ཕྱི་ལོ་ ༢༠༢༣ ལོའི་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་གི་ཟླ་དྲུག་ཕྱི་མའི་མཛད་རིམ་ཁག

རྩོམ་སྒྲིག་པ།

གྲྭ་ཚང་གི་མཛད་རིམ་སྙིང་བསྡུས།

༸སྐྱབས་རྗེ་གྲུབ་དབང་རིན་པོ་ཆེའི་དགོངས་བཞེད་ལྟར། ལོ་འཁོར་མོ་གཅིག་གི་རིང་རྒྱུན་མ་ཆད་པར་རཏ་གླིང་ཕུར་པའི་དཀྱིལ་འཁོར་ཞལ་ཕྱེ་སྟེ་ལོ་འགོའི་ཟླ་ཤས་རིང་ཕུར་བསྙེན་གསང་སྒྲུབ་དང་། དེའི་རྗེས་ཕུར་བཟློག་ཉིན་ལྟར་འཚོགས་དང་འཚོག་མུས་དང་། དེ་བཞིན་དུ་ཟླ་བ་རེ་རེའི་ནང་དུ་ཚེས་བཅུའི་ཉིན་རིག་འཛིན་འདུས་པའི་ཚོགས་འཁོར་དང་། ཚེས་ཉེར་ལྔའི་ཉིན་མཁའ་འགྲོ་བདེ་ཆེན་རྒྱལ་མོའི་ཚོགས་འཁོར་བསྐོར་དང་སྐོར་བཞིན་པ་ཡིན་ནོ།།

ཕྱི་ཟླ་ ༠༨ ཚེས་ ༠༢ བོད་ཟླ་ ༠༦ ཚེས་ ༡༦ ནས་བཟུང་སྔར་རྒྱུན་བཞིན་ལོ་འདིའི་དབྱར་གནས་དུས་བཟང་ཁྱད་པར་ཅན་གྱི་སྐབས་སུ། རྒྱུན་བཞུགས་གྲྭ་ཚང་གི་བླ་གྲྭ་དང་། གཞི་རིམ་སློབ་གྲྭའི་འཛིན་གྲྭ་བཞི་པ་ཡན་ཆད་ཀྱི་དགེ་འདུན་པ་རྣམས་ཀྱིས་དབྱར་ཟླ་བ་གཅིག་དང་ཕྱེད་ཀྱི་རིང་ལ་བདུན་ཕྲག་དང་པོར་སྙིང་ཐིག་གསོལ་ཁ་དང་། བདུན་ཕྲག་གཉིས་པར་གནམ་ཆོས་གསོལ་ཁ། བདུན་ཕྲག་གསུམ་པར་གུར་དྲག བདུན་ཕྲག་བཞི་པར་ཀར་གླིང་ཞི་ཁྲོ། བདུན་ཕྲག་ལྔ་པར་རཏ་གླིང་ཚེ་ཆོག བདུན་ཕྲག་དྲུག་པར་རཏ་གླིང་ཕུར་པ་འཚོགས་ནས། ཉིན་མཐའ་མར་ཚེ་སྒྲུབ་གསང་བ་འདུས་པའི་དཀྱིལ་འཁོར་ཞལ་ཕྱེ་ནས་ཚེ་ཆོག་འཆི་བསླུ་དང་ཚོགས་འཁོར་བཅས་ཀྱི་སྒོ་ནས་ལོ་འདིའི་དབྱར་གནས་མཐའ་ལེགས་པར་གྲུབ། 

ས་གནས་སྦེལ་ཀོབ་བདེ་སླར་མཉམ་འབྲེལ་ཚོགས་ཁང་དུ་ལོ་ལྟར་དུང་སྒྲུབ་འཚོག་སྲོལ་ཡོད་པ་བཞིན། འདི་ལོར་བདེ་སླར་ས་གནས་འགོ་འཛིན་དང་སྤྱི་མི་རྣམས་ནས་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་གི་བླ་གྲྭ་འགའ་ཞིག་གདན་དྲངས་ཏེ་ཟླ་གཅིག་མ་ཟིན་ཙམ་ལ་མི་མང་བརྒྱ་ཕྲག་མང་པོ་མཉམ་འཛོམས་ཀྱིས་སིདྡྷིཿདུང་སྒྲུབ་གསོག་གནང་མཛད་དེ་མཐའ་གྲུབ་པའི་སྐབས་དང་བསྟུན། ༸སྐྱབས་རྗེ་རིན་པོ་ཆེའི་སྐུ་ཚ་བླ་མ་བསོད་ནམས་རྒྱ་མཚོ་མཆོག་གདན་འདྲེན་ཞུས་ནས་ཕྱི་ཟླ་ ༠༨ ཚེས་ ༡༢ ཉིན་ཚེ་དབང་ལྕགས་ཀྱི་རི་བོའི་དབང་བསྐུར་བའི་སྒོ་ནས་མཐའ་གྲུབ།

ཕྱི་ཟླ་ ༠༨ ཚེས་ ༢༡ ཉིན་གྲྭ་ཚང་གི་བླ་མ་རྡོ་རྗེ་སློབ་དཔོན་སོགས་ལ་༸སྐྱབས་རྗེ་རིན་པོ་ཆེའི་སྐུ་ཚ་བླ་མ་བསོད་ནམས་རྒྱ་མཚོ་མཆོག་གིས་སྲི་ཟློག་རཀྴ་ཐོད་ཕྲེང་གི་བཀའ་དབང་ཟབ་མོ་གནང་།

སྔར་རྒྱུན་བཞིན་གནམ་ཆོས་སྔོན་འགྲོ་འབུམ་ལྔ་བསགས་སྦྱང་གནང་མཁན་དགེ་འདུན་བཙུན་པ་དང་བཙུན་མ། མི་སྐྱ་ཕོ་མོ་བཅས་གྲངས་ ༧༥ ལྷག་གིས་སྔོན་འགྲོ་བསགས་སྦྱང་གནང་ཞིང་། བོད་ཟླ་ ༠༩ ཚེས་ ༢༢ རྒྱལ་བ་ལྷ་ལས་བབས་པའི་དུས་ཆེན་ཁྱད་པར་ཅན་གྱི་ཉིན་མོར་གནམ་ཆོས་གསོལ་ཁ་དང་འབྲེལ་ཚོགས་འཁོར་རྒྱ་ཆེར་ཕུལ་ཏེ་གཏང་རག་དང་བཅས་པའི་སྒོ་ནས་འབུམ་ལྔ་བསགས་སྦྱང་མཐའ་གྲུབ།

ཕྱི་ཟླ་ ༡༠ ཚེས་ ༡༦ ཉིན་གྲྭ་ཚང་གི་རྒྱུན་ལས་ཐུན་མོང་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན། དགེ་བའི་བཤེས་གཉེན་ཆེན་མོ་མཁན་ཆེན་པདྨ་ཤེས་རབ་མཆོག་ནས་བཤད་གྲྭའི་འདུ་ཁང་ཆེན་མོའི་ནང་དུ་རེས་གཟའ་ཟླ་བའི་ཉིན་རྒྱབ་ཆུ་ཚོད་ ༠༡ ནས་ ༠༣ བར་མཁན་སྤྲུལ་བླ་སློབ་དགེ་འདུན་བཙུན་པ་དང་བཙུན་མ་ཡོངས་ལ། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱིས་མཛད་པའི་«སྤྱི་དོན་ཡིད་ཀྱི་མུན་སེལ།» «བསྡུས་དོན་མ་རིག་མུན་སེལ་»གྱི་བཀའ་ཁྲིད་དང་། གཞན་ཡང་«གསང་བ་སྙིང་པོའི་འགྲེལ་པ་ཕྱོགས་བཅུའི་མུན་སེལ་»གྱི་བཀའ་ཁྲིད་ལོ་སྔོན་མའི་ལྷག་འཕྲོ་རྣམས་བསྩལ་ཏེ་རེ་ཞིག་མཚམས་འཇོགས་གནང་ནས། སླར་ཡང་ཕྱི་ཟླ་ ༡༡ པའི་ཚེས་ ༠༩ ནས་ ༡༢ བར་མུ་མཐུད་དེ་བཀའ་ཁྲིད་གནང་ནས། མཐར་མཁན་སྤྲུལ་བླ་སློབ་དགེ་འདུན་བཙུན་མ་དང་བཅས་དད་ལྡན་ཆོས་ཞུ་བ་ཡོངས་ནས་སྒྱུ་འཕྲུལ་ཞི་བའི་དཀྱིལ་འཁོར་ཞལ་ཕྱེ་སྟེ་ཚོགས་མཆོད་རྒྱ་ཆེར་ཕུལ་ཅིང་བཀའ་དྲིན་གཏང་རག་དང་བཅས་ཏེ་མཇུག་གྲུབ། སྔར་སྲོལ་ལྟར་ཕྱི་ལོ་ ༢༠༢༤ ལོའི་ཟླ་བ་ ༠༡ ནང་དགེ་འདུན་བཙུན་པ་དང་བཙུན་མ་གྲངས་ ༢༠༠༠ ལྷག་ཙམ་སྔ་འགྱུར་རྡོར་གདན་སྨོན་ལམ་ཆེན་མོ་སྐབས་སོ་ལྔ་པར་ཕེབས་འཆར་ཡོད་པ་བཅས་སོ།།

སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི་ཟླ་དྲུག་ཕྱི་མའི་མཛད་རིམ་སྙིང་བསྡུས།

ཕྱི་ལོ་ ༢༠༢༣ ཟླ་བ་ ༠༧ ཚེས་ ༢༨ སྔ་དྲོའི་ཆར་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི་སློབ་གཉེར་བ་ཡོངས་ནས་དགོན་པའི་ཁོར་ཡུག་གཙང་བཟོ་གནང་བ་དང་། ཉིན་དེའི་དགོང་མོ་ཆུ་ཚོད་ ༧:༣༠ ཐོག་སྔ་འགྱུར་མཐོ་སློབ་ཆེན་མོའི་མཁན་སློབ་དགེ་བའི་བཤེས་གཉེན་རྣམས་ཀྱིས་དགེ་འདུན་འདུས་ཚོགས་ཡོངས་ལ་དབྱར་གནས་དང་འབྲེལ་བའི་འཆད་རྩོད་རྩོམ་གསུམ་གནང་ཕྱོགས་དང་། ལེགས་སྤེལ་ཉེས་འགོག་གི་བཀའ་སློབ་ཟབ་མོ་གསུང་བཤད་གནང་ཡོད།

དབྱར་གནས་དང་འབྲེལ་བའི་མཛད་རིམ་ཁག

༸སྐྱབས་རྗེ་འཁོར་ལོའི་མགོན་པོ་གྲུབ་དབང་ཡིད་བཞིན་ནོར་བུ་རིན་པོ་ཆེའི་ཐུགས་ཀྱི་བཞེད་དགོངས་ལྟར། ཕྱི་ལོ་ ༢༠༢༣ ཟླ་བ་ ༠༧ ཚེས་ ༠༡ བོད་ཟླ་ ༠༦ ཚེས་ ༡༥ རེས་གཟའ་མིག་དམར་ཉིན་སྔ་དྲོའི་ཆར་གཙུག་ལག་ཁང་ཆེན་མོ་ཨོ་རྒྱན་མདོ་སྔགས་བཤད་སྒྲུབ་འོད་གསལ་དར་རྒྱས་གླིང་དུ། སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་དང་། བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་ཐོས་བསམ་དགའ་བའི་ཚལ་གྱི་ཚོགས་གཙོ་གཅིག་ལྕོགས་མཁན་རིན་པོ་ཆེ་ཚུལ་ཁྲིམས་བསྟན་དར་མཆོག་ནས་དབྱར་གནས་ཀྱི་མཁན་པོ་མཛད་ཅིང་། མཁན་སློབ་དགེ་བའི་བཤེས་གཉེན་རྣམས་དང་དགེ་འདུན་བཙུན་པ་དང་བཙུན་མ་ཡོངས་ནས་བསླབ་པ་ཡོངས་སྦྱོང་གི་གཞི་གསུམ་གྱི་ཡ་གྱལ་གསོ་སྦྱོང་བཅོ་ལྔ་པ་འཚོག་སྐབས། དབྱར་ཁས་ལེན་གྱི་སྔོན་འགྲོ་མཚམས་བུ་བཅད་པ་དང་། གནས་མལ་སྟོབ་པ་བསྐོས་པ། དབྱར་ཁྲིམས་བརྗོད་པ། ཚུལ་ཤིང་བྲིམས་པ། གནས་མལ་སྟོབ་པ། གདན་ཆ་འབོགས་པ། གདིང་ཁྲིམས་བརྗོད་པ། རུང་ཁང་བྱིན་རླབས་བཅས་གནང་ཡོད་པ་དང་། དེའི་ཕྱི་ཉིན་བོད་ཚེས་ ༡༦ དབྱར་ཁས་ལེན་དངོས་གཞིའི་སྐབས་གྲུབ་དབང་དཔལ་ཆེན་འདུས་པས་མཛད་པའི་གཞི་གསུམ་གྱི་ཆོ་ག་ཐར་གླིང་བགྲོད་པའི་གྲུ་ཆེན་གྱི་ཟིན་བྲིས་གཞིར་བཟུང་འདི་ལོར་དགེ་སློང་ཕ་ ༣༥༩ དང་། དགེ་ཚུལ་ཕ་མ་གཉིས་བསྡོམས་ནས་ ༦༧༦ བཅས་ཁྱོན་དགེ་ཚུལ་སློང་ ༡༠༣༥ བཅས་ཀྱིས་དབྱར་སྔ་མ་ཟླ་བ་གསུམ་གནས་པར་ཁས་བླངས་ཤིང་ཉིན་རེེར་ཐུན་གསུམ་བགོས་ནས་སྔ་དྲོའི་ཆར་རྒྱུན་ཆགས་གསུམ་པ་དང་། ཉིན་གུང་གདུགས་ཚོད་སྐབས་དཀོན་མཆོག་རྗེས་དྲན། བར་བསམ་སྒྲོལ་གསུམ། གདུགས་ཤེར་སེང་གསུམ། མི་ཁ་དགྲ་བཟློག་སོགས་སྐུ་རིམ་ཁག་དང་། དགོང་མོའི་ཆར་གཞུང་ཆེན་ཁག་གི་རྩ་བ་དང་སྨོན་ལམ་རྣམ་གསུམ་གཙོས་པའི་བསྔོ་སྨོན་ཟབ་རྒྱས་གསུངས་གནང་ཞིང་། ཟླ་རེའི་མཚམས་སུ་གསོ་སྦྱོང་བཅུ་བཞི་པ་དང་བཅོ་ལྔ་པ་དུས་རྒྱུན་ལྟར་འཚོགས་གནང་བ་དང་། ཕྱི་ཟླ་ ༠༨ ཚེས་ ༢༤ བོད་ཟླ་ ༠༧ ཚེས་ ༠༨ གཟའ་སྐར་འཕྲོད་སྦྱོར་ཉིན་བཀྲ་ཤིས་པའི་གསོ་སྦྱོང་འཚོགས་ཤིང་། གཙུག་ལག་ཁང་ཆེན་མོའི་མདུན་དུ་སྔ་འགྱུར་མཐོ་སློབ་ཆེན་མོ་དང་། བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་ཐོས་བསམ་དགའ་བའི་ཚལ་གྱི་དགེ་སློབ་ལྷན་འཛོམས་ཐོག་སྐུ་པར་བསྒྲོན་གནང་ཡོད།

དབྱར་གནས་སྐབས་ཀྱི་འཆད་རྩོད་རྩོམ་གསུམ་ལས་དང་པོ་འཆད་པའི་རིམ་པ།

དེ་ཡང་སྔ་འགྱུར་མཐོ་སློབ་ཆེན་མོའི་རྒྱུན་ལས་ནས་བརྗོད་བྱ་གཏན་འབེབས་གནང་བ་ལྟར་མཁན་སློབ་འདུས་མང་དབུས་སུ་ལོ་རིམ་བདུན་པ་དང་དྲུག་པའི་སློབ་གཉེར་བ་རྣམས་ཀྱིས་འཆད་རྒྱུགས་འབུལ་སྲོལ་ཡོད་པ་བཞིན། ཕྱི་ཟླ་ ༠༨ ཚེས་ ༢༤ དང་། ཕྱི་ཟླ་ ༠༩ ཚེས་ ༠༡ བཅས་ཉིན་གྲངས་གཉིས་ཀྱི་རིང་ལོ་རིམ་བདུན་པའི་སློབ་གཉེར་བ་ཡོངས་ནས་གསང་སྙིང་སྤྱི་དོན་འོད་གསལ་སྙིང་པོ་ལས་སྐབས་ཐོབ་ཀྱི་བརྗོད་བྱ་གང་ཁེལ་འཆད་རྒྱུགས་ཕུལ་པ་དང་། དེ་བཞིན་དུ་ལོ་རིམ་དྲུག་པའི་སློབ་གཉེར་བ་ཡོངས་ནས་ཤེར་ཕྱིན་དཔལ་སྤྲུལ་སྤྱི་དོན་ཐོག་ནས་འཆད་རྒྱུགས་ཕུལ་ཡོད།

གཉིས་པ་རྩོད་པའི་རིམ་པ།

ཕྱི་ཟླ་ ༠༨ ཚེས་ ༢༤ དང་། ཕྱི་ཟླ་ ༠༩ ཚེས་ ༠༡ བཅས་ཉིན་གྲངས་གཉིས་ཀྱི་རིང་ལོ་རིམ་དང་པོ་དང་། གཉིས་པ། གསུམ་པ། བཞི་པ་བཅས་ཀྱི་སློབ་ཕྲུག་རྣམས་ཀྱིས་རིམ་བཞིན་རྟགས་རིགས། དབུ་མ་རྒྱན། དབུ་མ་ལ་འཇུག་པ། མངོན་པ་མཛོད་བཅས་ཀྱི་བརྗོད་བྱའི་དཀའ་གནད་ཁག་རྒྱུན་ལས་ནས་གཏན་འབེབས་གནང་བ་ལྟར་འདུས་མང་དབུས་སུ་རྟགས་གསལ་དང་དམ་བཅའི་རྒྱུགས་ཕུལ་ཡོད་ཅིང་། དེ་བཞིན་དུ་ལོ་རིམ་གཉིས་པ་ནས་དགུ་པའི་བར་ལོ་རིམ་གོང་འོག་ཕན་ཚུན་རྟགས་གསལ་དང་དམ་བཅའ་འགྲན་སྡུར་གྱིས་རྩོད་པའི་རིམ་པ་རྣམས་ཀྱང་ལེགས་པར་གྲུབ་ཡོད།

གསུམ་པ་རྩོམ་པའི་རིམ་པ།

ལོ་འདིར་ཡང་རྒྱུན་ལས་ནས་ཚད་མ་དེ་ཁོ་ན་ཉིད་ཀྱི་བརྗོད་བྱ་འགའ་ཞིག་གཏན་འབེབས་གནང་བ་ལྟར་ལོ་རིམ་བརྒྱད་པའི་སློབ་གཉེར་བ་ཡོངས་ནས་དཔྱད་རྩོམ་རེ་བྲིས་གནང་ཞིང་། དེ་ལས་རྩེ་ཕུད་བཅུ་འདེམས་སྒྲུག་བྱས་ཏེ་བདུན་ཕྲག་རེར་དམ་བཅའ་གཉིས་རེ་བཞུགས་ཤིང་། གཙོ་བོ་ལོ་རིམ་བརྒྱད་པའི་སློབ་ཕྲུག་ཡོངས་ནས་དྲི་བ་བཀོད་ཡོད་པ་དང་། གཞན་ཡང་ལོ་རིམ་གཉིས་པ་ནས་དགུ་པའི་བར་གྱི་སློབ་གཉེར་བས་རང་མོས་ལྟར་དྲི་བ་བཀོད་གནང་ཡོད།

ཕྱི་ཟླ་ ༠༩ ཚེས་ ༠༧ སྔ་དྲོའི་ཆར་སྔ་འགྱུར་མཐོ་སློབ་ཆེན་མོའི་སྔོན་འགྲོ་འཛིན་གྲྭའི་སློབ་ཕྲུག་རྣམས་ཀྱིས་ཡིག་གཟུགས་འབྲི་རྒྱུགས་བཏང་ཞིང་དགོང་མོའི་ཆར་རིག་གནས་འགྲན་སྡུར་བཅས་གནང་ཡོད།

དགག་དབྱེའི་སྦྱོར་ཆོས་དང་འབྲེལ་བའི་མཛད་རིམ་ཁག

ཕྱི་ཟླ་ ༠༩ ཚེས་ ༡༣ རེས་གཟའ་ལྷག་པའི་དགོང་མོར་གཙུག་ལག་ཁང་ཆེན་མོ་ཨོ་རྒྱན་མདོ་སྔགས་བཤད་སྒྲུབ་འོད་གསལ་དར་རྒྱས་གླིང་དུ་མཐོ་སློབ་ཆེན་མོའི་དགེ་སློབ་ལྷན་འཛོམས་ཐོག་དགག་དབྱེའི་སྦྱོར་ཆོས་དང་འབྲེལ་ནས་ལོ་རིམ་བཞི་པ་དང་། བརྒྱད་པའི་སློབ་གཉེར་བ་གཉིས་ཀྱིས་ཆོས་བཤད་དང་། ལོ་རིམ་ལྔ་པའི་སློབ་ཕྲུག་གཉིས་ཀྱིས་ཚོགས་ལངས། ལོ་རིམ་གཉིས་པ། བཞི་པ། བདུན་པ་བཅས་ཀྱི་སློབ་ཕྲུག་རེ་རེ་དམ་བཅའ་བཞུགས་ཤིང་། ལོ་རིམ་དང་པོ། བཞི་པ། བརྒྱད་པ་བཅས་ཀྱི་སློབ་གཉེར་བ་རྣམས་ཀྱིས་རིམ་བཞིན་རྟགས་རིགས། མངོན་པ། འདུལ་བ་བཅས་ཀྱི་བརྗོད་བྱའི་ཐོག་ལ་རྟགས་གསལ་བཏང་བ་དང་། ལོ་རིམ་དགུ་པའི་སློབ་ཕྲུག་གཅིག་གིས་བཀྲ་ཤིས་ཚིག་བཟང་བཅས་གནང་ཡོད།

དེའི་ཕྱི་ཉིན་ཕྱི་ཚེས་ ༡༤ རེས་གཟའ་ཕུར་བུའི་ཉིན་དགེ་སློབ་ལྷན་འཛོམས་ཐོག་དགག་དབྱེ་མཛད་ཅིང་། ཕྱི་ཚེས་ ༡༥ ལྗོངས་རྒྱུའི་ཉིན་ལོ་རིམ་དང་པོའི་སློབ་གཉེར་བ་དམ་བཅའ་བཞུགས་ཤིང་སྔོན་འགྲོ་འཛིན་གྲྭའི་སློབ་གཉེར་བ་རྣམས་ནས་བསྡུས་ཚན་རིགས་ལམ་སྒོ་འབྱེད་ཐོག་རྟགས་གསལ་བཏང་གནང་བ་དང་། ལོ་རིམ་དགུ་པའི་སློབ་གཉེར་བ་གཅིག་གིས་བཀྲ་ཤིས་ཚིག་བཟང་གནང་སྟེ་དབྱར་གནས་ལེགས་པར་མཐའ་གྲུབ་བོ།།

དབྱར་གནས་སྐབས་ཀྱི་འཆད་རྩོད་རྩོམ་གསུམ་གྱི་གྲུབ་འབྲས་གསལ་བཤད་གནང་བའི་མཛད་རིམ།

ཕྱི་ཟླ་ ༠༩ ཚེས་ ༣༠ རེས་གཟའ་སྤེན་པའི་སྔ་དྲོ་ཆུ་ཚོད་ ༨:༣༠ ཐོག་སྔ་འགྱུར་མཐོ་སློབ་ཆེན་མོ་དང་། བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་ཐོས་བསམ་དགའ་བའི་ཚལ་གྱི་སློབ་གཉེར་བ་ཡོངས་ནས་དབྱར་གནས་ནང་འཆད་རྩོད་རྩོམ་གསུམ་གནང་བའི་གྲུབ་འབྲས་གསལ་བཤད་གནང་ཞིང་། ཨང་དང་པོ། གཉིས་པ། གསུམ་པ་ལེན་མཁན་རྣམས་ལ་བྱ་དགའི་གཟེངས་བསྟོད་ཕུལ་ཡོད་ཅིང་། དེ་དང་ལྷན་དུ་དུས་དེབ་པདྨའི་རང་མདངས་བཞི་བཅུ་ཞེ་གཉིས་པའི་རྩོམ་པ་པོ་དག་ལ་དར་དཀར་དང་དུས་དེབ་རེ་ཕུལ་ཡོད་པ་དང་། དེའི་ཕྱི་ཉིན་རེས་གཟའ་ཉི་མའི་དགོང་མོ་ཆུ་ཚོད་ ༧:༣༠ ཐོག་སྔ་འགྱུར་མཐོ་སློབ་ཆེན་མོའི་ཚོགས་གཙོ་མཁན་རིན་པོ་ཆེ་ཚུལ་ཁྲིམས་བསྟན་དར་གཙོས་པའི་མཁན་སློབ་དགེ་བའི་བཤེས་གཉེན་རྣམས་ཀྱིས་དགེ་འདུན་འདུས་ཚོགས་ཡོངས་ལ་ལེགས་སྤེལ་ཉེས་འགོག་གི་བཀའ་སློབ་ཟབ་མོ་གསུང་བཤད་གནང་ཡོད།

སྔ་འགྱུར་རྙིང་མའི་ཐུན་མིན་ལྟ་གྲུབ་བགྲོ་གླེང་ཐེངས་དགུ་པའི་མཛད་རིམ།

ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་མཁན་ཆེན་པདྨ་ཤེས་རབ་མཆོག་གི་བཀའ་དགོངས་བཞིན། སྔ་འགྱུར་རྙིང་མའི་ཐུན་མིན་ལྟ་གྲུབ་བགྲོ་གླེང་ཐེངས་དགུ་པ་དེ་སྔར་སྲོལ་ལྟར། ཕྱི་ཟླ་ ༡༠ ཚེས་ ༡༧ ནས་ ༡༩ བར་ཉིན་གསུམ་གྱི་རིང་། ཀུན་མཁྱེན་རིག་འཛིན་འཇིགས་མེད་གླིང་པའི་འདས་མཆོད་དང་བསྟུན་ནས་འཚོགས་ཡོད། ཐེངས་འདིའི་བགྲོ་གླེང་སྐབས་སྔ་འགྱུར་མཐོ་སློབ་ཆེན་མོ་དང་བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་ཐོས་བསམ་དགའ་བའི་ཚལ་གྱི་དགེ་སློབ་རྣམས་དང་། གཞན་ཡང་དགོན་སྡེ་གཞན་ནས་དཔྱད་གླེང་བ་དང་ཟུར་ཉན་པ་ཉི་ཤུ་ཙམ་མཉམ་ཞུགས་གནང་བ་དང་། དཔྱད་གླེང་བ་མཁན་སློབ་བཅུ་གཉིས་ཀྱིས་དཔྱད་རྩོམ་བྲིས་གནང་ཡོད། བགྲོ་གླེང་ཉིན་དང་པོ་ལ་དཔྱད་གླེང་བ་བཞི་དང་། གཉིས་པར་ལྔ། གསུམ་པར་གསུམ་གྱིས་སྔ་དྲོ། ཉིན་གུང་། ཕྱི་དྲོ་བཅས་ཆུ་ཚོད་གཅིག་དང་ཕྱེད་རེའི་རིང་ལ་དམ་བཅའ་བཞུགས་གནང་ཞིང་། བགྲོ་གླེང་དངོས་གཞིར་དཔྱད་གླེང་བའི་གསུང་བཤད་སྐར་མ་ ༡༥ དང་། གླེང་སློང་བའི་དུས་ཡུན་སྐར་མ་ ༠༥ དེ་བཞིན་དུ་མཁན་སློབ་རྣམས་ལ་དྲི་བ་དྲི་ལན་གྱི་དུས་ཡུན་སྐར་མ་ ༥༥ དང་། སློབ་ཕྲུག་རྣམས་ལ་དུས་ཡུན་སྐར་མ་ ༡༥ མཐར་གཙོ་སྐྱོང་བས་མཇུག་སྡོམ་གསལ་བཤད་སྐར་མ་ ༠༥ གནང་སྟེ་ཐེངས་འདིའི་བགྲོ་གླེང་མཇུག་བསྡུས་སོ།།

ལོ་རིམ་འོག་མའི་ཟླ་རྒྱུགས་ཀྱི་རིམ་པ།

ལོ་ལྟར་ལོ་རིམ་འོག་མ་སྔོན་འགྲོ་འཛིན་གྲྭ་དང་། ལོ་རིམ་དང་པོ། གཉིས་པ་བཅས་ཀྱི་རྩ་བའི་སློབ་ཚན་ལ་ཟླ་རྒྱུགས་གཏོང་སྲོལ་ཡོད་པ་ལྟར་ད་ལོར་ཡང་སྔོན་འགྲོ་འཛིན་གྲྭའི་སློབ་ཚན་དག་ཡིག་ལ་ཟླ་རྒྱུགས་ཐེངས་གཉིས་དང་། ལེགས་བཤད་ལྗོན་དབང་དང་དཀའ་གནད་གསལ་བའི་མེ་ལོང་ལ་ཟླ་རྒྱུགས་ཐེངས་རེ་དང་། དེ་བཞིན་ལོ་རིམ་དང་པོའི་རྩ་བའི་སློབ་ཚན་སྤྱོད་འཇུག་དང་། སྡོམ་གསུམ་ལ་ཟླ་རྒྱུགས་གཉིས་རེ་བཅས་སྔ་ཕྱིར་ཁྱོན་བསྡོམས་པས་ཟླ་རྒྱུགས་ཐེངས་བཞི། ལོ་རིམ་གཉིས་པའི་རྩ་བའི་སློབ་ཚན་དབུ་མ་རྒྱན་དང་། མཁས་འཇུག་ལའང་ཟླ་རྒྱུགས་གཉིས་རེ་བཅས་སྔ་ཕྱིར་ཁྱོན་བསྡོམས་པས་ཟླ་རྒྱུགས་ཐེངས་བཞི་བཏང་ཡོད།

མཁན་ཆེན་པདྨ་ཤེས་རབ་མཆོག་གིས་དགེ་ཚུལ་སློང་གི་སྡོམ་པ་གནང་བའི་སྐོར།

མཁན་ཆེན་པདྨ་ཤེས་རབ་མཆོག་ནས་ད་ལོའི་ཆར་ཕྱོགས་མཐའ་ཁག་གི་དགོན་སྡེ་དང་། རང་དགོན་གྱི་གྲྭ་ཚང་། སྔ་འགྱུར་མཐོ་སློབ་ཆེན་མོ། གཞི་རིམ་སློབ་གྲྭ། བཙུན་དགོན་བཅས་ཀྱི་དགེ་ཚུལ་སྡོམ་པ་ཞུ་མཁན་གྲངས་ ༡༤༥  དང་། དགེ་སློང་སྡོམ་པ་ཞུ་མཁན་གྲངས་ ༡༥༠ སྟེ་ཁྱོན་བསྡོམས་དགེ་འདུན་བཙུན་པ་དང་བཙུན་མ་ ༢༩༥ ལ་སྨིན་གླིང་ལོ་ཆེན་དྷརྨ་ཤྲཱིའི་རབ་བྱུང་གཞིའི་ཆོ་ག་རིན་ཆེན་ཐེམ་སྐས་གཞིར་བཟུང་གིས་དགེ་ཚུལ་སློང་གི་སྡོམ་པ་གནང་ཡོད།

ལོ་མཇུག་གི་ཞབས་རིམ་དང་ཡིག་རྒྱུགས་ཆེན་མོའི་སྐོར།

ཕྱི་ཟླ་ ༡༡ ཚེས་ ༠༣ བོད་ཟླ་ ༠༩ ཚེས་ ༢༡ རེས་གཟའ་པ་སངས་ཉིན་སྔ་འགྱུར་མཐོ་སློབ་ཆེན་མོའི་དཔེ་ཁྲིད་མཚམས་འཇོག་གནང་སྟེ། དེའི་ཕྱི་ཉིན་བོད་ཚེས་ ༢༢ ཕྱི་ཚེས་ ༠༤ རེས་གཟའ་སྤེན་པ། རྒྱལ་བ་ལྷ་ལས་བབས་པའི་དུས་བཟང་ཁྱད་པར་ཅན་གྱི་སྔ་དྲོའི་ཆར་དུས་རྒྱུན་ལྟར་རྩོད་པ་འཚོགས་རྗེས། དེ་ནས་དགེ་སློབ་རྣམས་ལྷན་གཅིག་ཏུ་འཛོམས་ཏེ་བཀྲ་ཤིས་ཚིག་བཟང་གི་སྒོ་ནས་ལོ་འདིའི་རྩོད་པའི་རིམ་པ་མཇུག་བསྡུས།

ཕྱི་ཚེས་ ༠༥ ནས་ ༠༧ བར་ཉིན་གསུམ་གྱི་རིང་སྔོན་འགྲོ་འཛིན་གྲྭའི་སློབ་ཕྲུག་རྣམས་ཀྱིས་རྩོད་རྒྱུགས་ཕུལ་གནང་ཞིང་། གཞན་ལོ་རིམ་དང་པོ་ནས་དགུ་པའི་བར་གྱི་སློབ་གཉེར་བ་ཡོངས་ནས་རྒྱལ་བའི་བཀའ་འགྱུར་དག་ཚར་དང་། ཕུར་བཟློག བསང་གསོལ་ཁ་བཅས་འཚོགས་གནང་ཡོད།

ཕྱི་ཟླ་ ༡༡ ཚེས་ ༡༦ བོད་ཟླ་  ༡༠ ཚེས་ ༠༣ ནས་ལོ་འཁོར་ཡིག་རྒྱུགས་ཆེན་མོའི་རང་སྦྱོང་དབུ་བཙུགས། ཕྱི་ཟླ་ ༡༢ ཚེས་ ༠༩ བོད་ཟླ་ ༡༠ ཚེས་ ༢༧ རེས་གཟའ་ཕུར་བུ་ནས་ལོ་འཁོར་ཡིག་རྒྱུགས་ཆེན་མོ་དངོས་སུ་དབུ་བཙུགས་ཏེ། ཕྱི་ཟླ་ ༡༢ ཚེས་ ༢༥ བོད་ཟླ་ ༡༡ ཚེས་ ༡༤ ཉིན་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི་ལོ་འཁོར་ཡིག་རྒྱུགས་ཆེན་མོ་མཐའ་གྲུབ་ཅིང་དགེ་འདུན་པ་རྣམས་རྒྱལ་ཡོངས་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་སྐབས་སོ་ལྔ་པར་ཕེབས་ལ་ཉེ་བ་བཅས་སོ།།

ཡེ་ཤེས་འོད་གསལ་ཤེས་རབ་རལ་གྲི་གླིང་གི་ཟླ་དྲུག་ཕྱི་མའི་མཛད་རིམ་སྙིང་བསྡུས།

སྔར་སྲོལ་ལྟར་ལོ་འགོའི་དཔེ་ཁྲིད་དབུ་བཙུགས་ནས་རྩ་བ་དང་ཡན་ལག་གི་སློབ་ཚན་སུམ་རྟགས་དག་གསུམ། རྒྱལ་རབས། ཆོས་འབྱུང་། བཤེས་སྤྲིངས། རྒྱལ་སྲས་ལག་ལེན། བློ་རྟགས་བསྡུས་གསུམ། དབྱིན་བོད་ཀྱི་སྐད་ཡིག་སློབ་དེབ། འབུད་རྡུང་བཅའ་དཀྲོལ་དང་འབྲེལ་བའི་འདོན་ཆོ་ག་ཕྱག་ལེན་སོགས་ཕྱི་ནང་གི་རིག་པའི་གནས་རྣམས་ཟླ་དྲུག་སྔ་ཕྱི་གཉིས་སུ་བགོས་ནས་སློབ་སྟོན་གནང་བཞིན་པ་དང་། རྣམ་གྲོལ་གླིང་གི་ལྷ་རྗེ་སྨན་པ་ཨང་རྒྱལ་ལུ་ལགས་ནས་དུས་དང་དུས་སུ་གཞི་རིམ་སློབ་གྲྭར་ཕེབས་ཏེ་སློབ་ཕྲུག་རྣམས་ལ་གཟིགས་རྟོག་གནང་དང་གནང་མུས་ལྟར། ཕྱི་ཟླ་ ༠༧ ཚེས་ ༠༢ ཉིན་སློབ་གྲྭར་ཆེད་དུ་ཕེབས་ནས་དགེ་སློབ་ཡོངས་ལ་འཕྲོད་བསྟེན་ཤེས་བྱའི་སྐོར་ངོ་སྤྲོད་དང་འབྲེལ་རྒྱུན་དུ་ཟས་སྤྱོད་ཇི་ལྟར་བསྟེན་དགོས་ཚུལ་སོགས་ཀྱི་ལམ་སྟོན་གནང་།

ཕྱི་ཟླ་ ༠༧ ཚེས་ ༢༨ ཉིན་ཟླ་དྲུག་སྔ་མའི་དཔེ་ཁྲིད་མཚམས་འཇོག་གི་གུང་སེང་དང་བསྟུན་ནས། སློབ་གྲྭའི་སློབ་སྤྱི་མཁན་པོ་ལས་ཀྱི་རྟ་མགྲིན་མཆོག་དབུ་བཞུགས་ཐོག རྩེད་རིགས་ཚོགས་ཆུང་གི་ངོས་ནས་རྩེད་རིགས་འདྲ་མིན་སྣ་ཚོགས་གོ་སྒྲིག་ཞུས་པ་བཞིན་སློབ་ཕྲུག་རྣམས་ཀྱིས་དགའ་སྤྲོའི་ངང་བག་ཡངས་གནང་སྟེ། ཕྱི་ཟླ་ ༠༨ ཚེས་ ༠༢ ཉིན་སླར་ཡང་ཟླ་དྲུག་ཕྱི་མའི་དཔེ་ཁྲིད་དབུ་འཛུགས་གནང་ཡོད།

ཕྱི་ཟླ་ ༠༨ ཚེས་ ༡༡ རེས་གཟའ་པ་སངས་ཉིན་དགེ་སློབ་ཡོངས་རྫོགས་ལྷན་འཛོམས་ཐོག་འབྲེལ་ཡོད་འདས་གསོན་རྣམས་ཀྱི་ཆེད་དུ་བར་བསམ་སྒྲོལ་གསུམ་དང་། གདུགས་ཤེར་སེང་གསུམ། གསུར། བསྔོ་སྨོན་བཅས་གསུངས་གནང་ཡོད།

 ཕྱི་ཟླ་ ༠༨ ཚེས་ ༡༥ རེས་གཟའ་མིག་དམར་ཉིན། རྒྱ་གར་རང་བཙན་ཐོབ་ནས་ལོ་ངོ་ ༧༦ འཁོར་བའི་དུས་ཆེན་ཁྱད་པར་ཅན་ལ་སློབ་ཕྲུག་རྣམས་ནས་རྒྱ་གར་རྒྱལ་དར་ཕྱར་ཞིང་རྒྱལ་གླུ་བླངས་ཏེ་དུས་དྲན་སྲུང་བརྩི་ཞུས་ཡོད། ཕྱི་ཟླ་ ༠༨ ཚེས་ ༢༡/༢༢/༢༣ བཅས་ཉིན་གསུམ་གྱི་རིང་ཡེ་ཤེས་འོད་གསལ་ཤེས་རབ་རལ་གྲི་གླིང་གི་སློབ་ཕྲུག་རྣམས་ཀྱི་སྐད་རིགས་རྒྱུགས་སྤྲོད་ཐེངས་གཉིས་པ་གྲུབ།

འཆར་ཅན་བཞིན་གཞི་རིམ་སློབ་གྲྭའི་འདུས་མང་ཡོངས་ནས་ཟླ་མཇུག་ལ་གསུར་མཆོད་དང་བསྔོ་སྨོན་གསུང་སྲོལ་ཡོད་པ་བཞིན་ཕྱི་ཟླ་ ༠༩ ཚེས་ ༠༨ ཉིན་གསུར་མཆོད་དང་འབྲེལ་སྐད་རིགས་རྒྱུགས་སྤྲོད་ཐེངས་གཉིས་པའི་རྒྱུགས་འབྲས་གསལ་བཤད་དང་། སློབ་ཕྲུག་རྣམས་ལ་དབྱར་གནས་གུང་སེང་དང་འབྲེལ་བའི་བཀའ་སློབ་བསྩལ་ཡོད།  ཕྱི་ཟླ་ ༠༩ ཚེས་ ༠༥ ཉིན་ཡེ་ཤེས་འོད་གསལ་ཤེས་རབ་རལ་གྲི་གླིང་གི་འཛིན་གྲྭ་འᨖག་མ་རྣམས་ཀྱིས་ཟླ་དྲུག་ཕྱི་མའི་དབྱིན་ཇི་ཡིག་རྒྱུགས་ཐེངས་དང་པོ་བཏང་བ་དང་། ཕྱི་ཟླ་ ༠༩ ཚེས་ ༡༩ ད་ལོའི་དབྱར་གནས་མཇུག་གྲུབ་མཚམས་དང་བསྟུན་ནས་གཞི་རིམ་སློབ་གྲྭའི་སློབ་ཕྲུག་རྣམས་ཀྱི་རྩེད་ཐང་གསར་པ་དེ་སློབ་གྲྭའི་སློབ་སྤྱི་མཁན་པོ་ལས་ཀྱི་རྟ་མགྲིན་མཆོག་དབུ་བཞུགས་ཐོག་མཁན་སློབ་དགེ་བའི་བཤེས་གཉེན་ཡོངས་ཀྱིས་སྒོ་འབྱེད་མཛད་སྒོ་གནང་།

ཕྱི་ཟླ་ ༠༩ པའི་ཚེས་ ༢༢ ཉིན་ཡེ་ཤེས་འོད་གསལ་ཤེས་རབ་རལ་གྲི་གླིང་གི་སློབ་ཕྲུག་རྣམས་ཀྱིས་ཟླ་དྲུག་ཕྱི་མའི་ཡིག་རྒྱུགས་ཐེངས་དང་པོ་བཏང་ཡོད། ཕྱི་ཟླ་ ༠༩ ཚེས་ ༢༩ ཉིན་གཞི་རིམ་སློབ་གྲྭའི་དགེ་རྒན་དང་འཛིན་གྲྭ་གསུམ་པ་མན་ཆོད་ཀྱི་སློབ་ཕྲུག་རྣམས་ཐུགས་སྤྲོར་ཕེབས།

ཕྱི་ཟླ་ ༡༠ ཚེས་ ༡༢ དང་ ༡༣ གྱི་དགོང་མོར་ཀ་ཁ་འཛིན་གྲྭ་ནས་བཟུང་སྟེ་འཛིན་རིམ་བརྒྱད་པའི་བར་གྱི་སློབ་གཉེར་བ་རྣམས་ཀྱིས་བོད་ཡིག་གི་ཡིག་གཟུགས་དང་དབྱིན་ཇིའི་ཡིག་གཟུགས་གཉིས་ཀྱི་དངོས་གཞིའི་འགྲན་སྡུར་གནང་། དེའང་ཀ་ཁ་འཛིན་གྲྭ་ནས་གསུམ་པའི་བར་དབུ་མེད་ཚུགས་རིང་དང་། འཛིན་རིམ་བཞི་པ་ནས་དྲུག་པའི་བར་དབུ་མེད་འཁྱུག་ཡིག འཛིན་རིམ་བདུན་པ་དང་བརྒྱད་པ་གཉིས་ཀྱིས་དབུ་ཅན་དང་། གཞན་ཡང་སློབ་ཕྲུག་ཡོངས་ནས་དབྱིན་ཇིའི་ཡིག་གཟུགས་ལའང་སྔོན་འགྲོ་དང་དངོས་གཞི་བཅས་རིམ་པ་གསུམ་གྱི་སྒོ་ནས་འགྲན་སྡུར་གནང་ཡོད།

ཕྱི་ཟླ་ ༡༠ ཚེས་ ༠༨ ཉིན་གྱི་དགོང་མོར་རྣམ་གླིང་གཞི་རིམ་སློབ་གྲྭའི་ཀ་ཁ་འཛིན་གྲྭ་ནས་བཟུང་སྟེ་འཛིན་རིམ་བརྒྱད་པའི་བར་གྱི་སློབ་གཉེར་བ་རྣམས་ཀྱིས་དངོས་གཞིའི་རི་མོ་འགྲན་སྡུར་ཐེངས་དང་པོ་བཏང་གནང་ཡོད། དེ་སྔོན་ཟླ་འདིའི་ཚེས་ ༢/༣/༤ བཅས་ཀྱི་སྔ་དགོང་གཉིས་ལ་འཛིན་གྲྭ་སོ་སོའི་འཛིན་ཁང་དུ་སློབ་གཉེར་བ་རྣམས་ཀྱིས་སྔོན་འགྲོ་རི་མོ་འགྲན་སྡུར་གནང་སྟེ་འཛིན་གྲྭ་རེའི་ནང་ནས་སྐབས་ཐོབ་དགེ་རྒན་གྱིས་རི་མོ་རྩེ་ཕུད་བཅུ་ལས་མི་ཉུང་བ་བདམས་ནས་དངོས་གཞིའི་འགྲན་སྡུར་ནང་མཉམ་ཞུགས་བྱས་ཡོད། བོད་ཡིག་དང་དབྱིན་ཡིག་བཅས་ཀྱི་དངོས་གཞིའི་ཡིག་གཟུགས་འགྲན་སྡུར་ནང་ཚུད་པའི་སློབ་གཉེར་བ་ཡོངས་ཀྱིས་ཕྱི་ཟླ་ ༡༠ ཚེས་ ༡༠ ཉིན་གྱི་དགོང་མོར་ཡིག་གཟུགས་འགྲན་སྡུར་ཐེངས་གཉིས་པ་དང་། དེ་བཞིན་རི་མོའི་དངོས་གཞིའི་འགྲན་སྡུར་ནང་ཚུད་པའི་སློབ་གཉེར་བ་ཡོངས་ཀྱིས་ཕྱི་ཟླ་ ༡༠ ཚེས་ ༡༤ རེས་གཟའ་མིག་དམར་གྱི་དགོང་མོར་རི་མོའི་འགྲན་སྡུར་ཐེངས་གཉིས་པ་དེ་བཏང་གནང་ཡོད། ཕྱི་ཟླ་ ༡༠ པའི་ཚེས་ ༢༦ རེས་གཟའ་ལྷག་པའི་ཉིན་རྣམ་གླིང་གཞི་རིམ་སློབ་གྲྭའི་མཁན་སློབ་དགེ་བའི་བཤེས་གཉེན་རྣམས་དང་སློབ་ཕྲུག་ཡོངས་ནས་སྤྱིར་འཛམ་གླིང་ཡོངས་དང་སྒོས་སུ་སློབ་གྲྭའི་ཕྱི་ནང་གསང་གསུམ་གྱི་རྐྱེན་ངན་བར་ཆད་ཞི་བའི་ཆེད་དུ་དམིགས་ཏེ་བསང་དང་གསོལ་ཁའི་ཞབས་རིམ་འཚོགས་གནང་།

ཕྱི་ཟླ་ ༡༠ ཚེས་ ༢༠ ཉིན་འཛིན་གྲྭ་འོག་མ་རྣམས་ཀྱིས་ཟླ་དྲུག་ཕྱི་མའི་དབྱིན་ཇི་དང་ཨང་རྩིས་ཟླ་རྒྱུགས་ཐེངས་གཉིས་པ་བཏང་། ཕྱི་ཟླ་ ༡༠ ཚེས་ ༣༡ ཉིན་ཟླ་དྲུག་ཕྱི་མའི་སློབ་དེབ་ཟླ་རྒྱུགས་ཐེངས་གཉིས་པ་བཏང་། ཕྱི་ཟླ་ ༡༡ ཚེས་ ༠༡ ཉིན་འཛིན་གྲྭ་གོང་མ་རྣམས་ཀྱིས་རྩོད་རྒྱུགས་ཕུལ་པ་དང་། ལོ་འཁོར་མོ་གཅིག་གི་དཔེ་ཁྲིད་ཀྱང་མཚམས་འཇོག་གནང་།

ཕྱི་ཟླ་ ༡༡ ཚེས་ ༠༨ ཉིན་ལོ་འཁོར་མོ་གཅིག་གི་ཆོ་ག་ཕྱག་ལེན་གྱི་རྒྱུགས་སྤྲོད་བཏང་། ཕྱི་ཚེས་ ༡༨ ནས་ཉིན་གསུམ་གྱི་རིང་རང་སྦྱོང་གི་གུང་སེང་དང་། ཕྱི་ཟླ་ ༡༡ ཚེས་ ༡༡ ནས་བདུན་ཕྲག་གཅིག་གི་རིང་ལ་ལོ་འཁོར་ཡིག་རྒྱུགས་ཀྱི་རང་སྦྱོང་གནང་ནས། ཕྱི་ལོ་ ༢༠༢༣ ལོའི་ཕྱི་ཟླ་ ༡༡ ཚེས་ ༡༦ བོད་ཟླ་ ༡༠ ཚེས་ ༠༣ ཉིན་ལོ་འདིའི་ལོ་འཁོར་རྒྱུགས་སྤྲོད་ཐེངས་དང་པོ་དབུ་བཙུགས་ཏེ། མཐར་ཕྱི་ཟླ་ ༡༢ ཚེས་ ༡༥ ཉིན་མཐའ་གྲུབ་ནས། གནས་མཆོག་རྡོ་རྗེ་གདན་ལ་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོར་ཕེབས་འཆར་ཡོད་པ་བཅས་སོ།།

སྔ་འགྱུར་བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་དར་རྒྱས་གླིང་གི་ཟླ་དྲུག་ཕྱི་མའི་མཛད་རིམ།

བཙུན་དགོན་གྲྭ་ཚང་གི་མཛད་རིམ་སྙིང་བསྡུས།

༸སྐྱབས་རྗེ་གྲུབ་དབང་རིན་པོ་ཆེའི་བཀའ་དགོངས་བཞིན། ཉིན་ལྟར་བཙུན་མ་རྣམས་རེ་མོས་ཀྱིས་སྔ་དྲོར་སྒྲོལ་ཆོག་དང་། ཕྱི་དྲོར་སྙིང་ཐིག་གསོལ་ཁ། བསྔོ་སྨོན་བཅས་ཆག་མེད་འཚོག་བཞིན་པ་དང་། དེ་བཞིན་བླ་མ་རྡོ་རྗེ་སློབ་དཔོན་རྣམས་རེ་མོས་ཀྱིས་དབུ་བཞུགས་ཐོག་ཚེས་བཅུའི་ཉིན་བླ་མ་རིག་འཛིན་འདུས་པ་དང་། ཉེར་ལྔ་ལ་ཡུམ་ཀ་བདེ་ཆེན་རྒྱལ་མོའི་ཚོགས་མཆོད་ཀྱང་རྒྱུན་ལྡན་ལྟར་འབུལ་བཞིན་ཡོད།

ཕྱི་ཟླ་ ༠༨ པའི་ཚེས་ ༠༣ ནས་དབུ་བཙུགས་ཏེ་ཕྱི་ཟླ་ ༠༩ པའི་ཚེས་ ༡༣ བར་སྔར་སྲོལ་ལྟར་དབྱར་གནས་སྐབས་ཟླ་བ་གཅིག་དང་ཕྱེད་ཀྱི་རིང་ལ་རྡོ་རྗེ་སློབ་དཔོན་བླ་མ་ཕུར་པ་ཕྲིན་ལས་དབུ་བཞུགས་ཐོག་གྲྭ་ཚང་གི་བཙུན་མ་རྣམས་དང་། སློབ་གྲྭའི་འཛིན་གྲྭ་ལྔ་པ་ཡན་ཆད་ཀྱི་སློབ་གཉེར་བ་རྣམ་པས་སྙིང་ཐིག་གསོལ་ཁ་དང་། མཁའ་འགྲོ་སེང་གདོང་མའི་ཟློག་པ། ཕུར་བཟློག རཏ་གླིང་ཚེ་ཆོག ཀར་གླིང་ཞི་ཁྲོ། དགེ་སློང་མ་དཔལ་མོའི་སྨྱུང་གནས་ཀྱི་ཆོ་ག་ཆ་བཞི་བཅས་འཚོགས་ནས། མཐར་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་ཞལ་ཕྱེ་སྟེ་གཏང་རག་གི་ཚོགས་འཁོར་བསྐོར་ནས་མཐའ་གྲུབ།

འདི་ལོར་སློབ་དཔོན་མ་དང་གྲྭ་ཚང་གི་བཙུན་མ་འགའ་ཞིག་འབུམ་ལྔ་བསགས་སྦྱང་གནང་ཡོད་པས། ཕྱི་ཟླ་ ༡༡ ཚེས་ ༠༤ རྒྱལ་བ་ལྷ་ལས་བབས་པའི་དུས་ཆེན་ཉིན་ཚོགས་འཁོར་གཏང་རག་དང་བཅས་མཐའ་གྲུབ།

ཕྱི་ལོ་ ༢༠༢༤ ཟླ་ ༠༡ པོའི་ནང་བཙུན་མ་ ༣༠༠ ལྷག་ཙམ་རྡོར་གདན་སྔ་འགྱུར་སྨོན་ལམ་ཆེན་མོ་སྐབས་སོ་ལྔ་པར་ཕེབས་འཆར་ཡིན་པ་བཅས་སོ།།

བཙུན་དགོན་བཤད་གྲྭ་མཚོ་རྒྱལ་བཤད་སྒྲུབ་ཐོས་བསམ་དགའ་བའི་ཚལ་གྱི་མཛད་རིམ་སྙིང་བསྡུས།

 ཕྱི་ལོ་ ༢༠༢༣ ཟླ་ ༠༨ པའི་ཚེས་ ༠༣ བོད་ཟླ་ ༠༦ པའི་ཚེས་ ༡༦ ཉིན་སྔར་སྲོལ་ལྟར་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་དང་། བཙུན་དགོན་བཤད་གྲྭ་ཐོས་བསམ་དགའ་བའི་ཚལ་གཉིས་ཀྱི་ཚོགས་གཙོ་གཅིག་ལྕོགས་མཁན་རིན་པོ་ཆེ་ཚུལ་ཁྲིམས་བསྟན་དར་མཆོག་དབྱར་གནས་ཀྱི་མཁན་པོར་དབུ་བཞུགས་ཐོག བཙུན་མ་ཉིས་བརྒྱ་ལྷག་ཙམ་གྱིས་གཙོ་བོ་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི་མཁན་སློབ་དང་དགེ་འདུན་རྣམ་པ་དང་ལྷན་དུ་དབྱར་ཁས་བླངས་པ་དང་། དེ་ནས་ཉིན་རེར་ཐུན་གསུམ་དུ་བགོས་ཏེ་ཞོགས་པའི་ཆར་རྒྱུན་ཆགས་གསུམ་པ་དང་། ཉིན་གུང་གདུགས་ཚོད་ཀྱི་སྐབས་དཀོན་མཆོག་རྗེས་དྲན། བར་བསམ་སྒྲོལ་གསུམ། གདུགས་ཤེར་སེང་གསུམ་གྱི་ཞབས་རིམ་ཁག་དང་། དགོང་མོའི་ཆར་གཞུང་ཆེན་ཁག་གི་རྩ་བ་རེ་མོས་དང་བསྔོ་སྨོན་ཞབས་རིམ་གསུངས་གནང་བ་དང་།

དབྱར་གནས་སྐབས་འཆད་རྩོད་རྩོམ་གསུམ་གྱི་མཛད་རིམ་ཁག་ལས། འཆད་པའི་རིམ་པ་ནི་ལོ་རིམ་བདུན་པའི་སློབ་གཉེར་བ་རྣམས་ཀྱིས་སྤྱི་དོན་འོད་གསལ་སྙིང་པོ་དང་། དྲུག་པའི་སློབ་གཉེར་བ་རྣམས་ཀྱིས་ཤེར་ཕྱིན་དཔལ་སྤྲུལ་སྤྱི་དོན་གྱི་འཆད་རྒྱུགས་ཕུལ་ཡོད།

རྩོད་པའི་རིམ་པ་ལ་ལོ་རིམ་དང་པོ་དང་། གཉིས་པ། གསུམ་པ། བཞི་པ་བཅས་ཀྱི་སློབ་ཕྲུག་རྣམས་ཀྱིས་རིམ་བཞིན་རྟགས་རིགས། དབུ་མ་རྒྱན། དབུ་མ་ལ་འཇུག་པ། མངོན་པ་མཛོད་བཅས་ཀྱི་བརྗོད་བྱའི་དཀའ་གནད་ཁག་ལ་རྩོད་རྒྱུགས་ཕུལ་ཡོད་ཅིང་། དེ་བཞིན་དུ་ལོ་རིམ་གཉིས་པ་ནས་དགུ་པའི་བར་ལོ་རིམ་གོང་འོག་ཕན་ཚུན་རྟགས་གསལ་དང་དམ་བཅའ་འགྲན་སྡུར་གྱིས་རྩོད་པའི་རིམ་པ་རྣམས་ལེགས་པར་གྲུབ་ཡོད།

ལོ་རིམ་བརྒྱད་པའི་སློབ་གཉེར་བ་ཡོངས་ནས་མདོ་སྡེ་རྒྱན་གྱི་བརྗོད་གཞི་འགའ་ཞིག་གི་ཐོག་ལ་དཔྱད་རྩོམ་རེ་བྲིས་གནང་ཞིང་། དེ་ལས་རྩེ་ཕུད་རྣམས་འདེམས་སྒྲུག་བྱས་ཏེ་དམ་བཅའ་བཞུགས་ནས། གཙོ་བོ་ལོ་རིམ་བརྒྱད་པའི་སློབ་ཕྲུག་ཡོངས་ནས་དྲི་བ་བཀོད་ཡོད་པ་དང་། གཞན་ཡང་ལོ་རིམ་གཉིས་པ་ནས་དགུ་པའི་བར་གྱི་སློབ་གཉེར་བས་རང་མོས་ལྟར་དྲི་བ་བཀོད་གནང་ཡོད།

སྔོན་འགྲོ་འཛིན་གྲྭའི་སློབ་གཉེར་བ་རྣམ་པས་ཡིག་གཟུགས་འགྲན་སྡུར་དང་། དམིགས་གསལ་ད་ལོའི་ཆར་སྔ་འགྱུར་མཐོ་སློབ་ཆེན་མོ་དང་གཅིག་མཚུངས་སྔོན་འགྲོ་འཛིན་གྲྭའི་སློབ་གཉེར་བ་རྣམས་ཀྱིས་རིག་གནས་འགྲན་སྡུར་གནང་ཡོད། གཞན་དགག་དབྱེའི་སྦྱོར་ཆོས་དང་མཐར་ལྗོངས་རྒྱུ་དང་བཅས་པའི་དུས་ཚོད་ནི་སྔ་འགྱུར་མཐོ་སློབ་ཆེན་མོ་དང་གཅིག་མཚུངས་ཡིན།

ཕྱི་ཟླ་ ༡༡ པའི་ཚེས་ ༠༣ ཉིན། ད་ལོའི་ལོ་འཁོར་མོ་གཅིག་གི་དཔེ་ཁྲིད་ཡོངས་སུ་རྫོགས་པ་མཐའ་གྲུབ་པ་དང་། ཕྱི་ཚེས་ ༠༤ རྒྱལ་བ་ལྷ་ལས་བབས་པའི་དུས་བཟང་ཁྱད་པར་ཅན་གྱི་སྔ་དྲོའི་ཆར་དུས་རྒྱུན་ལྟར་རྩོད་པ་འཚོགས་རྗེས། དེ་ནས་དགེ་སློབ་རྣམས་ལྷན་གཅིག་ཏུ་འཛོམས་ཏེ་བཀྲ་ཤིས་ཚིག་བཟང་གི་སྒོ་ནས་ལོ་འདིའི་རྩོད་པའི་རིམ་པ་མཇུག་བསྡུས།

ཕྱི་ཟླ་ ༡༡ པའི་ཚེས་ ༠༦ ཉིན་སྔོན་འགྲོ་འཛིན་གྲྭའི་ལོ་འཁོར་རྩོད་རྒྱུགས་བཏང་བ་དང་། ཕྱི་ཚེས་ ༡༦ ནས་ལོ་འཁོར་རྒྱུགས་སྤྲོད་ཆེན་མོའི་རང་སྦྱོང་དབུ་བཙུགས་ཏེ། ཕྱི་ཟླ་ ༡༢ པའི་ཚེས་ ༠༩ བར་རང་སྦྱོང་དང་། ཕྱི་ཟླ་ ༡༢ པའི་ཚེས་ ༡༠ ནས་བཟུང་ཉིན་གསུམ་རེའི་རྗེས་སུ་ཡིག་རྒྱུགས་རེ་བཏང་སྟེ། ཕྱི་ཟླ་ ༡༢ པའི་ཚེས་ ༢༦ ཉིན་ལེགས་པར་མཐའ་གྲུབ་བོ།།

བཙུན་དགོན་གཞི་རིམ་སློབ་གྲྭ་ཐུབ་བསྟན་པད་ཚལ་གླིང་གི་མཛད་རིམ་སྙིང་བསྡུས།

སྔར་སྲོལ་ལྟར་བཙུན་དགོན་གྱི་གཞི་རིམ་སློབ་གྲྭ་ཐུབ་བསྟན་པད་ཚལ་གླིང་གི་སློབ་ཕྲུག་རྣམས་ཀྱིས་རྒྱུན་དུ་ཞོགས་པའི་ཆར་བར་བསམ་སྒྲོལ་གསུམ།  སྔོན་འགྲོའི་ཞལ་འདོན། གདུགས་ཤེར་སེང་གསུམ།  ཚེ་མདོ་ཚེ་གཟུངས། བཀྲ་ཤིས་སྨོན་ལམ། ཞབས་བརྟན་ཁག་དང་། དགོང་དྲོའི་ཆར་སྨོན་ལམ་རྣམ་གསུམ་དང་འཇམ་དཔལ་མཚན་བརྗོད། གསོལ་འདེབས་ལེའུ་བདུན་མ་སོགས་རེ་མོས་ཀྱིས་འདོན་བཞིན་པ་དང་། གཞན་ཡང་རྒྱུན་དུ་སློབ་ཕྲུག་རྣམས་ཀྱིས་ཀློག་རྩལ་དང་བྲི་གཟུགས་སྦྱོང་བརྡར་དང་། དེེ་བཞིན་ཆོས་འབྱུང་། རྒྱལ་རབས། སུམ་རྟགས་དག་གསུམ་དང་། ནང་ཆོས་ངོ་སྤྲོད་སོགས་དབྱིན་བོད་ཀྱི་སྐད་ཡིག་གི་སློབ་ཚན་མང་པོ་ཞིག་ལ་ཐོས་བསམ་སློབ་གཉེར་བྱེད་བཞིན་ཡོད། དེ་བཞིན་སློབ་ཕྲུག་རྣམས་ཀྱིས་སུམ་རྟགས་དག་གསུམ་དང་། དབྱིན་ཡིག་གི་སྙན་རྩོམ་སོགས་ལ་འཛིན་གྲྭ་གོང་འོག་འགྲན་སྡུར་གནང་ཞིང་། གཏོར་བཟོ་དཀར་རྒྱན་དང་།  འབུད་རྡུང་དཀྲོལ་གསུམ། རི་མོ་བཅས་ཀྱི་རྒྱུགས་སྤྲོད་ཀྱང་རིམ་བཞིན་བཏང་བ་དང་། དེ་དག་ལས་རྩེ་ཕུད་དུ་སོན་པའི་སློབ་ཕྲུག་རྣམས་ལ་བྱ་དགའ་གནང་ཡོད།

ཕྱི་ཟླ་ ༡༡ ཚེས་ ༢༨ ཉིན་ནས་བཟུང་ལོ་འཁོར་རྒྱུགས་སྤྲོད་ཆེན་མོའི་རང་སྦྱོང་འགོ་བཙུགས་པ་དང་། ཕྱི་ཟླ་ ༡༢ ཚེས་ ༠༥ ཉིན་སློབ་གྲྭའི་ལོ་འཁོར་རྒྱུགས་སྤྲོད་འགོ་བཙུགས་ཏེ། ཕྱི་ལོ་ ༢༠༢༣ ཟླ་ ༡༢ ཚེས་ ༢༡ ཉིན་མཐའ་གྲུབ། གཞན་སྔ་འགྱུར་རྡོར་གདན་སྨོན་ལམ་ཆེན་མོ་ལ་ཕེབས་རྒྱུ་དང་གུང་སེང་རྣམས་སྔ་འགྱུར་མཐོ་སློབ་ཆེན་མོ་དང་གཅིག་མཚུངས་ཡིན།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།