དཔེ་ཀློག་ལ་བསྐུལ་བའི་ངའི་གཏམ།

ལོ་རིམ་དགུ་པའི་སློབ་གཉེར་བ། ཕུར་པ།

རང་ཉིད་ལོ་ངོ་དུ་མ་ཞིག་ནས་སློབ་ཕྲུག་ཅིག་ཡིན་གཤིས་རང་ཉིད་དང་ལྷན་དུ་འགྲོགས་པའི་སློབ་གྲོགས་མང་མོད། འོན་ཀྱང་བརྒྱ་ལས་རེ་ཟུང་ཞིག་ནི་རང་ཉིད་དང་མཚུངས་པར་ནམ་ལངས་བརྡ་བརྡུངས་པ་ནས་མཚན་ཉལ་བརྡ་མ་བརྡུངས་བར་སྒྲིག་གཞིའི་བཀོད་སྒྲིག་འོག་ཏུ་ཇི་ཙམ་འདུར་ཡང་། ཉིན་གཅིག་ལ་དཔེ་དེབ་ངོས་གཅིག་ཀྱང་མི་ཀློག་པར་སློབ་སྦྱོང་ལ་གཉེར་བའི་འདུན་པ་དང་རིང་དུ་གྱེས་ཏེ་ལུས་རྨོངས་གཉིད་དང་སེམས་རྒོད་གཡེང་གིས་གསེར་ལས་ལྷག་པའི་སློབ་གཉེར་བའི་དུས་ཚོད་ཆུད་ཟོས་སུ་གཏོང་བཞིན་པའང་འདུག བདག་ལྟ་བུའི་སློབ་གྲོགས་དེ་དག་ལ་ཕྱིས་སུ་མི་ཚེ་དོན་སྙིང་ཡོང་བའི་ཆེད་སློབ་གཉེར་བའི་དུས་ཚོད་དམ་འཛིན་གྱིས་དཔེ་ཀློག་བྱེད་དགོས་པའི་གྲོས་སུ་བརྗོད་པ་རེ་གཉིས་ཤིག་ཞུ།

ང་འདྲའི་སློབ་གྲོགས་འགའ་ཞིག

དེ་ཡང་དུས་རབས་ཉེར་གཅིག་པ་ད་ལྟའི་དུས་སྐབས་ནི་ཤེས་ཡོན་གྱི་དུས་རབས་ཤིག་ཡིན་པར་བརྟེན་ས་ཆ་གང་དུ་སོང་ཡང་ལྟོ་གོས་འཚོལ་སྒྲུབ་ཙམ་གྱི་བྱ་བ་ལས་འདས་ནས་ཁྱད་འཕགས་དང་དོན་སྙིང་ཡོད་པའི་བྱ་བ་ཞིག་སྒྲུབ་འདོད་ཚེ་ཤེས་ཡོན་མེད་ན་རང་རྐང་ཚུགས་པའི་འཇོན་ནུས་ཀྱིས་བྱ་བ་གང་ཡང་སྒྲུབ་མི་ནུས་སྟབས། འཛམ་གླིང་ཤར་ནུབ་གང་དུ་སོང་ཡང་མི་རྣམས་ཚ་ཚ་འུར་འུར་དུ་སློབ་སྦྱོང་ལ་འབད་འབུངས་ཤུགས་དྲག་བརྩོན་བཞིན་ཡོད། ལྷག་པར་དུ་སྔོན་ཐོན་དང་ཡར་ཐོན་ཅན་གྱི་ནུབ་ཕྱོགས་པ་ཚོས་ནི། འཚོ་བའི་ལས་ཞོར་གྱི་དུས་ཚོད་སྐར་ཆ་རེ་གཉིས་ཡན་ཆད་ཆུད་ཟོས་སུ་མི་གཏོང་བར་ཟ་འཐུང་སྣ་འཛོམས་ཅན་གྱི་ཟ་ཁང་དང་། ཡར་འགྲོ་མར་འོང་མང་བའི་འབབ་ཚུགས། སྣང་བ་སྐྱོ་སངས་འགྲོ་སའི་གླིང་ག་སོགས་གནས་ངེས་མེད་དུ་དཔེ་ཀློག་གནང་སྟེ་མི་ཚེ་ཧྲིལ་པོ་སློབ་སྦྱོང་གི་བརྒྱུད་རིམ་དུ་བསྐྱལ་ནས་རང་ཉིད་ལ་ཤེས་བྱ་ཕུན་སུམ་ཚོགས་སུ་བཟོ་བ་དང་། དེ་བཞིན་རང་རེ་ཧི་མ་ལ་ཡའི་ལུང་ཁུག་ཡན་ཆོད་དུའང་ལོ་ཆུང་བྱིས་པ་མ་ཟད། ཁྱིམ་གཞིས་སྐྱོང་བའི་ཕ་རྒན་མ་རྒན་ཡན་ཆོད་ཀྱང་ལས་ཀའི་བྲེལ་ཟིང་གི་བར་སེང་དག་ཏུའང་ཧུར་ཐག་རྦད་ཐག་གིས་ནང་ཆོས་དང་སྐད་རིགས་སྣ་མང་སྦྱོང་བཞིན་ཤེས་བྱའི་ཆུ་ཚད་གོང་མཐོར་གཏོང་བཞིན་འདུག་པ་མཐོང་རྒྱུ་མང་བའི་དེང་སྐབས་འདིར།
རང་ཉིད་དང་འདྲ་བའི་སློབ་གྲོགས་འགའ་ཞིག་ནི། བརྩེ་བའི་ཕ་མ་དང་། མིང་སྲིང་སྤུན་ཟླ། སྐྱེ་སའི་ཕ་ཡུལ་རྣམས་རིང་དུ་དོར་ནས་ཤེས་ཡོན་གྱི་དོན་དུ་སློབ་སྦྱོང་གི་མཐུན་རྐྱེན་ཕུན་སུམ་ཚོགས་པའི་སློབ་གླིང་དུ་མཁས་བཙུན་བཟང་གསུམ་ལྡན་པའི་བཤེས་གཉེན་ཚད་ལྡན་བསྟེན་ཅིང་། སློབ་སྦྱོང་ལ་རྩེ་གཅིག་ཏུ་གཞོལ་བའི་སློབ་གྲོགས་བཟང་པོ་དང་འགྲོགས་ཀྱང་། ཞོགས་པ་ཡར་ལངས་ནས་དགོང་མོ་མ་ཉལ་བར་ཏིང་བརྡའི་སྐུལ་མའི་འོག་འཛིན་གྲྭར་བསྐྱོད་པ་དང་རང་སྦྱོང་བྱེད་པའི་གཟུགས་བརྙན་ཙམ་ལས་ཕུགས་བསམ་ངེས་བརྟན་དང་དམིགས་ཡུལ་དམིགས་བསལ་ཞིག་མེད་པར་གུང་སེང་རག་ཚད་ལམ་སུམ་མདོ་དག་ཏུ་འཁྱམས་ཉུལ་དང་ཇ་འཐུང་གིས་དུས་འདའ་བ། འདུ་འཛོམས་མང་སའི་སྡེ་ཁག་ཏུ་འབྲེལ་མེད་ཉོག་གཏམ་གླེང་བ། བར་སེང་མིན་པའི་སློབ་ཁྲིད་དང་རང་སྦྱོང་གི་དུས་སུ་གཉིད་ཀྱི་སྔུར་སྒྲ་དིར་དིར་དང་། སློབ་ཁྲིད་གྲལ་ཟུར་དུ་སྐད་ཆ་ཤབ་ཤུབ་སྨྲ་བ། སེམས་པ་རྒོད་གཡེང་གིས་ཅི་ཞིག་ལ་ཧད་དེ་འདུག་པའི་ངན་གོམས་ཁོ་ནས་འདའ་བ་ལས་སྔོན་གྱི་ལོ་པཎ་དག་གིས་བརྩམས་པའི་གཞུང་ཆེན་ཁག་དང་། གནའ་དེང་མཁས་པས་བརྩམས་པའི་འགྲེལ་རྩོམ། ལུང་རིགས་སྣ་མང་བརྒྱན་པའི་དཔྱད་རྩོམ། སྔོན་གྱི་བྱུང་རབས་གསལ་བའི་ལོ་རྒྱུས། དེང་གི་ལྟ་ཚུལ་གླེངས་པའི་དཔེ་ཚོགས། ཕྱི་གླིང་མཁས་པས་བྲིས་པའི་གྲགས་ཅན་བརྩམས་ཆོས་དག་ལ་རྣམ་རིག་བསྒྲིམས་ནས་དཔེ་ཀློག་གི་མིག་མདའ་ཉུལ་ཙམ་ཡང་མི་བྱེད་པར་ཟ་འཐུང་རྒོད་གཡེང་ཁོ་ནས་འདུག་པ་ནི་དུས་ཚོད་ལ་གཅེས་སྤྲས་དང་སློབ་སྦྱོང་ལ་དགའ་བའི་མཁས་དབང་། སློབ་ཕྲུག་གི་མི་ཚེ་ལ་སེམས་ཁུར་དང་ཤེས་བྱ་སྣ་མང་སྩོལ་བའི་ལྷག་བསམ་ཅན་གྱི་བཤེས་གཉེན་ཞིག་གིས་གཟིགས་ན་ཅི་འདྲའི་ཕངས་པ་ལ་ཨང་།

ཡ་ཧུ་དཱ་པའི་སློབ་གསོ་ལས། མི་ཚེ་གང་གི་བྱ་བའི་མཇུག་འབྲས་ནི་སོ་སོའི་གོམས་གཤིས་ཀྱིས་ཐག་གཅོད་པ་ཡིན། ཞེས་པ་ལྟར་གོང་སྨོས་ལྟར་གྱི་ངན་གོམས་ཁོ་ནས་གསེར་ལས་ལྷག་པའི་སློབ་གཉེར་བའི་དུས་ཚོད་བཟང་པོ་དེ་ཆུད་ཟོས་དང་བེད་མེད་དུ་འདས་ན་མཐའ་མའི་མཇུག་འབྲས་ནི། དབུ་ཐོད་ལ་གཉེར་མའི་མདུད་པ་མང་ཙམ་དང་། ཟ་འཐུང་གིས་ལྟོ་བ་ལྡིར་ཙམ་དང་འཛིན་གྲྭ་འཕར་བའི་མིང་བྱང་སྐམ་པོ་ཙམ་ལས་རང་ཉིད་ལ་སློབ་ཁྲིད་ཉན་པ་དང་། དཔེ་དེབ་བཀླགས་པ་སོགས་ལས་ཤེས་བྱ་དང་། བསམ་བློའི་ཆུ་ཚད་ཇེ་ལེགས་སུ་སོང་མེད་སྟབས་རང་རྟོན་འཕེར་བའི་འཇོན་ནུས་དང་། ཁྱད་དུ་འཕགས་པའི་བྱ་བ། མིག་དཔེར་འོས་པའི་ལས་དོན་གང་ཡང་སྒྲུབ་མི་ནུས་པ་མ་ཟད། ཉིན་རེའི་ལྟོ་གོས་འཚོལ་སྒྲུག་ཡན་ཀྱང་གཞན་ལ་སྐྱབས་སུ་འགྲོ་རྒྱུ་ལས་རང་སྟོབས་ཀྱིས་སྒྲུབ་མི་ནུས་པར་ཅི་ཡིན་འདི་ཡིན་མེད་པའི་མདོ་མེད་བེད་མེད་དུ་འགྱུར་བར་སོམ་ཉི་མེད། དེར་བརྟེན་དེང་སྐབས་ཤེས་རིག་གི་དུས་འདིར་བྱ་བ་རླབས་ཆེན་དང་ཕུགས་བསམ་མངོན་གྱུར་འདོད་ན་ཤེས་ཡོན་མཁོ་སྒྲུབ་ཀྱིས་བསམ་བློའི་ཆུ་ཚད་ཇེ་ལེགས་དང་རང་སྟོབས་ཀྱིས་འཇོན་ནུས་ཅན་དུ་བཟོ་རྒྱུ་ཡིན། དེ་ལྟར་བཟོ་བའི་ཐབས་ལམ་ལེགས་ཤོས་ནི་དཔེ་ཀློག་བསྐྱོན་པའི་ལམ་བུ་ནས་མི་ཚེ་དང་ལས་དབང་ལ་འགྱུར་ལྡོག་གཏང་རྒྱུ་དེ་ཡིན།

དཔེ་ཀློག་གི་རིན་ཐང་ལས་བསམ་བློ་ལ་འགྱུར་ལྡོག་ཐོངས།

དཔེ་ཀློག་སྐྱོན་དགོས་ཞེས་པ་ན་སློབ་གྲོགས་ཚོས། “དེབ་ནི་ངའི་གཉིད་སྨན་ཏེ་དེབ་ཁ་ཕྱེ་བ་དང་གཉིད་འཐིབས་འོང་”ཞེས་དང་། “གཞུང་འདི་མཁྲེགས་པོ་འདུག་ཐེངས་གཅིག་བལྟས་ཀྱང་ཅི་ཡང་མ་གོ”ཞེས་དང་། “སྐབས་ཐོག་སློབ་ཚན་ཡང་ཀློག་མི་ཐུབ་ན་དེབ་གཞན་ཀློག་ག་ནས་ཐུབ་”ཅེས་སློབ་གྲོགས་ཚོས་ནང་ཁུལ་དུ་རང་སོའི་དཀའ་ངལ་འཆད་ཀྱིན་ཡོད། འདི་ནི་དཔེ་ཀློག་གི་དགེ་མཚན་དང་དཔེ་ཀློག་ལ་སྤྲོ་སྣང་གི་གོམས་གཤིས་མ་བསྐྱེད་པས་ཡིན་སྙམ།
འོ་ན་དཔེ་ཀློག་གི་དགེ་མཚན་ཇི་ལྟར་ཞེ་ན། དཔེ་དེབ་ཏུ་མི་རབས་སྔོན་མ་རྣམས་ཀྱི་འཚོ་བའི་ཉམས་མྱོང་དང་རླབས་ཆེན་མི་སྣའི་གཏམ་རྒྱུད་མང་བས་དམིགས་ཡུལ་ངེས་བརྟན་མེད་པའི་ལས་དང་པོ་བ་ཞིག་གིས་དཔེ་ཀློག་བརྒྱབས་ན་སེམས་རྒྱ་ཇེ་ཆེ་དང་། མིག་རྒྱང་ཇེ་རིང་། མི་ཚེའི་མདུན་ལམ་བཟང་པོ་རྙེད་ཐུབ་ལ། དཔེ་དེབ་ཏུ་སྔོན་གྱི་མཁས་པ་ཚོའི་བློ་གྲོས་དང་རྣམ་དཔྱོད་ཀྱི་རྩལ་ལས་ཐོན་པའི་ཤེས་བྱའི་ཉིང་ཁུ་འདུས་པས་བསམ་པའི་ཆུ་ཚད་དམའ་བའི་མི་བུ་དཀྱུས་མ་ཞིག་གིས་གྲགས་ཅན་རྩོམ་རིག་དག་ལ་དཔེ་ཀློག་བྱས་ན་དཀའ་ཚེགས་ཆེན་པོ་ལ་མ་བརྟེན་པར་བསམ་པའི་གོ་རྟོགས་གོང་འཕེལ་དང་འཐུས་སྒོ་ཇེ་ཚང་དུ་གྱུར་ཏེ་ཡང་དག་པའི་རིན་ཐང་ལྟ་བ་དང་ཤེས་བྱ་སྣ་ཚོགས་རྒྱུད་ལ་འཇགས་ཐུབ། དེ་བཞིན་དཔེ་དེབ་ཏུ་གནའ་བོའི་བྱུང་རབས་ལོ་རྒྱུས་དང་། དེང་གི་གྲགས་ཅན་རྩོམ་རིག ཕུལ་བྱུང་མཁས་པའི་ཞལ་གདམས། འཇིག་རྟེན་དངོས་པོའི་གནས་ལུགས། འཛམ་གླིང་ཧྲིལ་པོའི་སྐད་ཡིག་སྣ་མང་འདུས་པས་ཁྱོན་ཆུང་བའི་སྒྲིག་འཛུགས་ལས་བརྒལ་ཏེ་རང་གི་དགའ་ཕྱོགས་དང་མཐུན་པའི་སློབ་སྦྱོང་འདོད་ན་དམ་པའི་གསུང་རབ་དང་དཔེ་དེབ་བཀླག་རྒྱུ་ཉིད་ཡིན་པས། སྔོན་གྱི་མཁས་པས་“རང་དབང་ཡོད་པའི་སྒོ་ནས་ཤེས་ཡོན་སྦྱང་རྒྱུ་ནི་དཔེ་ཀློག་བྱ་རྒྱུ་ཡིན།”ཞེས་གསུངས། མདོར་ན་ང་ཚོའི་རྣ་བར་ཐོས་པ་དང་། མིག་སྔར་མཐོང་བ། སེམས་ནས་གདེང་ཚོད་བྱས་པའི་ཤེས་ཡོན་ཅན་གྱི་མི་སྣ་དེ་དག་ནི་དཔེ་ཀློག་ཁྲོད་ནས་འཚར་ལོངས་བྱུང་བའི་ཕུལ་བྱུང་གི་མི་སྣ་ཤ་སྟག་ཡིན། གལ་སྲིད་དཔེ་ཀློག་མ་བྱས་པར་ལྷོད་གཡེང་གིས་ཀླད་པ་རུ་ཤེས་བྱ་གསོག་འཇོག་མེད་ཚེ་དེ་ལྟ་བུའི་གང་ཟག་དེའི་ཕུགས་བསམ་ཇེ་ཆེར་སོང་མེད་ལ། སྔ་ཕྱི་བར་གསུམ་དུ་བསམ་གཞིག་དང་རྒྱང་རིང་ལ་ལྟ་བའི་བློ་མིག་ལྡོངས་པས་བསམ་པ་ལྟར་གྱི་མཐོ་སར་འཛེག་མི་ཐུབ་ལ་རེ་འདོད་ལྟར་གྱི་བསྔགས་བརྗོད་ཀྱང་མི་ཐོབ། ཐ་ན་རིན་ཐང་ལྡན་པ་དང་ཉན་རིན་ཡོད་པའི་དོན་སྙིང་གི་སྐད་ཆའང་བཤད་མི་ཐུབ་པ་ཡིན་ནོ།།

དཔེ་ཀློག་ལ་སྤྲོ་བའི་གོམས་གཤིས་ཀྱིས་བྱ་སྤྱོད་ལ་འགྱུར་ལྡོག་ཐོངས།

དཔེ་ཀློག་ལ་སྤྲོ་བའི་གོམས་གཤིས་སྐྱེད་སྲིང་གླེང་ཚེ། སྤྱི་ཡི་ཆ་ནས་དཔེ་ཀློག་གི་གོམས་གཤིས་ནི་ཕ་མ་བཟང་པོའི་སློབ་གསོའི་འོག་ཆུང་བྱིས་པའི་དུས་ནས་རིམ་པར་བསྐྱེད་དགོས་བརྗོད་མོད། འོན་ཀྱང་རང་ཉིད་དང་འདྲ་བའི་ཧི་མ་ལ་ཡའི་སློབ་གྲོགས་ཕལ་ཆེ་བ་ནི། ཆུང་དུས་ཀྱི་མི་ཚེ་ནི་རྩྭ་ཐང་དང་ས་ཞིང་གི་ལས་བྲེལ་བར་ནས་འཚར་ལོངས་བྱུང་བ་ཡིན་སྟབས་ཆུང་བྱིས་པའི་དུས་སུ་དཔེ་ཀློག་གི་གོམས་གཤིས་འཇགས་མེད། འོན་ཀྱང་ད་ལྟའི་ཆར་སློབ་སྦྱོང་བྱེད་སའི་བསྟི་གནས་ཤིག་ཏུ་སློབ་གཉེར་བ་ཞིག་ཡིན་སྟབས་རང་གཅུན་གྱི་འདུ་ཤེས་ལས་བྱ་སྤྱོད་ལ་འགྱུར་ལྡོག་ཅིག་གཏང་ཚེ་དཔེ་ཀློག་ལ་སྤྲོ་བའི་གོམས་གཤིས་བཟོ་ཐུབ་སྙམ། སྤྱིར་བཏང་མི་དཀྱུས་མ་ཞིག་ལ་བྱ་བ་གང་ཞིག་ཡིན་ཡང་དེ་སྒྲུབ་འདོད་ཀྱི་བསམ་པ་བརྟན་པོ་ཞིག་ཡོད་ཚེ་བྱ་ལས་དེར་དབྱར་ཆར་ཆུ་དང་། དགུན་ཁ་བ། སྟོན་ལྷགས་རླུང་རྩུབ་མོའི་གནོད་འཚེ་གང་ཞིག་བྱུང་ཡང་གདོང་ལེན་བྱེད་པ་ལྟར་སློབ་གཉེར་བ་ཞིག་ལའང་ཐོག་མར། རང་ཉིད་གཞུང་ལུགས་ལྟ་བའི་དཔེ་ཆ་བ་དང་། ལོ་རྒྱུས་སྨྲ་བའི་མཁས་དབང་། རྩོམ་རིག་ལ་སྤྲོ་བའི་རྩོམ་པ་པོ། མི་གཤིས་སྐྱོང་བའི་སློབ་གསོ་བ་སོགས་གང་ཞིག་བྱེད་འདོད་ཀྱི་ཕུགས་བསམ་བརྟན་པོ་ཞིག་དགོས་པར་སྣང་། ཕུགས་བསམ་དང་དམིགས་ཡུལ་ངེས་བརྟན་ཡོད་ཚེ་སློབ་པའི་དུས་ཀྱི་དཀའ་ཚེགས་ལ་གདོང་ལེན་བྱེད་ནུས་ཀྱི་འདུན་པ་བསྐྱེད་ནུས་པ་ཡིན། དེ་ལྟར་ཕུགས་བསམ་ཞིག་ཡོད་པའི་རྗེས། མི་ཞིག་གིས་ཀློག་ཐུབ་པའི་དཔེ་ཆ་དེའང་ཚད་ཡོད་པ་བཞིན་ང་ཚོས་ཀྱང་རང་གི་དམིགས་ཡུལ་དང་མཐུན་པར་སྔོན་གྱི་སྐྱེས་བུ་དམ་པ་དང་མཁས་དབང་ཚོས་ལམ་སྟོན་དང་གདམས་ངག་བསྟན་པའི་གསུང་རབ་གྲགས་ཅན་དག་གདམ་གསེས་ཀྱིས་དཔེ་དེབ་བཟང་པོ་དག་བཀླག་དགོས། དེ་ལས་གོ་རྟོགས་དང་སེམས་ཤུགས་བསྐྱེད་པས་དཔེ་དེབ་ཀློག་པར་སྤྲོ་ཤུགས་འཕེལ་བ་ཡིན། དཔེར་ན། སྦྱོང་ཚན་གཞུང་ལུགས་ལྟ་འདུན་ཡོད་པའི་སློབ་ཕྲུག་ཅིག་ཡིན་ཚེ། སློབ་ཚན་ཐད་ཀར་གྱི་བརྗོད་གཞི་དང་འབྲེལ་བའི་གནད་དོན་ལ་སྔོན་གྱི་མཁས་པ་ཚོས། འགྲེལ་པ་བསྐྱོན་པའི་གཞུང་ཆེན་དང་། བརྗོད་གཞི་དེ་ལ་རང་གི་ལྟ་ཚུལ་བསྟན་པའི་དཔེ་དེབ། མཐའ་དཔྱོད་གནང་བའི་དཔྱད་རྩོམ་སོགས་ལ་བལྟས་ཚེ། བློ་སྐྱེད་དང་། འཛིན་མཚམས། དོགས་སློང་། གལ་ཆེན་གྱི་ལུང་རིགས་སོགས་གཡུར་ཟའི་འབྲས་བུ་བཞིན་དཀའ་ཚེགས་ཆེན་པོ་ལ་མ་བརྟེན་པར་ཟས་སུ་སྤྱོད་ཆོག་ཡོད་པ་ཡིན།

དཔེ་དེབ་ཀློག་པའི་གོམས་གཤིས་ཡོང་བར་དེ་བཞིན་ཁོར་ཡུག་དང་དུས་ཚོད་ལ་འབྲེལ་བ་དམ་ཟབ་ཡོད་སྟབས། རང་ཉིད་ལ་ཁོར་ཡུག་བཟང་པོ་བསྐྲུན་རྒྱུ་དང་དུས་ཚོད་ངེས་བརྟན་དང་གཅེས་སྤྲས་གནང་རྒྱུའང་གལ་འགངས་ཆེ། དཔེ་ཀློག་གི་ཁོར་ཡུག་བསྐྲུན་ཞེས་པ་ནི། ཡོངས་ཁྱབ་པའི་རིགས་གཅིག་པའི་དེབ་དང་། གསུང་འབུམ་གཅིག་པུ་མིན་པར་ཆོས་ལུགས་དང་ལྟ་གྲུབ་གཞན་གྱི་གྲགས་ཆེ་བའི་གཞུང་ལུགས་དང་། སེམས་ཤུགས་འཕེལ་བྱེད་སྐྱེས་བུ་དམ་པའི་རྣམ་ཐར་དང་། སློབ་གསོའི་དཔེ་དེབ་སྣ་མང་ཞིག་ལག་པས་སྙོབ་ས་དང་། མིག་གིས་རིག་ས་དག་ན་དཔེ་ཆ་གང་མང་དགོས་རྒྱུ་དང་། དེ་བཞིན་དཔེ་ཀློག་ལ་དགའ་བའི་མི་སྣ་དང་། དཔེ་ཀློག་ལ་སྐུལ་མ་གནང་མཁན་གྱི་གྲོགས་བཟང་པོ་དང་འགྲོགས་ནས་བསམ་ཚུལ་རྗེ་རེས་དང་མན་ངག་ལེན་རེས་སོགས་གནང་དགོས་ཞེས་པ་ཡིན།

ངེས་དོན་གྱི་ཤེས་ཡོན་པའམ་དཔེ་ཀློག་པ་ཞིག་ཡིན་ཚེ་དཔེ་ཀློག་ནི་ཚེ་གང་གི་བྱ་བ་ཞིག་ཏུ་ངོས་འཛིན་དགོས་པར་བརྗོད་ཡོད། དེ་ནི་ཉིན་རེར་དཔེ་དེབ་ཀློག་པའི་རྒྱུན་འཁྱོངས་དང་གོམས་གཤིས་ཀྱིས་དཔེ་ཀློག་ནི་འཚོ་བའི་གྲུབ་བྱ་ཞིག་ཏུ་འགྱུར་དགོས་པའི་དོན་ཡིན་སྙམ། དེ་ལྟ་བུའི་གོམས་གཤིས་བསྐྱེད་པར་དཔེ་ཀློག་གི་དུས་ཚོད་ངེས་བརྟན་དང་གཅེས་སྤྲས་ཤིག་ནི་ཅིས་ནས་ཀྱང་དགོས་པར་འདོད། དཔེ་ཀློག་ལ་སྤྲོ་བའི་མཁས་དབང་ཚོས་དཔེ་དེབ་ནི་ལུས་དང་འབྲལ་མེད་ངང་གནས་དུས་མ་ངེས་པར་ནམ་ཁོམ་ཡོད་ཚད་ལ་བཀླག་དགོས་པར་བརྗོད་མོད། འོན་ཀྱང་གོམས་གཤིས་མ་སྐྱེད་པའི་ལས་དང་པོ་བ་ཞིག་གིས་དེ་ལྟར་དཀའ་ཡང་། གོང་སྨྲས་ལྟར་ཉིན་གཅིག་ལ་དུས་ཚོད་ངེས་གཏན་དུ། མ་མཐའ་ཡང་ཆུ་ཚོད་གཅིག་དང་ཕྱེད་ཙམ་ཞིག་བཀོད་སྒྲིག་འོག་ཉིན་ཞག་གི་ཕྲེང་བར་མཐུད་དེ་རྒྱུན་འཁྱོངས་གནང་ཚེ་ནམ་ཞིག་དཔེ་དེབ་མ་བཀླགས་པར་མལ་སར་གཟིམས་པའི་ཚེ་སེམས་ངོས་སུ་དཔེ་དེབ་མ་བཀླགས་པའི་སྟོང་ཆ་ཞིག་དང་ལས་ཀ་གང་རུང་ཞིག་མ་གྲུབ་པའི་མྱོང་སྣང་འདྲ་བྱུང་ཚེ་དེ་དུས་དཔེ་དེབ་བཀླག་རྒྱུ་དེ་ཁྱེད་རང་གི་འཚོ་བའི་གྲུབ་ཆ་ཞིག་ཏུ་གྱུར་པ་ཡིན། དེར་བརྟེན་དཔེ་དེབ་ཀློག་པའི་དུས་ཚོད་ངེས་གཏན་ཞིག་བསྒྲིགས་ནས་དཔེ་ཀློག་ལ་སྤྲོ་བའི་གོམས་གཤིས་བསྐྱེད་པར་བྱ་རྒྱུ་བཅས།

མཐའ་དོན་ཧར་ཝར་སློབ་ཆེན་གྱི་མན་ངག་ཅིག་ལ། “མི་ཞིག་གིས་དོན་འཁྱོངས་མིན་དེ་ཁོས་ལྷག་ལུས་ཀྱི་དུས་ཚོད་ནང་བརྩོན་པ་བསྐྱེད་ཡོད་མེད་ལ་རག་ལས་པ་ཡིན།” ཞེས་དང་། དེ་བཞིན་རླབས་ཆེ་བའི་ཚན་རིག་པ་ཨན་ཟི་ཐན་གྱིས་“མི་ཡི་བར་ཁྱད་ནི་ལས་ཞོར་དུས་ཚོད་སྟེང་ལ་ཡོད།” ཅེས་པའི་སློབ་གསོ་དག་ལས་གསུངས་པ་ལྟར་ང་ཚོ་རང་ཉིད་ཤེས་ཡོན་པ་ཞིག་དང་། གཞན་ལས་ཁྱད་དུ་འཕགས་པ། མི་ཚེ་དོན་ཡོད་བྱ་བའི་རྨི་ལམ་མངོན་གྱུར་འདོད་ཚེ། བར་སེང་དང་གུང་སེང་རག་ཚད་ལམ་སུམ་མདོ་རུ་འཁྱམས་ཉུལ་དང་། ཇ་འཐུང་། ཉོག་གཏམ་གླེང་བ། གཉིད་དུ་ཡུར་བའི་ངན་གོམས་དག་བསྐྱུར་ནས། ལྷག་ལུས་ཀྱི་དུས་ཚོད་དང་བར་སེང་གི་སྐར་ཆ་རེ་ནས་ཀྱང་ཤེས་ཡོན་འཕེལ་བའི་གོམ་ཁ་དཔེ་ཀློག་བྱ་རྒྱུའི་ལམ་དུ་གཞོལ་བར་བྱ་ཞུ།།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།