ལྐོག་ན་མོ།

རྩོམ་སྒྲིག་པ།

གྲལ་མགོར་བཞག་ན་དོན་བྱེད་མི་ནུས་ཀྱང་།།
སྐབས་རེར་གོང་དུ་འཇོག་པའི་སྲོལ་ཡང་མཆིས།།
གྲལ་མཇུག་བཞག་ན་ཅི་ཡང་འཇོན་ཐང་ཅན།།
དངོས་པོ་དེ་ཡི་མཚན་ལ་ཅི་ཞིག་ཞུ།།

ལ་ལས་ལྷ་ཁང་ནང་དུ་དད་རྟེན་འཇོག།
ཁ་ཅིག་གསང་སྤྱོད་ནང་དུ་འཕོངས་ཀྱང་འབྱིད།།
བླང་དང་དོར་བྱ་གཅིག་ཏུ་མ་ངེས་ཤིང་།།
ལྕི་ཡང་གཞི་མཐུན་ཡོད་པའི་དངོས་པོ་ཅི།།

ཐོ་རངས་གཏི་མུག་མལ་ནས་ཡར་སློང་ཞིང་།།
ཉིན་མོར་ཤེས་བྱའི་ཡུལ་ལ་ལྟད་མོར་འཁྲིད།།
སྲོད་ལ་བདེ་བའི་མལ་དུ་སྐྱིད་པོར་སྙོལ།།
སྲོག་མེད་བཀའ་དྲིན་ཅན་གྱི་དགེ་རྒན་སུ།།

ཀུན་དང་སྤུན་ལྟར་ཐོག་མེད་ནས་འགྲོགས་ཀྱང་།།
ཀུན་ལ་གནོད་པའི་གཟུགས་མེད་སྤུན་གསུམ་པོ།།
ཀུན་ཀྱིས་དགྲ་རུ་མ་ཤེས་གཉེན་དུ་བརྩིས།།
ཀུན་མཁྱེན་གོ་འཕང་འགོག་པའི་དགྲ་ཆེན་གང་།།

བླ་མ་མིན་ཡང་དམ་ཆོས་བདུད་རྩི་སྩོལ།།
སྦྱིན་བདག་མིན་ཡང་དུས་གསུམ་བཟའ་བཏུང་སྟེར།།
ཕ་མ་མིན་ཡང་གྱོན་གོས་ལུས་ལ་གཡོག།
བླ་མ་སྦྱིན་བདག་ཕ་མ་གཅིག་ལྕོགས་སུ།།

འཇིག་རྟེན་ཆོས་བརྒྱད་རྡོག་རོལ་བཏང་ནས་སུ།།
ལྟོ་གོས་གཏམ་གསུམ་རླུང་ལ་བསྐུར་བྱས་ཏེ།།
དབེན་པའི་རི་ནས་བྱར་མེད་སྐྱིད་ཉལ་ངང་།།
བདེན་གཉིས་ཟུང་འཇུག་མགུར་དུ་འཐེན་མཁན་སུ།།

དོན་དམ་སྟོང་ཉིད་ཤེས་རབ་མཛེས་མ་ཡི།།
བདེན་པའི་ཞལ་རས་མཇལ་བའི་སྐལ་བ་ཕྲ།།
ཀུན་རྫོབ་འཕྱོན་མའི་བསླུ་བྲིད་ངོ་གདོང་ལ།།
ཡང་ཡང་མིག་ཟུང་བཅེར་བའི་གང་ཟག་སུ།།

བདེ་ནས་བདེ་བར་འཁྲིད་པའི་དེད་དཔོན་ཏེ།།
འདི་ཕྱི་ཕན་བདེ་ཀུན་ཀྱི་འབྱུང་བའི་རྒྱུ།།
ང་དང་ཁྱོད་ཀྱི་ཡིད་བཞིན་ནོར་བུ་སྟེ།།
ཉོ་རྒྱུ་མེད་པའི་དངོས་པོ་རྩ་ཆེན་གང་།།

དོན་ལ་བཟང་ངན་ཅི་ཡང་མ་གྲུབ་ཀྱང་།།
ལེགས་ན་དག་པའི་བདེ་ཅན་ཞིང་དུ་འཁྲིད།།
ཉེས་ན་མ་དག་དམྱལ་བའི་གནས་སུ་འདྲུད།།
ལེགས་ཉེས་ཀུན་ཀྱི་སྟངས་འཛིན་བྱེད་པོ་སུ།།

ཕྱུག་བདག་ནོར་གྱིས་ཉོ་རུ་མི་ཐུབ་ཅིང་།།
དབང་ཆེན་རྒྱལ་པོས་བཙན་བཟུང་མི་ནུས་ཀྱང་།།
ཉམ་ཆུང་བན་འཁྱམས་ཆོས་པའི་སེམས་པ་རུ།།
དུས་གསུམ་ཤར་བའི་རྟ་བདུན་དབང་པོ་གང་།།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།