གདུང་ཡུས།

ལོ་རིམ་བདུན་པའི་སློབ་གཉེར་བ། སངས་རྒྱས་བསྟན་འཛིན།

ཀ་བ་གདུང་ལྕམ་བཀྲ་བའི་ཁང་བཟང་གི་ནང་དུ།།
ཁ་སང་གསོན་པའི་ཡུམ་ཆེན་བཀའ་དྲིན་གྱི་བདག་མོ།།
ག་ཚོད་བོས་ཀྱང་ད་རེས་ཨ་ལན་ཡང་མི་འདུག།
ང་ཡི་འཇིག་རྟེན་འདི་ནས་ཡལ་བ་རང་ཡིན་ནམ།།

ཅ་ཅོ་འུར་སྒྲ་འཚུབས་པའི་ཟང་ཟིང་གི་ཁྲོད་ནས།།
ཆ་རྒྱུས་མེད་པའི་གཏམ་ངན་རྣ་ལམ་ལ་གྲག་དུས།།
ཇ་ཆང་ཞིམ་པའི་ཟས་ལའང་རོ་བྲོ་ཡིས་ཕོངས་ཤིང་།།
ཉ་མོ་ཆུ་དང་བྲལ་བཞིན་སྡུག་བསྔལ་གྱིས་བཅོམ་ཐལ།། 

ཏ་ལེར་ཁྱེད་ཞལ་དྲན་པའི་དབྱར་མཚོ་ཡི་རླབས་ཀྱིས།།
ཐ་རེ་ཐོ་རེར་སོན་པའི་སྙིང་ཤ་ཡི་རྨ་ཁར།།
ད་དུང་ཟློག་ཐབས་མེད་པའི་ལན་ཚྭའི་ཆུ་གཏོར་ཚེ།།
ན་ཟུག་སེམས་ཀྱི་རི་མོ་བསུབ་ནུས་ཤིག་མི་འདུག།

པ་སངས་ཉིན་མོ་ནུབ་ཀྱང་མཚན་མོ་སླར་ཤར་མོད།།
ཕ་མཐར་ཕྱིན་པའི་ཡུམ་ཆེན་ལོག་ཐབས་དང་བྲལ་ཕྱིར།།
བ་གམ་བརྩེགས་པའི་ཕོ་བྲང་དམ་པ་རུ་ཕྱིན་ཚེ།།
མ་བུའི་ལས་འཕྲོ་ཆད་པའི་སྐུད་པ་དེ་མཐུད་དང་།།

ཙ་ར་ཀ་ཡི་བཅོས་ཐབས་བྱེད་ལོང་དེ་མེད་པར།།
ཚ་གྲང་ནད་ཀྱིས་ཅུང་ཙམ་མནར་མེད་ཀྱི་ཨ་མར།།
ཛ་དྲག་དུས་མིན་གཤིན་རྗེའི་ཐོག་ཆེན་དེ་ཕོག་ཚེ།།
ཝ་བཞིན་ངུ་འབོད་སྒྲོག་ལས་སྐྱོབ་ཐབས་ཤིག་མ་རྙེད།།

ཞ་ར་ལོང་བ་ལྟ་བུའི་བརྟན་མེད་ཀྱི་གོམ་འགྲོས།།
ཟ་རི་ཟི་རི་བར་དོའི་འཕྲང་རིང་དུ་བསྐྱོད་པས།།
འ་ཆད་འུ་ཐུག་དཀའ་བའི་སྡུག་བསྔལ་རེ་མྱངས་ན།།
ཡ་བྲལ་ཨ་མའི་ར་མདའ་དཀོན་མཆོག་གིས་མཛོད་དང་།།

ར་མ་ལུག་གི་གཏམ་ལ་རྫོགས་རྒྱུ་ཞིག་མེད་ཀྱང་།།
ལ་ལ་སེམས་སུ་ཤར་བ་ཡི་གེ་རུ་བཀོད་ན།།
ས་ཆེན་འདི་རུ་ཐེངས་གཉིས་རྙེད་དཀའ་ཡི་ཕ་མ།།
ཤ་ཁྲག་གསོན་པོའི་དུས་སུ་སྲི་ཞུ་རེ་སྒྲུབས་དང་།།
ཧ་ཅང་འཇིགས་སྣང་ཆེ་བའི་འཆི་བདག་གིས་བཅོམ་ཚེ།།
ཨ་ཕ་ཨ་མ་ཟེར་བས་ཕན་པ་ཞིག་མ་མཐོང་།།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།