བསྟོད་པ་ཡིད་ཀྱི་དགའ་སྟོན།

ལོ་རིམ་ལྔ་པའི་སློབ་གཉེར་བ། ཚེ་བརྟན་དབང་ཕྱུག

མངོན་བརྗོད་ཚིག་གི་མེ་ཏོག་ཕྲེང་བས་བརྒྱན་ཅིང༌།།
མཚར་སྡུག་ལང་ཚོ་ངོམ་པའི་སྒྲ་དབྱངས་ལྷ་མོ།།
རྒྱུད་མང་དབྱངས་སུ་ལེན་པའི་བུང་བ་བདག་ལ།།
སྙན་ཚིག་ཟེའུ་འབྲུའི་བདུད་རྩི་དངོས་གྲུབ་སྩོལ་དང༌།།

རབ་ཡངས་འཆི་མེད་གྲོང་ནས་འཕོས་པ་མ་ཡིན།།
པད་འབྱུང་མཚོ་སྐྱེས་རིགས་ལས་བལྟམས་པ་མིན་ཀྱང༌།།
གཤིས་བཟང་སོ་ནམ་བུ་མོའི་རུམ་ནས་བཙས་པའི།།
གྲུབ་དབང་བླ་མའི་རང་བཞིན་བརྗོད་ལ་སྤྲོ་འོ།།

སྔོན་ཚེ་བསམ་ཡས་མཆིམས་ཕུའི་རྫོང་ཆེན་ཞིག་ནས།།
གངས་ཅན་བསྟན་པའི་ཉིན་བྱེད་མཚོ་སྐྱེས་རྡོ་རྗེ།།
སྔོན་གྱི་སྨོན་ལམ་མངོན་དུ་གྱུར་པའི་སྟོབས་ཀྱིས།།
བསིལ་ལྡན་ཁ་བའི་ལྗོངས་སུ་ཕེབས་པ་ཇི་བཞིན།།

འཇིགས་མེད་ཐུབ་བསྟན་བཤད་སྒྲུབ་ཆོས་ཀྱི་སྒྲ་དབྱངས།།
ཁྲག་འཐུང་བདུད་འདུལ་རྡོ་རྗེའི་རྒྱུད་པ་ཞིག་དང༌།།
ཡེ་ཤེས་མཁའ་འགྲོ་མ་ཡི་མངལ་དུ་བཞུགས་ནས།།
མཚན་དཔེའི་མེ་ཏོག་སྤོ་བོའི་སྟོད་ནས་བཞད་ཡོད།།

མེས་པོ་གོང་མའི་རིག་གཞུང་ནུབ་ལ་རན་དུས།།
གཅེས་པའི་ལུས་སྲོག་ཡིན་ཡང་རིང་དུ་དོར་ནས།།
རྒྱུས་མེད་ནགས་ཁྲོད་སྟུག་པོར་བྲན་བཞིན་བརྒྱུགས་ཏེ།།
ཆིབས་ཁ་ལྷོ་ཕྱོགས་བེ་ཏའི་ཚལ་དུ་བསྒྱུར་ཡོད།།

རང་དོན་ཁབ་རྩེ་ཙམ་ལའང་ཞེན་པ་དོར་ནས།།
གཞན་དོན་རི་རབ་ཙམ་ཞིག་ཁུར་དུ་བཞེས་ཏེ།།
དཀའ་བ་བརྒྱ་ཕྲག་དུ་མ་ཁྱད་དུ་གསོད་བཞིན།།
སྔ་འགྱུར་བསྟན་པའི་སྲོག་ཤིང་གནམ་ལ་བསྒྲེངས་སོང༌།།

གཡུ་མདོག་སྔོ་ལོས་བརྒྱན་པའི་བེ་ཏའི་ཚལ་དུ།།
ཡིད་འོང་སྙན་པའི་བྱ་སྐད་སྣ་ཚོགས་བསྒྲགས་ཀྱང་།།
རྒྱུད་སྡེ་མན་ངག་ཟབ་མོ་དབྱངས་སུ་ལེན་པའི།།
ཁུ་བྱུག་སེམས་དཔའི་སྤྲུལ་པ་ཁྱེད་མིན་སུ་ཞིག།

རེ་ཞིག་པདྨ་འོད་དུ་ཆིབས་ཁ་བསྒྱུར་ཏེ།།
རྗེ་འབངས་འདུས་ཚོགས་མང་པོའི་བླ་མའི་དྲུང་ནས།།
བཀའ་གཏེར་མདོ་སྔགས་ཟབ་མོའི་ཉིང་ཁུ་བཞེས་ཏེ།།
བདག་སོགས་འགྲོ་བའི་མགོན་དུ་སླར་ཡང་ཕེབས་སོ།།

སྙན་ཚིག་ངག་གི་རོལ་མོ་དྲུག་འགྱུར་མེད་ཀྱང༌།།
ཡིད་གསུམ་དད་པའི་ཐལ་མོ་སྙིང་གར་སྦྱར་ནས།།
རིམ་གཉིས་རྩལ་ཆེན་རྫོགས་པའི་རྣལ་འབྱོར་ཁྱེད་ལ།།
ཤིས་ཚིག་བྱེ་བ་འབུམ་གྱིས་མངོན་པར་བསྟོད་དོ།།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།