྱི་རྐྱེན་གྱིས་ཡིན་ནམ་ཡང་ན་རྒྱུ་མཚན་གཞན་ཡང་ཡོད་ཆོག་མོད། རྩ་བའི་ཆ་ནས་ང་ཚོའི་གཞི་རིམ་སློབ་གྲྭ་ལྟ་བུར་མཚོན་ན་གྲུབ་དབང་རིན་པོ་ཆེས་བཀོད་སྒྲིག་གནང་བའི་ཉིན་ཞག་གཅིག་གི་དུས་ཚོད་རེའུ་མིག་དེ་བྱིས་པ་ཚོར་ཚད་ལ་རན་པའམ་ཏག་ཏག་ཅིག་རེད། ཡིན་ཡང་དེའི་སྟེང་དུ་གྲྭ་ཕྲུག་ཚོའི་འགན་འཁུར་རམ་ཅོ་ཅོ་སོགས་ཀྱིས་སློབ་གྲྭའི་བར་སེང་རྣམས་བེད་སྤྱད་དེ་ཕྲུ་གུ་ཚོར་ཞིབ་ནན་གྱིས་བློ་རྒྱུགས་ལེན་པ་དང་། རྫོགས་རྒྱུ་མེད་པའི་སློབ་ཁྲིད་བྱེད་པ། སློབ་གྲྭའི་དགེ་རྒན་གྱིས་གནང་བའི་ལས་བྱའི་སྟེང་ཁ་སྣོན་བྱས་ཏེ་ཚད་མེད་པ་ཞིག་སྦྱོང་དུ་བཅུག་པ་དག་ནི་འགན་འཁུར་བ་ཚོས་བྱིས་པའི་སློབ་སྦྱོང་ལ་ཡར་ཐོན་དང་བློ་རྒྱ་འཕེལ་བའི་ཐབས་ལམ་རྨད་དུ་བྱུང་བ་ཞིག་ཏུ་རློམ་བཞིན་ཡོད་ཀྱང་། དེ་ནི་བྱིས་པ་ཚོའི་ལུས་སྟོབས་དང་ཀླད་པའི་ཚད་གཞི་ལས་བརྒལ་བས་འབྲས་བུ་ནི་ནམ་ཡང་ལྡོག་ཕྱོགས་ནས་སྨིན་བཞིན་ཡོད་པ་རེད།

ནུབ་ཕྱོགས་པའི་སློབ་གསོ་བ་ཞིག་གིས་འདི་འདྲ་ཞིག་གསུངས་ཡོད། “གཞོན་སྐྱེས་ན་ཆུང་དག་གིས་འདི་ལྟའི་ཛ་དྲག་པའི་འགྲན་རྩོད་ཁྲོད་འབྲས་བུ་ལེགས་པོ་ཞིག་ལོན་ཆེད། ཁོ་ཚོ་ཡོད་སའི་སློབ་གྲྭ་དང་ཕ་མ་དག་གིས་བསམ་གཟས་ནས་སྦྱོང་བརྡར་ནན་མོར་བགྱི་བའི་ཐབས་ལམ་སྣ་ཚོགས་ཨེ་རྙེད་ལ་འབད་བཞིན་ཡོད་མོད། འབྲས་བུ་ནི་ནམ་ཡང་ལྡོག་ཕྱོགས་ནས་སྨིན་བཞིན་ཡོད་པ་རེད།” ཅེས་གསུངས། བློ་ནུས་དང་ལུས་སྟོབས་ཀྱི་ཚད་ལས་བརྒལ་ཚེ་ཤེས་བྱ་གསོག་ཉར་བྱེད་མི་ཐུབ་པ་དང་། བྱིས་པ་ཚོས་ཧ་ཅང་ཧུར་བརྩོན་བྱས་པ། རྣམ་རིག་བསྒྲིམས་དྲགས་པ་སོགས་ཀྱིས་རྒྱུན་དུ་མགོ་ཡོམ་འཁོར་བ་དང་། སྙིང་འཕར་སྐྱུག་མེར་ལངས་པ། གཉིད་མི་ཁུག་པའི་ནད་ཚབས་ཆེན་གྱི་གནས་ཚུལ་དང་ཕྲད་པས་ག་ལེར་བྱིས་པ་དེ་ཚོ་སློབ་སྦྱོང་ལ་སུན་སྣང་སྐྱེས་ཏེ་སྤྲོ་སྣང་ཡལ་བར་འགྲོ་ངེས་པ་རེད།

 “ཡིན་གཅིག་སྦྱོང་དགོས་ཡོད། མ་སྦྱངས་ན་མི་འགྲིག ངེས་པར་དུ་ཤེས་དགོས་ཡོད།” ཅེས་པའི་བཙན་ཤེད་དེ་མང་དྲགས་པ་ཡིན་ན་བྱིས་པའི་སེམས་ལ་མི་འདོད་ཐོག་ཏུ་བབས་པས་བདེ་འཇགས་མེད་པའི་ས་གནས་ཟིང་འཁྲུག་གི་རང་བཞིན་ཞིག་ཏུ་བསླེབས་པ་དང་གཅིག་མཚུངས་ཡིན་པས། དེས་རྐྱེན་གྱིས་བྱིས་པར་ཤེས་བྱའི་ཁོར་ཡུག་འབྲལ་འདོད་དང་སུན་སྣང་སྐྱེས་ཡོང་གི་ཡོད། ད་དུང་བྱིས་པར་བཙན་གྱིས་སྦྱོང་དུ་བཅུག་པ་ནི་ཉེས་ཚབས་ཤིན་ཏུ་ཆེ་བ་ཡིན། དེ་ཡང་ནུབ་ཕྱོགས་པའི་སློབ་གསོ་བ་ཞིག་གིས་འདི་ལྟར་“བྱིས་པ་འཚར་ལོངས་འབྱུང་བའི་སྐབས་ལ། ཚད་བརྒལ་སློབ་གསོ་དང་ཚད་འདས་སློབ་སྦྱོང་། དེ་མིན་བློ་ཡི་བུམ་པར་ཤེས་བྱ་གང་ཡོད་བཙན་གྱིས་ལྡུག་པ་སོགས་ཀྱི་གནོད་སྐྱོན་དངོས་རྟོགས་ན་སྙམ། གནོད་སྐྱོན་འདི་ལས་འབྱུང་སྲིད་པ་ནི། དུས་ཡུན་རིང་པོ་མ་འགོར་བར་གཏིང་བརྗེད་དུ་འགྲོ་བ། ཤེས་བྱར་ཡི་ག་འགག་པ་དང་རང་ལ་ཡིད་ཆེས་མེད་པར་འགྱུར་བ། ཤེས་བྱའི་སྒྲིག་བཀོད་ཀྱི་ནུས་པར་མཐོང་ཆུང་བྱེད་པ། འཚར་ལོངས་འབྱུང་བཞིན་པའི་ལུས་སེམས་ལ་གནོད་སྐྱོན་གཏོང་བ། ལེགས་འགྲུབ་བྱུང་རུང་གསབ་མི་ནུས་པ་དང་ཕམ་ཁ་ཉོས་ཚེ་ལྷག་པར་ཉམ་ཐག་པར་འགྱུར་བ་སོགས་རེད།”ཅེས་གསུངས། དེས་ན་ཚད་ལས་བརྒལ་ན་འབྲས་བུ་ལྡོག་ཕྱོགས་ནས་སྨིན་བཞིན་ཡོད་པས་ལམ་ལུགས་དེ་ལ་འགྱུར་བ་ཞིག་གཏང་དགོས་པའི་དུས་ལ་བསླེབས་འདུག

གཉིས་པ། ཁོར་ཡུག་འདིར་བྱིས་པ་ཚོའི་འགན་འཁུར་བའམ་ཅོ་ཅོ་ནི་ཕ་མ་བཟང་པོའི་ངོ་ཚབ་ཡིན།

ང་ཚོའི་ཁོར་ཡུག་འདིའི་བྱིས་པ་དག་ནི་ཕ་མ་གཉིས་དང་རྒྱང་ཐག་རིང་བས་འགན་འཁུར་བའམ་ཅོ་ཅོ་རྣམས་ཀྱིས་ཕ་མ་བཟང་པོ་ཞིག་གི་ངོ་ཚབ་བྱ་དགོས་པ་ནི་གནད་དོན་གལ་ཆེན་ནང་གི་དོན་ཆེན་ཞིག་ཡིན། འོ་ན་ག་འདྲ་ཞིག་ལ་ཕ་མ་བཟང་པོ་ཟེར་རམ་ཞེ་ན། བྱིས་པའི་ཤེས་ཡོན་དང་། བདེ་འཇགས། ཀུན་སྤྱོད་སོགས་ལ་འགན་འཁྲིའམ་ཐུགས་ཁུར་གནང་མཁན་དག་ཕ་མ་བཟང་པོ་རེད་ཟེར་ན་ཆོག སློབ་གྲྭའི་སློབ་ཚན་དག་ལ་བྱིས་པས་ག་ཚོད་ཤེས་ཡོད་མེད་ཐད་ལ་བསམ་གཞིག་གནང་རྒྱུ་དང་། མ་གཞི་བྱིས་པའི་བློ་རིག་ལ་སྣ་ཚོགས་ཡོད་ཆོག ཚང་མ་གཅིག་མཚུངས་ནི་དུས་ནམ་ཡང་ཡོང་མི་སྲིད། དེས་ན་བྱིས་པར་སྐབས་རེར་ཡོན་ཏན་དང་སྐྱོན་གྱི་ཆ་འབྱུང་བ་ཐག་ཆོད་རེད། ཡོན་ཏན་འབྱུང་དུས་ཡིན་གཅིག་བསྔགས་བརྗོད་བྱ་དགོས་པ་ནི་སྨོས་ཅི་དགོས། དེ་ནི་སླད་མར་མུ་མཐུད་ནས་ཡོན་ཏན་ཕྱོགས་སུ་གོམ་པ་སྤོ་བ་དང་། རང་ཉིད་རང་ལ་ཡིད་ཆེས་ཐོབ་པའི་དགོས་པ་ཡོད།

འོན་ཀྱང་དུས་རྒྱུན་ང་ཚོས་བྱིས་པར་སྐྱོན་ཆ་འབྱུང་དུས་ལམ་སང་མཛུབ་མོ་བཙུགས་ཏེ་རང་སྣང་གང་ཤར་གྱིས་སྨད་ཚིག་བརྗོད་བཞིན་དམའ་འབེབས་གཏོང་གིན་ཡོད། དེས་ནི་བྱིས་པར་རང་ཉིད་རང་ལ་ཡིད་ཆད་པ་དང་སེམས་ཤུགས་ཆག་པ་སོགས་འབྱུང་གིན་ཡོད། སྐབས་དེ་དུས་ང་ཚོས་བྱིས་པར་སྐྱོན་བརྗོད་ཀྱི་ཚབ་ཏུ་འདི་འདྲ་ཞིག་བརྗོད་ན་ཕན་ངེས། སྐྱོན་གྱི་ཆ་ནི་མི་སུ་ལའང་བྱུང་མྱོང་བ་ཞིག་རེད། ཁྱོད་རང་གཅིག་པུ་མིན། རྗེས་ནས་ང་ལ་ཁྱོད་ཀྱིས་དོན་སྙིང་མེད་པའི་ལས་ཀ་སྒྲུབ་མི་སྲིད་པའི་ཡིད་ཆེས་ཡོད་ཅེས་བརྗོད་ནས་བྱིས་པའི་རང་བཀུར་འདུ་ཤེས་ལ་སྲུང་སྐྱོབ་བྱ་དགོས་པ་ཡིན།

ནུབ་ཕྱོགས་པའི་སློབ་གསོ་བ་ཞིག་གིས་འདི་འདྲ་ཞིག་གསུངས་ཡོད། སློབ་གསོའི་ཐབས་ལམ་གྱིས་དུས་རྒྱུན་འདི་འདྲའི་རང་བཀུར་འདུ་ཤེས་མེད་བརླག་ཏུ་གཏོང་བའམ་འཇོམས་པར་བྱེད་ཀྱིན་ཡོད་པ་དཔེར་ན། བྱིས་པ་ཞིག་གིས་དགའ་བ་འབུམ་འགྱུར་ངང་“ང་མི་ག་གེ་མོའི་རྗེས་ཆོད་པར་བྱ་རྒྱུ།” ཞེས་བརྗོད་སྐབས། སློབ་གསོ་བ་འགའ་རེས་“ཁྱོད་ཀྱིས་རྨི་ལམ་མ་རྨི་ཨང་།” ཞེས་པའི་ལན་སྟེར་ངེས་པ་དང་། བྱིས་པས་“ད་ནས་བཟུང་ངས་འདི་ལྟ་བུའི་བླུན་པོའི་བྱེད་ལས་སྒྲུབ་མི་སྲིད།” ལབ་དུས། ཕ་མ་ཁ་ཤས་ཀྱིས་“ཁྱོད་ཀྱིས་དེ་བཞིན་ནུས་ན་བྱ་ཕོས་ཀྱང་སྒོ་ང་གཏོང་སྲིད།” ཅེས་ལན་སློག་པ། ཡང་བྱིས་པས་ཐེངས་འགར་རྒྱུགས་མ་འཕྲོད་ཚེ་ཁོའི་ཕ་མ་གཉིས་ཀྱིས་མཛུབ་མོ་འཛུགས་བཞིན་“ང་ཁྱོད་ཡིན་ཚེ་ལྕེབས་ཀྱང་སྲིད།” “ཁྱོད་འདི་འདྲའི་བླུན་པོ་ཞིག་ཡིན་ཅི་ཉེས་”ཞེས་སེམས་ཕམ་པའི་སྡུག་ལབ་རྒྱག་པར་བྱེད་པ་ལྟར་རོ། །ཞེས་གསུངས།

གཞན་ཡང་ཅོ་ཅོ་ཚོས་སྐབས་རེར་བྱིས་པར་སློབ་གསོ་གནང་རྒྱུ་དང་། རང་ཉིད་ཀྱིས་ཀྱང་དཔེ་ཀློག་གནང་བ། བྱིས་པར་སློབ་སྦྱོང་ལ་སྤྲོ་སྣང་སྐྱེད་དུ་འཇུག་པ། བྱིས་པའི་སྔུན་དུ་ཤེས་བྱར་ཆེས་མཐོང་ཆེན་བྱེད་པ་སོགས་བྱས་ན། ཁྱོད་རང་གིས་བྱིས་པར་བག་ཆགས་བཟང་པོ་ཞིག་འཇོག་ངེས་པ་རེད། དེ་ནི་བྱིས་པའི་ཤེས་ཡོན་ལ་འགན་འཁྲི་གནང་བ་ཞིག་ཡིན། དེ་ནས་ཅོ་ཅོ་ཚོས་བྱིས་པར་སློབ་གསོ་གནང་བ་གལ་ཆེ་ཡང་། བཙན་ཤེད་བྱེད་པ་ནི་སློབ་གསོའི་ལྡོག་ཕྱོགས་ཡིན་པས་འབྲས་བུ་ལེགས་པོ་ཞིག་ཐོབ་མི་སྲིད། བོད་ཀྱི་སློབ་གསོ་བ་ཞིག་གིས་འདི་འདྲ་ཞིག་གསུངས་ཡོད། “རང་འདི་བྱ་དགོས་ཡོད།” “རང་འདི་མ་བྱས་ན་ཐབས་མེད།” “ངས་འདི་འདྲ་བྱས་པ་ཡིན་རང་གིས་ཀྱང་འདི་འདྲ་བྱ་དགོས་ཡོད།” ཅེས་བཙན་ཤེད་ཀྱི་རང་བཞིན་ཅན་འདི་ལ་ལྡོག་ཕྱོགས་ཀྱི་སློབ་གསོ་ཟེར།

བྱིས་པའི་སེམས་ནང་ལ་བྱ་དགོས་ཡོད་ཅེས་བཙན་ཤེད་བཏང་བ། མ་བྱས་ན་ཐབས་མེད་ཅེས་འདི་འདྲ་བཀའ་མོལ་གསུངས་དྲགས་པ་ཡིན་ན། བྱིས་པའི་སེམས་ནང་ལ་བདེ་འཇགས་ཀྱི་བསམ་བློ་བརླག་འགྲོ་བ་རེད། དེ་ནས་བྱིས་པས་ཨ་མ་ལགས་ཀྱིས་ནམ་རྒྱུན་ང་ལ་སྲུང་སྐྱོབ་བྱེད་ཀྱི་མེད། དོ་སྣང་གནང་གི་མེད། མི་འདོད་པ་རྐྱང་རྐྱང་བྱེད་དུ་འཇུག་གི་ཡོད་བསམས་བྱས། དུས་དེ་ནས་བཟུང་བྱིས་པའི་སེམས་ལ་སོ་སོ་ལ་རེ་བ་དང་སྐྱབས་འཆོལ་ས་མེད་པ། ཐ་ན་སེམས་ནང་གི་སྐད་ཆ་ཤོད་ས་མ་རག་ནས་ཧ་ཅང་གིས་དཀའ་ངལ་འཕྲད་བཞིན་ཡོད། བྱས་ཙང་ཕ་མ་གཉིས་ཀྱི་ངོས་ནས་བྱིས་པར་གང་ཞིག་བྱ་དགོས་ཤེ་ན། སློབ་གསོའི་ལམ་ལུགས་ལ་བཀའ་མོལ་འདི་འདྲ་ཞིག་གསུངས་ཡོད། རྫ་མ་བཟོས་པ་དང་ཤིང་སྡོང་བཏབ་པ་ལྟ་བུ། རྫ་མ་ནང་བཞིན་བཟོ་རྒྱུ་མེད། རྫ་མཁན་གྱིས་རྫ་མ་བཟོ་དུས་རང་གིས་སེམས་ལ་ཇི་ལྟར་བསམས་པ་བཞིན་བཟོ་བ་དང་། ཡིན་ཡང་ལྕང་མ་འདེབས་དུས་དེ་འདྲ་མ་ཡིན། སོ་སོའི་སེམས་ནང་ལ་བསམས་པ་ནང་བཞིན་འདེབས་ཐུབ་ཀྱི་མ་རེད། གང་ཡིན་ཟེར་ན་སྐྱེ་བའི་རང་དབང་དེ་ལྕང་མ་ལ་ཡོད་པ་མ་གཏོགས་མི་ལ་མེད་པས་རེད། དེ་ཡིན་དུས་ཕ་མ་ཚོས་བྱིས་པ་གསོ་སྐྱོང་བྱེད་སྐབས་ངེས་པར་དུ་ལྕང་མ་འདེབས་པ་ནང་བཞིན་རང་དབང་ཤུགས་ཆེ་བ། རྩི་འཇོག་ཤུགས་ཆེ་བ། བྱམས་བརྩེ་ཤུགས་ཆེ་བ། བྱིས་པར་སྟུན་ཡ་ཤུགས་ཆེ་བ་འདི་འདྲ་གནང་སོང་བ་ཡིན་ན། གཞི་ནས་བྱིས་པས་ང་ལ་དཀའ་ངལ་ཕྲད་ན་ཨ་མ་ལགས་ལ་ཞུ་ས་ཡོད། ང་ལ་མིས་དབང་ཡོད་བྱས་ན་པ་ལགས་ལ་ཞུ་ས་ཡོད། ང་ལ་སློབ་སྦྱོང་ཐོག་ལ་སྐབས་སྐབས་སུ་ཕམ་ཉེས་བྱུང་སོང་ན། ཕ་མ་གཉིས་ཀྱིས་ཀྱང་ང་ལ་རྒྱབ་སྐྱོར་གནང་གི་རེད་བསམས་བྱས་བདེ་འཇགས་ཀྱི་བསམ་བློ་ཞིག་གཞི་ནས་བསླེབས་ཡོང་གི་རེད། ཅེས་གསུངས་ཡོད། དེས་ན་ང་ཚོའི་ཁོར་ཡུག་འདིའི་ཅོ་ཅོ་ཚོས་བྱིས་པར་རང་དབང་ཤུགས་ཆེ་བ། རྩི་འཇོག་ཤུགས་ཆེ་བ། བྱམས་བརྩེ་ཤུགས་ཆེ་བ། བྱིས་པར་སྟུན་ཡ་ཤུགས་ཆེ་བ་འདི་འདྲ་གནང་སོང་བ་ཡིན་ན། དཀའ་ངལ་ཕྲད་ན་ཞུ་ས། དབང་ཡོད་བྱས་ན་ཞུ་ས། ཕམ་ཉེས་བྱུང་ན་རྒྱབ་སྐྱོར་གནང་མཁན་ཞིག་ཆགས་ངེས་རེད། དེ་དུས་ཁྱོད་རང་གིས་བྱིས་པའི་བདེ་འཇགས་ཀྱི་འགན་འཁྲི་གཙང་མ་ཞིག་གནང་བཞིན་ཡོད་པ་རེད་ལ་ཕ་མ་བཟང་པོ་ཞིག་ཀྱང་རེད།

 སྐབས་འདིར་ངས་ནུབ་ཕྱོགས་པའི་སློབ་གསོ་བ་ཞིག་གིས་གནང་བའི་མན་ངག་འགའ་ཞིག་ཞུ་སྙིང་འདོད་བྱུང་། དེ་ནི་ང་ཚོས་ངེས་པར་དུ་ཤེས་དགོས་པའི་གནད་དོན་ཞིག་ཡིན། འདི་ལྟར་ངའི་བསམ་པར། བྱིས་པའི་རང་བཀུར་འདུ་ཤེས་ལ་སྲུང་སྐྱོབ་བྱེད་པའི་ཐད་ནས། ཕ་མ་དང་དགེ་རྒན་དག་གིས་གཤམ་གྱི་སྐད་ཆ་འདི་རིགས་མང་དུ་ལབ་ན་འོས་ཤིང་འཚམས་སྙམ། “དེའི་རྗེས་ཆོད་རྒྱུ་སླ་མོ་ཞིག་ཡིན་མོད། འོན་ཀྱང་དེ་ལས་གལ་ཆེ་བ་ནི་ཁྱོད་ནི་ཁྱོད་ཡིན་པ་བརྗེད་མི་ཉན་ཏེ་གཞན་དང་མི་མཚུངས།” “བླུན་པོའི་ལས་ཀ་ནི་མི་སུ་ཡིན་ཡང་བསྒྲུབས་མྱོང་བ་ཞིག་རེད། ཁྱོད་ཀྱིས་ད་ལྟ་འདི་རྟོགས་སོང་། ང་རང་ལ་ཁྱོད་ཀྱིས་ཐེངས་གཉིས་པར་དོན་སྙིང་མེད་པའི་ལས་ཀ་སྒྲུབ་མི་སྲིད་པའི་ཡིད་ཆེས་ཡོད།” “ཁྱོད་བླུན་པོ་མ་ཡིན་ཏེ། གཙོ་བོ་འདིའི་ཐད་ལ་བཏོན་པའི་དུས་ཚོད་དང་སེམས་ཤུགས་ཉུང་དྲགས་པས་རེད།” འོ་འདི་དག་ནི་བྱིས་པར་སྐྱོན་གྱི་ཆ་བྱུང་ཚེ་སྐབས་དང་བསྟུན་ནས་བེད་སྤྱོད་གནང་རྒྱུའི་མན་ངག་རྩ་ཆེན་ཡིན། ཁྱོད་ཀྱིས་མ་བརྗེད་པ་གནང་རོགས་ཞུ།

གསུམ་པ། ནོར་འཁྲུལ་ཚབས་ཆེན་བསགས་པའི་བྱིས་པར་ལྷག་ཏུ་བདག་གཉེར་བྱ་དགོས་པ་དང་། བཙན་ཤེད་དང་གཅར་རྡུང་ནི་ཆེས་ཐབས་རྡུགས་པའི་ལས་ཤིག་ཡིན།

ནོར་འཁྲུལ་ཚབས་ཆེན་ནི། གཞན་དངོས་རྐུ་བ། ནམ་རྒྱུན་རྫུན་བཤད་པར་ལོབས་པ། རྫས་ངན་རིགས་ལ་ལོབས་པ་སོགས་ཡིན། ང་ཚོས་ནམ་རྒྱུན་ནོར་འཁྲུལ་ཚབས་ཆེན་ལྡན་པ་སུ་ཞིག་དང་ཕྲད་ཚེ་བྱ་ཐབས་ཟད་པའི་སྣང་བ་སྐྱེ་བཞིན་ཡོད། དེར་བརྟེན་འགན་འཁུར་བའམ་ཅོ་ཅོ་རིགས་ཤིག་གིས་རང་གི་ཕྲུ་གུར་ནོར་འཁྲུལ་ཚབས་ཆེན་དང་ལྡན་པར་ཤེས་རྟོགས་བྱུང་ཚེ་འཕྲལ་དུ་ཕྲུ་གུ་དེ་དང་འབྲེལ་མེད་བྱེད་པ། ཡང་ན་ཕྲུ་གུར་སྤྱོད་ལམ་འདི་རིགས་བྱུང་བའི་རྒྱུ་རྐྱེན་ལ་བསམ་གཞིག་གཏན་ནས་མི་བྱེད་པར་ཐད་ཀར་གཅར་རྡུང་བྱས་ནས་ཐབས་འདི་ཁོ་ནར་འཐུས་ཚང་སྐྱོན་མེད་དུ་བསམས་ནས་ལག་བསྟར་བྱེད་བཞིན་ཡོད། བྱིས་པར་གཅར་རྡུང་བྱས་ན་འགན་འཁུར་བ་དང་བྱིས་པའི་བར་གྱི་འབྲེལ་བ་རིང་དུ་བཀྱེད་པ་དང་། བྱིིས་པར་མགོན་མེད་ཀྱི་སྣང་བ་དང་འཁོན་སེམས་ཀྱང་ཇེ་ཆེར་འགྲོ་ངེས། གལ་ཏེ་འགན་འཁུར་བ་དང་ཕྲུ་གུའི་བར་གྱི་བརྩེ་སེམས་ཡལ་ཚེ་སློབ་གསོ་ཡང་ནུས་མེད་དུ་གྱུར་པ་རེད། རྒྱུ་མཚན་དེས་ན་ཐབས་ལམ་དེ་དག་ལོག་པ་ཡིན་པ་ཤེས་དགོས་པ་ཡིན། ནུབ་ཕྱོགས་པའི་སློབ་གསོ་བ་ཞིག་གིས་འདི་འདྲ་ཞིག་གསུངས་ཡོད། “ཕ་མའམ་བུ་ཕྲུག་གང་ཞིག་ཡིན་ཡང་། རྒྱུ་རྐྱེན་མི་འདྲ་བར་བརྟེན་ནས་ཁོང་ཁྲོ་ལངས་པ་ལ་གནོད་པ་བརྒྱ་ལས་བཟང་ཆ་གཅིག་ཀྱང་མེད།” ཅེས་དང་། བློ་རིག་གསོ་སྐྱོང་ཐད་ནས། རྒྱུ་རྐྱེན་ཅི་ཞིག་ཡོད་རུང་ལུས་ཆད་གཅོད་པ་ལ་འཛེམ་དགོས་ཏེ། རྒྱུ་མཚན་དོན་དངོས་སྣ་ཚོགས་དང་ཞིབ་འཇུག་ལས་བདེན་དཔང་བྱས་པ་ནི་དེ་ཉིད་ཕན་མེད་དགོས་མེད་འབའ་ཞིག་ཡིན་པས་སོ། །”ཞེས་གསུངས། དེས་ན་སྤྱོད་ལམ་འདི་རིགས་ཀྱི་རྒྱུ་རྐྱེན་ངོ་མ་ནི་ཕ་མ་དག་གི་སྙོར་སྐྱོང་བྱེད་ཐབས་དྲང་ལམ་དུ་མ་སོང་བའི་རྐྱེན་གྱིས་འབྱུང་གིན་ཡོད་པས། སྙོར་སྐྱོང་བྱེད་ཐབས་བྱེད་ལུགས་ལ་ཐུགས་སྣང་དགོས་པ་གལ་ཆེན་ཡིན། ནུབ་ཕྱོགས་པའི་སློབ་གསོ་བ་ཞིག་གིས་འདི་འདྲ་ཞིག་གསུངས་ཡོད། “བྱིས་པ་གང་མང་ཞིག་ལ་གནད་དོན་འདི་རིགས་བྱུང་བ་ནི་ཁྱིམ་བདག་གི་སྙོར་སྐྱོང་བྱེད་ཐབས་ཚགས་སུ་མ་ཚུད་པས་བྱུང་བ་རེད།” ཅེས་བརྗོད་ཡོད།

བྱིས་པ་དེ་དག་ལ་ལྷག་ཏུ་བདག་གཉེར་བྱེད་དགོས་པའི་དཔེ་མཚོན་འགའ་ཞུ་ཆོག རྣམ་གླིང་ངག་རྒྱུན་ལོ་རྒྱུས་ལས།[1] དེའི་སྐབས་སུ་ང་ཚོ་གྲྭ་པ་དེ་ཚོའི་ནང་ལ་ཞི་ཁྲོ། ཚེ་ཆོག་གི་དཔེ་ཆ་དཀོན་པོ་ཡིན་དུས་གྲྭ་པ་གཅིག་གིས་གཞན་དག་གི་དཔེ་ཆ་རྐུན་མ་བརྒྱབས་རེད། དེའི་དུས་ངའི་རོགས་པ་མཁན་ཆེན་ཚེ་དབང་རྒྱ་མཚོ་རེད། གྲྭ་པ་དེ་ཕུད་ཡ་ཐག་བཅད་ནས་རིན་པོ་ཆེའི་སྐུ་མདུན་ལ་བཅར་བ་ཡིན། རིན་པོ་ཆེ་ཡིས། ཁྱེད་ཚོས་ཁོ་ཕུད་ཡ་བྱས་ཡིན་ས་རེད། ཕུད་བཞག་ན་ག་བ་འགྲིག་གི་རེད། ཁོ་འདི་ནས་ཕུད་བཞག་ན་ཁོས་ཕྱི་ལོགས་ལའང་རྐུ་རྒྱག་གི་རེད། དེ་ལས་ཁོ་རྐུ་མི་རྒྱག་མཁན་ཞིག་བཟོ་དགོས་རེད་མ་གཏོགས་རྐུན་མ་རྒྱག་གི་འདུག་ཟེར་ནས་ཕུད་བཞག་ན་ག་བ་འགྲིག་གི་རེེད་གསུངས་ནས་བཀའ་བཀྱོན་གནང་སོང་།

ཡང་དཔེ་མཚོན་གཞན་ཞིག་ཞུས་ན། སྔོན་རྒྱ་ནག་ནང་རྒན་ཞིག་དང་དགེ་ཕྲུག་ཅིག་ཡོད། དགེ་ཕྲུག་དེས་ཉིན་ལྟར་རྐུ་རྒྱག་གི་ཡོད་པ་རེད། དགེ་རྒན་དེས་གནས་ཚུལ་དེ་དག་ཤེས་རྟོགས་བྱུང་ནས་ཉིན་ལྟར་དགེ་ཕྲུག་གི་མཐོང་སར་རྒྱ་སྒོར་བརྒྱ་རེ་བཞག་གི་ཡོད། དགེ་ཕྲུག་གིས་དགེ་རྒན་གྱིས་བཞག་པའི་དངུལ་སྒོར་དེ་རྒྱུན་དུ་རྐུ་རྒྱག་གི་ཡོད། ཉིན་ཞིག་དགེ་ཕྲུག་གིས་རྒན་ལགས་ལ་ཞུས་པ། རྒན་ལགས། ངས་ཉིན་ལྟར་ཁྱེད་ཀྱི་དངུལ་སྒོར་བརྐུས་པ་དེ་ཁྱོད་ཀྱིས་ཤེས་བཞིན་ཅི་ཡང་མི་ཟེར་བ་གང་ཡིན་ནམ་ཞེས་དྲིས། སྐབས་དེར་དགེ་རྒན་ན་རེ། ཁྱོད་ནི་རྐུ་རྒྱག་དགོས་མཁན་ཞིག་རེད། བྱས་ཙང་ངས་ཁྱོད་ལ་བརྐུ་རྒྱུའི་ཆེད་དུ་བཞག་པ་རེད་ཅེས་གསུངས། དུས་དེ་ནས་བཟུང་དགེ་ཕྲུག་གིས་རང་གི་ནོར་འཁྲུལ་ཚབས་ཆེན་གྱི་གཤིས་ཀ་ཡེ་ནས་ཡལ་ཏེ་དགེ་རྒན་ལ་བརྩེ་སེམས་ལྷག་ཏུ་འཕེལ་བ་རེད། དགེ་རྒན་འདི་དག་ནི་ཆེས་ལེགས་པའི་མིག་དཔེ་ཡིན། དེར་བརྟེན་ལམ་ལོག་ཏུ་འཕྱན་པའི་བྱིས་པ་དག་འཕྲལ་དུ་སྐྱུར་བ། ཡང་ན་གཅར་རྡུང་བྱེད་པ་མིན་པར་རྒྱུ་རྐྱེན་དག་ཤེས་པར་བྱས་ནས། དེ་དག་ལ་ལྷག་ཏུ་སེམས་ཀྱིས་བསྙོར་ཏེ་བརྩེ་བ་དང་བྱམས་པས་དྲང་ལམ་ལ་དྲངས་ན། འདི་ནི་ཆེས་རིན་ཐང་ཅན་ཞིག་ཡིན་ལ། ཁྱོད་རང་ཡང་ཆེས་ལེགས་པའི་མིག་དཔེ་ཞིག་ཏུ་འགྱུར་ངེས།

བཞི་པ། དགོན་པའི་གྲྭ་ཕྲུག་ཚོར་ལྟ་སྐྱོང་བྱེད་པ་ནི་རིན་པོ་ཆེ་ལ་ཐད་ཀར་བསྙེན་བཀུར་ཕུལ་པ་དང་ཁྱད་པར་མེད།

ཡབ་རྗེ་གྲུབ་དབང་བླ་མས་སྐུ་ངལ་འོ་བརྒྱལ་ཚད་མེད་གནང་སྟེ་དགོན་འདི་ཕྱག་བཏབ་གནང་བ་ནི། རིན་པོ་ཆེའི་ཐུགས་ཀྱི་དགོངས་བཞེད་མཐར་ཐུག་བསྟན་པ་ལ་འཛིན་སྐྱོང་སྤེལ་གསུམ་གནང་རྒྱུ་དེ་རེད། ཕྱོགས་གཞན་ཞིག་ནས་བཤད་ན་བསྟན་པ་ལ་དག་ཐེར་བྱེད་མཁན་གྱི་གང་ཟག་སྐྲུན་སའི་བཟོ་གྲྭ་ཆེན་པོ་ཞིག་བཙུགས་གནང་བ་ཡིན། བཙུགས་གནང་བ་ཇི་བཞིན་ད་ལྟའི་བར་བསྟན་པ་ལ་དག་ཐེར་བྱེད་ནུས་མཁན་ཚད་དང་ལྡན་པའི་གང་ཟག་གྲངས་ལས་འདས་པ་ཞིག་བྱུང་ཟིན་པ་དང་། འབྱུང་བཞིན་པ། འབྱུང་བར་འགྱུར་བ་རེད།

དེས་ན་འགན་འཁུར་བའམ་ཅོ་ཅོ་ཁྱོད་ཀྱིས་ལྟ་སྐྱོང་གནང་བཞིན་པའི་བྱིས་པ་དེ་ཡང་མ་འོངས་འབྱུང་འགྱུར་གྱི་ཆར་བསྟན་པ་ལ་འཛིན་སྐྱོང་སྤེལ་གསུམ་བྱེད་མཁན་ཞིག་ཏུ་འགྱུར་མི་འགྱུར་ནི་ད་ལྟ་ཁྱོད་ཀྱིས་བྱིས་པར་ལྟ་སྐྱོང་ལེགས་པོ་ཞིག་བྱེད་མིན་ལ་རག་ལས་ཡོད། གལ་ཏེ་ཁྱོད་ཀྱིས་བྱིས་པར་གསོ་སྐྱོང་ཚད་ལྡན་ཞིག་བྱས་པ་ཡིན་ན་རིན་པོ་ཆེའི་ཐུགས་ལ་བརྣགས་པའི་དོན་སྒྲུབ་མཁན་གྱི་གང་ཟག་ཅིག་བཟོ་སྐྲུན་བྱས་པ་ཡིན་པས། ཁྱོད་ནི་རིན་པོ་ཆེ་ལ་ཐད་ཀར་བསྙེན་བཀུར་འབུལ་ཐུབ་མཁན་གྱི་གང་ཟག་ཁྱད་དུ་འཕགས་པ་ཞིག་ཡིན། བྱིས་པར་གསོ་སྐྱོང་དོན་དང་ལྡན་པ་བྱེད་པ་དེ་ནི་འཇིག་རྟེན་འདིར་མཆོད་སྡོང་ཆེན་པོ་ཞིག་བཞེངས་པ་ལས་དགེ་མཚན་ཆེ་བ་ཡོད་དེ། སློབ་དཔོན་ཨརྱ་དེ་ཝས། རིན་ཆེན་རང་བཞིན་མཆོད་རྟེན་ནི། །འཇིག་རྟེན་སྙེད་མཐོ་འགས་བྱས་པ། །དེ་བས་སེམས་བསྐྱེད་གཅིག་འདུལ་པོ། །མཆོག་ཏུ་བཀྲབས་པར་བརྗོད་པ་ཡིན། །ཞེས་གསུངས་སོ། །དེས་ན་ད་ལྟ་ཁྱོད་ཀྱིས་བྱིས་པར་གསོ་སྐྱོང་དོན་དང་ལྡན་པ་བྱེད་པ་དེ་ནི་མ་འོངས་པར་མཆོད་རྟེན་བརྒྱ་བཞེངས་མཁན་གྱི་གང་ཟག་ཅིག་བཟོ་བཞིན་ཡོད། རིན་པོ་ཆེས་ཀྱང་མཆོད་རྟེན་བརྒྱ་བཞེངས་མཁན་གྱི་གང་ཟག་ཇི་ཙམ་བཟོས་ཡོད་མེད་ནི་ཁྱོད་ཀྱི་མཐོང་ཆོས་སུ་གྱུར་ཡོད།

ལྔ་པ། བྱིས་པར་ལྟ་སྐྱོང་བྱེད་མཁན་འགན་འཁུར་བའམ་ཅོ་ཅོ་ཞིག་ངེས་པར་དུ་དགོས།

བྱིས་པར་ལྟ་སྐྱོང་བྱེད་མཁན་འགན་འཁུར་བ་ཞིག་ངེས་པར་དུ་དགོས་ཀྱི་འདུག ང་ཚོའི་གཞི་རིམ་སློབ་གྲྭར་དགེ་རྒན་བཞི་བཅུ་ཡས་མས་ཤིག་ཡོད། ཁོང་རྣམ་པས་ཕྲུ་གུ་ཆིག་སྟོང་ལྷག་ཅིག་ལ་མཐུན་རྐྱེན་དང་སློབ་སྦྱོང་སོགས་ཀྱི་ཐད་ནས་གང་དྲག་ཅི་དྲག་ལྟ་བཞིན་ཡོད་ནའང་། འཛིན་གྲྭ་གྲོལ་བའི་བར་སེང་དང་གུང་སེང་སྐབས་སུ་ཞིབ་གཟིགས་གནང་ཐབས་བྲལ། དེ་དུས་ཕ་མའི་ངོ་ཚབ་འགན་འཁུར་བ་ཚོས་བྱིས་པར་ལྟ་སྐྱོང་གལ་ཆེ། ཕྲུ་གུ་ཚོའི་ཕ་མས་དགོན་པར་བློ་གཏད་བཅོལ་བ་དེ་ནི་དོན་ངོ་མར་དགེ་རྒན་དང་འགན་འཁུར་ཚོར་བློ་གཏད་བཅོལ་བ་ཞིག་ཡིན། འགན་འཁུར་ཡོད་པའི་ཕྲུ་གུ་དང་མེད་པའི་ཕྲུ་གུའི་བར་ཁྱད་པར་གནམ་ས་ཆེ། གཙང་སྦྲ་ཡོད་མེད། གོས་གྱོན་ལུགས། སློབ་སྦྱོང་ལ་མཐུན་རྐྱེན་ཡོད་མེད་སོགས་ཡིན། དེས་ན་དེ་སྔོན་སློབ་གྲྭའི་རྒྱུན་ལས་ནས་འགན་འཁུར་མེད་པའི་ཕྲུ་གུ་རྣམས་ཐོ་འགོད་བྱས་ཏེ་བཤད་གྲྭའི་སློབ་གཉེར་བ་ཚོར་བཅོལ་བ་ནི་ཤིན་ཏུ་དགའ་འོས་པ་ཞིག་ཡིན། ད་དུང་རྒྱུན་ལས་རྣམ་པས་འགན་འཁུར་བའམ་ཅོ་ཅོ་མེད་པའི་ཕྲུ་གུ་ཡོད་མེད་ལ་ཞིབ་གཟིགས་གནང་བའི་རེ་སྨོན་ཞུ་བ་དང་། འགན་འཁུར་བ་ཚོས་ཀྱང་ཁ་ཞེ་གཉིས་སུ་མ་སོང་བར་ཕ་མའི་སྐུ་ཚབ་ཅིག་གནང་བའི་གསོལ་འདེབས་ལན་བརྒྱར་ཞུ་ཞུ།


[1]  སྔ་འགྱུར་རིག་མཛོད་རྩོམ་སྒྲིག་ལྷན་ཁང་གི་ཕྱི་ལོ་ ༢༠༢༢ ལོའི་པར་མ། དེབ་གཟུགས། སྟོད་ཆ། ཤོག་ངོས་ ༢༠༠ པར་གསལ།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།