བོད་དུ་བཀའ་འགྱུར་དང་བསྟན་འགྱུར་ཁག་གི་པར་མ་ཇི་ལྟར་བྱུང་ཚུལ་བརྗོད་པ་བྱིས་པའི་ལད་མོ།

སློབ་དཔོན་བསྟན་འཛིན་ཆོས་འཕེལ། རྣམ་གྲོལ་གླིང་།

རྩ་བའི་ས་བཅད་དང་པོ། སྒྲ་སྦྱོར་བམ་པོ་གཉིས་པ།

སྔོན་ཆོས་རྒྱལ་སྲོང་བཙན་སྒམ་པོ་ནས་མངའ་བདག་ཁྲི་རལ་བར་ལོ་ངོ་ཉིས་བརྒྱ་ཙམ་གྱི་རིང་ལ་པཎྜི་ཏ་དང་ལོ་ཙཱ་བ་རྣམས་ཀྱིས་རྒྱ་གར་འཕགས་པའི་ཡུལ་དང་། རྒྱ་ནག་དང་། ལི་ཡུལ་བཅས་ཀྱི་སྐད་ནས་བཀའ་དང་དགོངས་འགྲེལ་གྱི་བསྟན་བཅོས་མང་པོ་བོད་སྐད་ཐོག་བསྒྱུར་ཅིང་། བཙན་པོ་ཁྲི་ལྡེ་སྲོང་བཙན་ནམ་སད་ན་ལེགས་མཇིང་ཡོན་གྱི་སྐུ་དུས་སུ་ལོ་ཙཱ་བ་རྣམས་འཚོགས་ནས་ཕྱི་ལོ་ ༨༡༤ ལོོར་དམ་པའི་ཆོས་བོད་སྐད་ཐོག་ཇི་ལྟར་སྒྱུར་ཚུལ་སྐོར་གཏན་ལ་ཕབ་པའི་ «སྒྲ་སྦྱོར་བམ་པོ་གཉིས་པ་» མཛད་ནས། ཕྱིན་ཆད་ནས་སྒྱུར་ཚུལ་དེ་གཞིར་བཞག་སྟེ། སྔོན་བཀའ་དང་བསྟན་བཅོས་བསྒྱུར་ཟིན་པའི་རིགས་ལ་ཞུ་ཆེན་དང་། གསར་དུ་བསྒྱུར་པ་སོགས་མཛད་པས། «སྒྲ་སྦྱོར་བམ་པོ་གཉིས་པ་» འདི་ནི་སྐད་ཡིག་གཞན་ནས་བོད་སྐད་ཐོག་དམ་པའི་ཆོས་ཇི་ལྟར་སྒྱུར་ཚུལ་སྐོར་གྱི་རྩ་ཁྲིམས་ལྟ་བུ་ཞིག་ཡིན་པས་ཧ་ཅང་གིས་གལ་ཆེ་བར་སྣང་ངོ་།།

རྩ་བའི་ས་བཅད་གཉིས་པ། དཀར་ཆག་འཕང་ཐང་མ་དང་ལྡན་དཀར་མ།

«དཀར་ཆག་འཕང་ཐང་མ་དང་།» «དཀར་ཆག་ལྡན་དཀར་མ་» འདི་གཉིས་ནི་སྔོན་ཆོས་རྒྱལ་སྲོང་བཙན་སྒམ་པོ་ནས་མངའ་བདག་ཁྲི་རལ་བར་གྱི་རིང་ལ་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་ལ་སོགས་པས་སྐད་ཡིག་གཞན་ནས་བོད་སྐད་ཐོག་དམ་པའི་ཆོས་བཀའ་དང་དགོངས་འགྲེལ་གྱི་བསྟན་བཅོས་གང་དང་གང་བསྒྱུར་ཡོད་པ་རྣམས་ཚེག་བར་བརྒྱད་ལ་ཚིག་རྐང་རེ། དེ་བཞི་ལ་ཤོ་ལོ་ཀ་གཅིག དེ་སུམ་བརྒྱ་ལ་བམ་པོ་གཅིག་བརྩིས་ནས། ཤོ་ལོ་ཀ་དང་བམ་པོའི་ཚད་དང་བཅས་ཏེ་ཆོས་ཚན་སོ་སོ་ཐོ་རུ་བཀོད་པའི་དཀར་ཆག་ཆེན་པོ་གཉིས་ཡིན།

དང་པོ། དཀར་ཆག་འཕང་ཐང་མ།

ཆོས་རྒྱལ་ཁྲི་ལྡེ་སྲོང་བཙན་ནམ་སད་ན་ལེགས་མཇིང་ཡོན་གྱི་རིང་ལ་སྟེ། ཕྱི་ལོ་ ༨༡༨ ལོར་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་དང་། ཆོས་ཀྱི་སྙིང་པོ། རྩངས་དེ་བིན་དྲ། དཔལ་གྱི་ལྷུན་པོ་སོགས་ཀྱིས་ཡར་ལུང་འཕང་ཐང་ཀ་མེད་ཀྱི་གཙུག་ལག་ཁང་དུ་བཞུགས་པའི་གསུང་རབ་རྣམས་ཀྱི་མཚན་རྣམས་ཕྱོགས་གཅིག་ཏུ་ཐོ་རུ་བཀོད་པ་དེ་ལ་«དཀར་ཆག་འཕང་ཐང་མ།» ཞེས་བྱ་ཞིང་། དེར་ཆོས་ཚན་གྲངས་ ༩༥༩ ཡི་མཚན་ཐོ་བཀོད་ཡོད་དོ།།

གཉིས་པ། དཀར་ཆག་ལྡན་དཀར་མ།

མངའ་བདག་ཁྲི་རལ་པ་ཅན་གྱི་སྐུ་དུས་ཏེ། ཕྱི་ལོ་ ༨༢༤ ལོར་ལོ་ཙཱ་བ་རྣམས་ཀྱིས་ཡར་ལུང་སྟོང་ཐང་ལྡན་དཀར་གྱི་ཕོ་བྲང་ཆེན་པོ་ན་བཞུགས་པའི་བཀའ་དང་བསྟན་བཅོས་བསྒྱུར་ཏོ་ཅོག་གི་ཆོས་ཚན་རྣམས་ཀྱི་མཚན་ཐོ་ཤོ་ལོ་ཀ་དང་། བམ་པོའི་གྲངས་དང་བཅས་ཏེ་ཐོ་རུ་བཀོད་པ་དེ་ལ་«དཀར་ཆག་ལྡན་དཀར་མ།» ཞེས་བྱ་ཞིང་། དེར་ཆོས་ཚན་ ༧༣༦ གི་མཚན་ཐོ་བཀོད་ཡོད།

དཀར་ཆག་གཉིས་པོ་ནི་ས་གནས་མི་འདྲ་བ་གཉིས་ན་བཞུགས་པའི་བཀའ་དང་བསྟན་བཅོས་ཀྱི་མཚན་ཐོ་རྣམས་བཀོད་པའི་གྲངས་ཐོ་ཞིག་ཡིན་པས། དེ་གཉིས་པོ་ལ་འདྲ་བའི་ཆ་ཡོད་ལ། མི་འདྲ་བའི་ཆ་ཡང་ཡོད། གང་ལྟར་ཡང་དཀར་ཆག་གཉིས་པོའི་ནང་སྔ་འགྱུར་བའི་སྐབས་དམ་པའི་ཆོས་བོད་སྐད་དུ་བསྒྱུར་པ་དང་། བོད་ཀྱི་མཁས་པ་རང་གིས་བརྩམས་པའི་བསྟན་བཅོས་བཅས་ཁྱོན་བསྡོམས་པས་ཆོས་ཚན་ ༡༠༣༠ ཙམ་གྱི་མཚན་བྱང་བཀོད་ཡོད། དེས་ན་སྔ་འགྱུར་བའི་དུས་སྐབས་ཀྱི་བཀའ་བསྟན་བསྒྱུར་ཞུས་ཀྱི་བྱ་བ་ལྟ་བུ་ཞིག་ཕྱི་འགྱུར་དུས་སུ་བྱུང་མེད་པར་སྣང་ངོ་།།

རྩ་བའི་ས་བཅད་གསུམ་པ། བཀའ་བསྟན་གྱི་དཀར་ཆག་ཐོག་མ།

གོང་ཞུས་ཀྱི་དཀར་ཆག་ལྡན་དཀར་མ་དང་། འཕང་ཐང་མའི་ནང་དུ་བསྟན་པ་སྔ་དར་དུས་སུ་བྱུང་བའི་བཀའ་དང་བསྟན་བཅོས་ཀྱི་མཚན་ཐོ་རྣམས་བཀོད་པ་ལས། བསྟན་པ་ཕྱི་དར་གྱི་དུས་སུ་བསྒྱུར་པའི་བཀའ་བསྟན་གྱི་མཚན་ཐོ་རྣམས་བཀོད་མེད་པས། གངས་ཅན་ལྗོངས་སུ་བཀའ་བསྟན་བསྒྱུར་ཏོ་ཅོག་གི་མཚན་ཐོ་བཀོད་པའི་དཀར་ཆག་ཆགས་མེད་དོ།།

བསྟན་པ་ཕྱི་དར་གྱི་སྐབས་སུ་བྱོན་པའི་བཅོམ་ལྡན་རིག་རལ་གྱིས་བསྟན་པ་སྔ་དར་དང་ཕྱི་དར་གྱི་དུས་སུ་བསྒྱུར་པའི་བཀའ་བསྟན་རྙེད་དོ་ཅོག་གི་མཚན་ཐོ་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་ཏེ། «བསྟན་པ་རྒྱས་པ་རྒྱན་གྱི་ཉི་འོད།» ཅེས་པའི་བཀའ་བསྟན་གྱི་དཀར་ཆག་ལེའུ་སོ་གཉིས་ཀྱི་བདག་ཉིད་ཅན་ཞིག་མཛད་པས། དེ་ནི་ད་ལྟ་ང་ཚོའི་མིག་མཐོང་ལག་ཟིན་དུ་ཡོད་པའི་བཀའ་བསྟན་གྱི་དཀར་ཆག་ཐོག་མ་དེ་ཡིན་ཞིང་། དེའི་ནང་དུ་ཆོས་ཚན་ ༢༢༨༢ ཙམ་གྱི་མཚན་ཐོ་བཀོད་ཡོད་དོ།།

དཀར་ཆག་དེའི་ལེའུ་དང་པོ་ནས་ཉི་ཤུའི་བར་དུ་སྔ་དར་གྱི་སྐབས་སུ་བསྒྱུར་པའི་ཆོས་ཚན་རྣམས་སྔོན་གྱི་དཀར་ཆག་ཆེན་མོ་རྣམས་ཀྱི་ལེའུའི་གོ་རིམ་དང་ཕལ་ཆེར་མཐུན་པར་བསྒྲིགས་པ་དང་། ལེའུ་ཉེར་གཅིག་ནས་ཉེར་བརྒྱད་ཀྱི་བར་དུ་བསྟན་པ་ཕྱི་དར་སྐབས་སུ་བསྒྱུར་པའི་ཆོས་ཚན་རྣམས་ཀྱི་མཚན་ཐོ་དང་། ལེའུ་ཉེར་དགུ་པར་གངས་ཅན་ལྗོངས་སུ་བསྒྱུར་པའི་མདོ་རྒྱུད་ཀྱི་བསྟན་བཅོས་ཡང་དག་དང་ལྟར་སྣང་གི་རྣམ་གཞག་གི་སྐོར་དང་། ལེའུ་སུམ་ཅུ་པར་མངའ་བདག་ཁྲི་རལ་ཡན་ཆོད་དུ་བོད་ཀྱི་མཁས་པས་མཛད་པའི་བསྟན་བཅོས་ཀྱི་མཚན་ཐོ་དང་། ལེའུ་སོ་གཅིག་པར་རྔོག་ལོ་ཆེན་པོས་མཛད་པའི་བསྟན་བཅོས་ཀྱི་མཚན་ཐོ་རྣམས་བཀོད་པ་དང་། ལེའུ་སོ་གཉིས་པར་རྔོག་ལོ་ཆེན་པོ་ལས་གཞན་པའི་བོད་ཀྱི་མཁས་པའི་བསྟན་བཅོས་ཀྱི་མཚན་ཐོ་རྣམས་འདིར་མ་བཀོད་པའི་རྒྱུ་མཚན་རྣམས་གསུངས་སོ།།

རྩ་བའི་ས་བཅད་བཞི་པ། བཀའ་འགྱུར་གྱི་པར་མ་ཁག

སྤྱིར་བཏང་བཀའ་འགྱུར་བྲིས་མ་དང་པར་མ་མང་པོ་ཞིག་བྱུང་ཡོད་ནའང་། ཐེངས་འདིར་བཀའ་འགྱུར་བྲིས་མའི་སྐོར་གླེང་རྒྱུ་མིན་པར་བཀའ་འགྱུར་པར་དུ་བརྐོས་པའི་པར་མའི་སྐོར་རྣམས་བྱུང་བའི་སྔ་ཕྱི་གོ་རིམ་དང་བསྟུན་ནས་མདོ་ཙམ་ཞིག་ཞུ་རྒྱུ་ཡིན།

དང་པོ། གཡུང་ལོའི་བཀའ་འགྱུར་པར་མ།

གཡུང་ལོའི་བཀའ་འགྱུར་ཞེས་ཡོངས་སུ་གྲགས་པ་ནི། རབ་བྱུང་བདུན་པའི་ལྕགས་སྟག་ཕྱི་ལོ་ ༡༤༡༠ ལོར་ཏཱ་མིང་རྒྱལ་རབས་གསུམ་པ་གོང་མ་གཡུང་ལོས་ཚལ་པའི་བཀའ་འགྱུར་ལ་མ་ཕྱི་བྱས་ཏེ་གྲོང་ཁྱེར་ནན་ཅིིན་ནས་པར་དུ་བཞེངས་པ་དེ་ལ་གཡུང་ལོའི་བཀའ་འགྱུར་ཞེས་ཟེར་ཞིང་ཁྱོན་བསྡོམས་པས་པོད་ ༡༠༦ ཡོད་པ་དང་། བཀའ་འགྱུར་འདིའི་ཁྱད་ཆོས་གཙོ་བོ་ནི་པར་གཞི་གཞན་དག་ལས་ཆེས་སྔ་ཞིང་། ལོ་རྒྱུས་སྟེང་བོད་ཡིག་གི་བཀའ་འགྱུར་པར་དུ་བཞེངས་པ་ཐོག་མ་ཡིན་ནོ།།

གཉིས་པ། ལི་ཐང་གི་བཀའ་འགྱུར་པར་མ།

འཇང་བཀའ་འགྱུར་རམ་ལི་ཐང་གི་བཀའ་འགྱུར་ནི། འཇང་རྒྱལ་པོ་བསོད་ནམས་རབ་བརྟན་གྱིས་སྦྱིན་བདག་མཛད་དེ་རབ་བྱུང་བཅུ་པའི་ས་སྤྲེལ་ཕྱི་ལོ་ ༡༦༠༨ ལོ་ནས་བརྩམས་ཏེ། ལྕགས་མོ་བྱ་ཕྱི་ལོ་ ༡༦༢༡ ཧོར་ཟླ་བརྒྱད་པར་བཞེངས་གྲུབ་ཅིང་། ཕྱིས་སུ་དུས་འགྱུར་གྱི་དབང་གིས་པར་གཞི་ཆ་ཚང་ཁམས་ལི་ཐང་དགོན་དུ་གདན་དྲངས་ནས་བཞུགས་པ་ལ་འཇང་པར་མའམ་ལི་ཐང་མཚལ་པར་ཞེས་གྲགས་ཤིང་། འདི་ལ་གར་དབང་ཆོས་ཀྱི་དབང་ཕྱུག་གིས་མཛད་པའི་«བདེ་བར་གཤེགས་པའི་བཀའ་གངས་ཅན་གྱི་བརྡས་འདྲེན་པ་ཇི་སྙེད་པའི་ཕྱི་མོ་པར་གྱི་དཀར་ཆག་ཐུབ་པ་དགྱེས་བྱེད།»ཅེས་བྱ་བའི་དཀར་ཆག་ཅིག་ཀྱང་བཞུགས། བཀའ་འགྱུར་འདི་ལ་པོད་ ༡༠༩ ཡོད་པ་དང་། འདི་ནི་བོད་ཡུལ་དུ་བཀའ་འགྱུར་ཤིང་པར་དུ་བཞེངས་པ་ཐོག་མ་ཡིན་ནོ།།

གསུམ་པ། ཁང་ཤིས་སམ་པེ་ཅིང་བཀའ་འགྱུར་པར་མ།

ཁང་ཤིས་སམ་པེ་ཅིང་བཀའ་འགྱུར་ནི། རབ་བྱུང་བཅུ་གཅིག་པའི་ནང་དུ་ཆིང་རྒྱལ་རབས་གཉིས་པ་གོང་མ་ཁང་ཤིས་སམ་བདེ་སྐྱིད་རྒྱལ་པོས་ཤིང་པར་དུ་བཞེངས་པའི་བཀའ་འགྱུར་ཏེ། འདི་ཉིད་པར་དུ་བཞེངས་ས་པེ་ཅིང་ཕོ་བྲང་ཡིན་སྟབས་ཡོངས་གྲགས་སུ་པེ་ཅིང་བཀའ་འགྱུར་པར་གཞིའང་ཟེར། འདི་ཉིད་པར་དུ་བཞེངས་པའི་དུས་ནི་རབ་བྱུང་བཅུ་གཅིག་པའི་ཆུ་ཕག་ཕྱི་ལོ་ ༡༦༨༣ ལོར་དབུ་བརྩམས་ཤིང་། རབ་བྱུང་དེའི་ལྕགས་འབྲུག་ཕྱི་ལོ་ ༡༧༠༠ བར་གྱི་རིང་ལ་བཞེངས་པ་ཡིན་ནོ། །བཀའ་འགྱུར་འདིར་པོད་ ༡༠༦ བཞུགས་ཡོད་དོ།།

བཞི་པ། ཅོ་ནེའི་བཀའ་འགྱུར་པར་མ།

ཅོ་ནེའི་བཀའ་འགྱུར་ནི། མདོ་སྨད་ཅོ་ནེ་རྒྱལ་རབས་བཅུ་གཅིག་པ་ཆོས་རྒྱལ་དམག་ཟོར་མགོན་པོས་བསྟན་པ་དང་འགྲོ་བའི་དོན་ལ་ཕན་པར་དགོངས་ནས་རབ་བྱུང་བཅུ་གཉིས་པའི་ལྕགས་གླང་ཕྱི་ལོ་ ༡༧༢༡ ལོའི་ཧོར་ཟླ་དྲུག་པའི་ཡར་ཚེས་བཟང་པོར་བཀའ་འགྱུར་པར་དུ་སྒྲུབ་པ་དབུ་བཙུགས་པ་ནས། ལྕགས་ཕག་ཕྱི་ལོ་ ༡༧༣༡ ལོའི་ཧོར་ཟླ་བཞི་པའི་བར་དུ་བགྲང་བྱ་བཅུ་གཅིག་གི་རིང་ལ་བརྩོན་པ་ཆེན་པོས་བཀའ་འགྱུར་ཆ་ཚང་པར་དུ་བཞེངས་ཏེ། ཅོ་ནེ་དགོན་ཆེན་དུ་བཞུགས་པ་ལ་ཅོ་ནེའི་བཀའ་འགྱུར་ཞེས་ཡོངས་སུ་གྲགས་སོ། །བཀའ་འགྱུར་འདིར་པོད་ ༡༠༨ ཡོད་དོ།།

ལྔ་པ། སྡེ་དགེའི་བཀའ་འགྱུར་པར་མ།

སྡེ་དགེའི་བཀའ་འགྱུར་ནི། ཁམས་སྡེ་དགེའི་ཆོས་རྒྱལ་བསྟན་པ་ཚེ་རིང་གིས་སྦྱིན་བདག་མཛད་དེ་བོད་རབ་བྱུང་བཅུ་གཉིས་པའི་ས་བྱ་ཕྱི་ལོ་ ༡༧༢༩ ནས་ཆུ་གླང་ཕྱི་ལོ་ ༡༧༣༣ བར་བགྲང་བྱ་ལྔའི་བར་བརྩོན་པ་ཆེན་པོས་པར་དུ་བཞེངས་ཤིང་། སྡེ་དགེའི་དགོན་ཆེན་ཏེ་ལྷུན་གྲུབ་སྟེང་གི་པར་ཁང་ཆོས་མཛོད་ཆེན་མོར་བཞུགས་པ་ལ་སྡེ་དགེའི་མཚལ་པར་ཞེས་གྲགས་སོ། །བཀའ་འགྱུར་འདི་ལ་པོད་ ༡༠༣ ཡོད་དོ།།

དྲུག་པ། སྣར་ཐང་གི་བཀའ་འགྱུར་པར་མ།

སྣར་ཐང་གི་བཀའ་འགྱུར་ནི། རྒྱལ་བ་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོས་སྡེ་སྲིད་སངས་རྒྱས་རྒྱ་མཚོ་ལ་དབུས་ཕྱོགས་སུ་བཀའ་འགྱུར་ཤིང་པར་བཞེངས་དགོས་པའི་བཀའ་གནང་བར་བརྟེན་ཡུམ་རྒྱས་འབྲིང་བསྡུས་གསུམ་གྱིས་གཙོས་པའི་པོད་ཉེར་བརྒྱད་ཙམ་བཞེངས་ནའང་རེ་ཞིག་འཕྲོ་ཅན་དུ་ལུས། ཕྱིས་རབ་བྱུང་བཅུ་གཉིས་པའི་ལྕགས་ཁྱི་ཕྱི་ལོ་ ༡༧༣༠ ལོར་མི་དབང་ཕོ་ལྷ་བ་བསོད་ནམས་སྟོབས་རྒྱས་ཀྱིས་སྦྱིན་བདག་བཀོད་ཁྱབ་གནང་སྟེ། པར་གཞི་བཞེངས་འཕྲོ་མཐུད་དེ་ལོ་ངོ་གཅིག་ཙམ་གྱི་རིང་ལ་མཇུག་ཡོངས་སུ་རྫོགས་པར་གྲུབ་ནས་བཀའ་འགྱུར་པར་ཤིང་རྣམས་པཎ་ཆེན་སྐུ་ཕྲེང་ལྔ་པ་བློ་བཟང་ཡེ་ཤེས་ལ་ཕུལ་ཏེ་སྣར་ཐང་དགོན་པར་བཞུགས་སུ་གསོལ་བ་ལ་སྣར་ཐང་བཀའ་འགྱུར་ཞེས་ཡོངས་སུ་གྲགས་པ་དང་། འདི་ལ་པོད་ ༡༠༢ ཡོད་དོ།།

བདུན་པ། ཁུ་རེའི་བཀའ་འགྱུར་པར་མ།

ཕྱི་སོག་ཁུ་རེའི་བཀའ་འགྱུར་ནི། ཕྱི་སོག་ཨུ་སྒའི་ཆོས་སྡེ་ཆེན་པོ་ཏཱ་ཁུ་རེའམ། དེང་སང་མོང་གོལ་རྒྱལ་ཁབ་ཀྱི་རྒྱལ་ས་ཨུ་ལན་པཱ་ཐུར་གྱི་དགའ་ལྡན་དགོན་ཟེར་བ་ནས་སྡེ་དགེའི་པར་མ་གཞིར་བཟུང་ནས་བཀའ་འགྱུར་པར་དུ་བཞེངས་འགོ་བརྩམས་ཀྱང་མཇུག་མ་རྫོགས་པར་ལུས་པ་ལ། ཁལ་ཁ་རྗེ་བཙུན་དམ་པ་སྐུ་ཕྲེང་བརྒྱད་པ་ཆོས་ཀྱི་ཉི་མ་མཆོག་དང་། ཨེར་ཏེ་ནི་ཆེ་ཚང་ནོ་ཡོན་དོན་གྲུབ་ལྷ་མོ་རྣམ་གཉིས་ཀྱིས་པར་གཞི་ཆ་ཚང་ལེགས་པར་བསྒྲུབ་དགོས་པའི་བཀའ་གནང་བ་ལྟར། སླར་ཡང་རབ་བྱུང་བཅོ་ལྔ་པའི་ས་སྤྲེལ་ཕྱི་ལོ་ ༡༩༠༨ ལོར་མུ་མཐུད་དེ་ལས་ཀའི་འཕྲོ་བསྐྱངས་ནས། ལོ་ངོ་གཉིས་ཙམ་གྱི་རིང་ལ་པར་གཞི་ཆ་ཚང་ལེགས་པར་གྲུབ་ནས་ཏཱ་ཁུ་རེ་ཆོས་སྡེ་ཆེན་མོར་བཞུགས་སུ་གསོལ་བ་ལ་ཁུ་རེ་བཀའ་འགྱུར་ཞེས་གྲགས་པ་དང་། འདི་ལ་པོད་ ༡༠༣ ཡོད་དོ།།

བརྒྱད་པ། ལྷ་སའམ་ཞོལ་བཀའ་འགྱུར་པར་མ།

ལྷ་སའམ་ཞོལ་བཀའ་འགྱུར་ནི། རབ་བྱུང་བཅོ་ལྔ་པའི་ལྕགས་སྤྲེལ་ཕྱི་ལོ་ ༡༩༢༠ ལོར་རྒྱལ་དབང་བཅུ་གསུམ་པ་མཆོག་ལ་འབྲི་གོང་སྒོ་ལྕོག་སྤྲུལ་སྐུ་ངེས་དོན་བསྟན་འཛིན་ཆོས་ཀྱི་དབང་པོ་ནས་བཀའ་འགྱུར་པར་དུ་བཞེངས་དགོས་པའི་གསོལ་བ་བཏབ་པ་ལྟར་ཞལ་བཞེས་གནང་ནས། སྣར་ཐང་པར་མ་དང་རྒྱལ་རྩེའི་ཐེམ་སྤང་མ། སྡེ་དགེའི་པར་མ་སོགས་ལ་གཞི་བཅོལ་ནས་ལྷ་ལྡན་དུ་པར་དུ་བཞེངས་པའི་དབུ་བརྩམས་ཀྱང་རེ་ཞིག་འཕྲོ་ཅན་དུ་ལུས། ཕྱིས་སུ་རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེ་དང་རྒྱལ་བའི་གཅུང་སྲིད་བློན་ཀུན་དགའ་དབང་ཕྱུག་རྣམ་གཉིས་ཀྱིས་འཕྲོ་བསྐྱངས་པར་བརྟེན་རབ་བྱུང་བཅུ་དྲུག་པའི་ཤིང་ཁྱི་ཕྱི་ལོ་ ༡༩༣༤ ལོར་པར་གཞི་ཆ་ཚང་བཞེངས་གྲུབ་ནས་ཕོ་བྲང་ཆེན་པོ་པོ་ཏ་ལའི་འདབས་ཞོལ་གངས་ཅན་ཕན་བདེའི་གཏེར་མཛོད་གླིང་དུ་བཞུགས་པ་ལ་ཡོངས་གྲགས་སུ་ལྷ་སའམ་ཞོལ་བཀའ་འགྱུར་ཞེས་བརྗོད་དོ། །འདི་ལ་པོད་ ༡༠༠ ཐམ་པ་ཡོད་དོ།།

རྩ་བའི་ས་བཅད་ལྔ་པ། བསྟན་འགྱུར་བྲིས་མ་དང་པར་མ་བྱུང་ཚུལ།

དང་པོ། བྲིས་མའི་བསྟན་འགྱུར་བྱུང་ཚུལ།

༡༽ སྣར་ཐང་གི་བསྟན་འགྱུར་བྲིས་མ།

རབ་བྱུང་ལྔ་པའི་ཆུ་བྱི་ཕྱི་ལོ་ ༡༣༡༢ ནས་ ༡༣༢༠ བར་ཡོན་རྒྱལ་རབས་ཀྱི་གོང་མ་ཅི་ཙུང་ཨ་ཡུར་པར་པ་ཏ་བུ་ཡན་ཐུས་ལོ་དགུའི་རིང་སྲིད་དབང་འཛིན་སྐབས། བཅོམ་ལྡན་རིག་པའི་རལ་གྲིའི་སློབ་མ་སྣར་ཐང་གི་དགེ་བཤེས་མཁས་པ་མཆིམས་འཇམ་དབྱངས་གྲགས་པ་སྟེ་ཟུར་ཆག་ལ་འཇམ་དགག་པཀྴི་ཞེས་གྲགས་པ་དེ་བླ་མར་གདན་དྲངས། ཁོང་གིས་བཅོམ་ལྡན་རིག་རལ་ལ་རྒྱ་ནག་གི་སྣག་ཚ་དང་། ཤོག་བུ། སྨྱུ་གུ་སོགས་མང་དུ་བསྐུར་བ་ལ་བརྟེན་ནས་བཅོམ་ལྡན་རིག་པའི་རལ་གྲིས་སྐབས་དེར་དབུས་གཙང་དང་མངའ་རིས་བཅས་སུ་བཞུགས་པའི་བཀའ་འགྱུར་དང་བསྟན་འགྱུར་གྱི་མ་དཔེ་རྙེད་ཚད་ཕྱོགས་བསྡུས་དང་ཞུ་དག་གནང་ནས་གོ་རིམ་བསྒྲིགས་ཏེ། སྣར་ཐང་གི་གཙུག་ལག་ཁང་དུ་བཀའ་འགྱུར་དང་བསྟན་འགྱུར་གྱི་དཀར་ཆག་ «བསྟན་པ་རྒྱས་པ་རྒྱན་གྱི་ཉི་འོད།» ཅེས་བྱ་བ་དང་། དེ་ལས་བསྡུས་པ་བཀའ་འགྱུར་གྱི་དཀར་ཆག་ «ཉི་མའི་འོད་ཟེར།» ཞེས་པ་མཛད། སླར་ཡང་སོག་ཡུལ་ནས་འཇམ་དགག་པཀྴིས་སྣག་ཚ་དང་ཤོག་བུ་སོགས་ཀྱི་ཆ་རྐྱེན་གང་དགོས་བསྐུར་ནས་འདིའི་དཀར་ཆག་ལ་གཞིར་བྱས་ཏེ་བཞེངས་པའི་བཀའ་བསྟན་འགྱུར་ཞུ་དག་གནང་བའི་མ་དཔེ་དང་ཆབས་ཅིག་སྣར་ཐང་གི་གཙུག་ལག་ཁང་དུ་བཞུགས་སུ་གསོལ་བ་དང་། དེ་ལ་དབུས་པ་བློ་གསལ་གྱིས་བཀའ་འགྱུར་བསྟན་འགྱུར་གྱི་དཀར་ཆག་བརྩམས། འདི་ལ་སྣར་ཐང་བཀའ་འགྱུར་དང་བསྟན་འགྱུར་ཞེས་འབོད། དེ་ནི་བོད་དུ་བཀའ་འགྱུར་དང་བསྟན་འགྱུར་གཉིས་ཀ་ཕྱོགས་གཅིག་ཏུ་བསྡེབས་ནས་བྲིས་པ་ཐེངས་དང་པོ་ཡིན་ནོ།།

༢༽  ཚལ་པའི་བསྟན་འགྱུར་བྲིས་མ།

ཚལ་པའི་ཁྲི་རབས་དགུ་པ་དྲུང་ཆེན་སྨོན་ལམ་རྡོ་རྗེས་སྦྱིན་བདག་མཛད་ནས་སྣར་ཐང་བསྟན་འགྱུར་བྲིས་མ་དང་དབུས་ན་བཞུགས་པའི་ཕྱག་དཔེ་ཁག་ལ་ཕྱི་མོར་བཟུང་སྟེ། རབ་བྱུང་དྲུག་པའི་མེ་སྦྲུལ་ཕྱི་ལོ་ ༡༣༡༧ དབྱར་ཟླ་ར་བ་ནས་དབུ་བརྩམས་ཏེ་ཆུ་ཕག་ཕྱི་ལོ་ ༡༣༢༣  ལོའི་དབྱར་ཟླ་ར་བའི་ཚེས་བརྒྱད་དེ་ལོ་ངོ་བདུན་གྱི་རིང་ལ་འབད་པ་ཆེན་པོས་བཞེངས་པར་མཛད་པའི་བསྟན་འགྱུར་ལ་ཚལ་པའི་བསྟན་འགྱུར་ཞེས་མཚན་དུ་གསོལ། བསྟན་འགྱུར་འདི་ཐོག་མར་བཞེངས་པའི་དུས་ནི་བཅོམ་ལྡན་རིག་རལ་སོགས་ཀྱིས་སྣར་ཐང་བསྟན་འགྱུར་སྒྲིག་པའི་ཕྱི་ལོ་ ༡༣༡༢ ལོའི་རྗེས་ཀྱི་ལོ་ལྔ་པ་ཡིན། བསྟན་འགྱུར་འདི་བཞེངས་སྐབས་སྙེ་མདོ་པ་བླ་མ་ཀུན་དགའ་དོན་གྲུབ་ནས་སྐུལ་མ་མཛད་པ་ལྟར་དགེ་བའི་བཤེས་གཉེན་དགེ་འདུན་རིན་ཆེན་ནས་ཕྱོགས་བསྒྲིགས་དང་ཞུ་དག་མཛད་ཅིང་། དེའི་དཀར་ཆག་ཀྱང་བརྩམས། འདིའི་དཀར་ཆག་གི་མཚན་ལ་«བསྟན་འགྱུར་གྱི་དཀར་ཆག་སྣ་ཚོགས་ནོར་བུའི་ཕུང་པོ།»ཞེས་འབོད་དོ།།

༣༽ ཞ་ལུའི་བསྟན་འགྱུར་བྲིས་མ།

རབ་བྱུང་དྲུག་པའི་ཤིང་ཁྱི་ཕྱི་ལོ་ ༡༣༣༤ ཟླ་བ་བརྒྱད་པའི་ཚེས་གཅིག་ནས་ལོ་དེའི་ཟླ་བ་བཅུ་གཉིས་པའི་ཚེས་བཅོ་ལྔའི་བར་ཞ་ལུ་སྐུ་ཞང་ཀུན་དགའ་དོན་གྲུབ་ཀྱིས་[1]སྦྱིན་བདག་མཛད་དེ། ཆོས་གྲྭ་ཆེན་མོ་སྣར་ཐང་ན་བཞུགས་པའི་བསྟན་འགྱུར་ཕྱི་མོར་གཞིར་བཞག་ནས་དེ་ཉིད་དུ་མ་བཞུགས་པའི་ཆོས་ཚན་རྣམས་དང་གསར་དུ་བསྒྱུར་པའི་བསྟན་བཅོས་ཀྱི་རིགས་རྣམས་མདོ་དབུས་ཁམས་གསུམ་ནས་འབད་པ་ཆེན་པོས་བཙལ་ཏེ། ཆོས་ཀྱི་རྣམ་གྲངས་ ༡༠༤༢ རྙེད་པ་བསྣན་ཏེ་ཆོས་ཚན་ ༣༣༩༢ བཞུགས་པ་བཞེངས་ཤིང་། ཞ་ལུ་གསེར་ཁང་གི་གཙུག་ལག་ཁང་དུ་བཞུགས་པ་ལ་ཞ་ལུའི་བསྟན་འགྱུར་ཞེས་གྲགས། བསྟན་འགྱུར་འདི་བཞེངས་སྐབས། ཀུན་མཁྱེན་བུ་སྟོན་རིན་པོ་ཆེས་ཞུ་དག་མཛད་དེ། ཆོས་ཚན་གྱི་མཚན་བྱང་དང་། མཛད་པ་པོ། འགྱུར་བྱང་མཐའ་དཔྱད་དང་བཅས་པ་གཏན་ལ་ཕབ་པའི་དཀར་ཆག་སྟེ་བསྟན་འགྱུར་གྱི་དཀར་ཆག་ «ཡིད་བཞིན་ནོར་བུ་དབང་གི་རྒྱལ་པོའི་ཕྲེང་བ།» ཞེས་པ་མཛད་ཅིང་། ཁོང་གི་གསུང་འབུམ་ཞོལ་པར་མ་པོད་ལ་པའི་ནང་དུ་བཞུགས། འདི་ལ་གླེགས་བམ་ ༡༩༦ བཞུགས་སོ།།

༤༽ དཔལ་ངམ་རིང་གི་བསྟན་འགྱུར་བྲིས་མ།

དཔོན་ཆེན་ནམ་མཁའ་བསྟན་པའི་རྒྱལ་མཚན་བཟང་པོའི་ཡུམ་སྲས་ཀྱིས་སྦྱིན་བདག་མཛད་ནས། རུ་བཞིའི་ས་མཚམས་ཡན་ཆད་དང་གཙང་གི་ས་ཆ་ལ་ཡོད་པའི་ཡིག་མཁན་མཁས་པ་རྣམས་སྤྱན་དྲངས་ཏེ་ཇོ་ནང་ཕྱོགས་ལས་རྣམ་རྒྱལ་གྱིས་དབུ་བྱས། དགེ་བའི་བཤེས་གཉེན་བསྟན་པའི་རྒྱལ་མཚན་དང་། བྱང་ཆུབ་སེང་གེ ཡེ་ཤེས་དཔལ་བཟང་པོ། ཤཱཀྱ་རྒྱལ་མཚན་ལ་སོགས་པ་རྣམས་ཀྱིས་ཞལ་ཏ་སྟེ་སློབ་སྟོན་པ་བགྱིས་ནས། ཆུ་སྦྲུལ་དབྱར་ཟླ་ར་བ་ཕྱི་ལོ་ ༡༣༥༣ ལོར་དབུ་བཙུགས་ཏེ། ཤིང་རྟ་ལོའི་དགུན་གྱི་དུས་ཕྱི་ལོ་ ༡༣༥༤ ལོར་ལེགས་པར་གྲུབ་ཅིང་། དཔལ་ངམ་རིང་གི་གཙུག་ལག་ཁང་ཆེན་པོར་བཞུགས་སུ་གསོལ་བ་ལ་ངམ་རིང་བསྟན་འགྱུར་ཞེས་འབོད། འདི་ལ་ཆོས་ཚན་ ༣༡༡༦ དང་། གླེགས་བམ་ ༡༧༥ བཞུགས་སོ།།

༥༽ སྣེ་གདོང་གི་བསྟན་འགྱུར་བྲིས་མ།

རབ་བྱུང་དྲུག་པའི་ཆུ་སྟག་ཕྱི་ལོ་ ༡༣༦༢ ལོར་ཏཱ་ཡི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་སྦྱིན་བདག་མཛད་དེ་ཞ་ལུའི་བསྟན་འགྱུར་ལ་ཕྱི་མོར་བཟུང་སྟེ། དེར་མ་ཆུད་པའི་དཔེ་དཀོན་ཕྱིས་སུ་རྙེད་པ་དང་། གསར་དུ་བསྒྱུར་པའི་ཆོས་ཚན་ ༣༨ ཙམ་བསྣན་པ་དང་བཅས་པ་རྣམས་ལ་སྒྲོ་སྐུར་གྱི་མཐའ་སྤང་བའི་ཕྱིར། ལུང་རིགས་སྨྲ་བའི་དབང་པོ་ཤཱཀྱ་འོད་དང་། བྱང་ཆུབ་རྒྱལ་མཚན་པ་རྣམས་ཀྱིས་ཞལ་ཏ་ལེགས་པར་མཛད་དེ། ཆོས་ཚན་ ༣༤༣༠ བཞུགས་པའི་བསྟན་འགྱུར་ཆ་ཚང་ཞིག་བཞེངས་པ་ལ་སྣེ་གདོང་བསྟན་འགྱུར་ཞེས་འབོད། དེའི་དཀར་ཆག་«བསྟན་བཅོས་འགྱུར་ཏོ་ཅོག་གི་དཀར་ཆག་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་ཟ་མ་ཏོག» ཅེས་པ་བུ་སྟོན་རིན་པོ་ཆེའི་དངོས་སློབ་ལོ་ཙཱ་བ་རིན་ཆེན་རྣམ་རྒྱལ་གྱིས་མཛད་ཅིང་འདི་ལ་གླེགས་བམ་ ༢༠༢ བཞུགས་སོ།།

༦༽ གློ་བོ་བསྟན་འགྱུར་བྲིས་མ།

རབ་བྱུང་བདུན་པའི་མཇུག་ཙམ་ལ་མངའ་རིས་དཔོན་པོ་ཨ་མ་རྒྱལ་མཚན་གྱིས་གློ་བོ་ལ་ངོར་ཆེན་ཀུན་དགའ་བཟང་པོ་(༡༣༨༢—༡༤༥༦)གདན་དྲངས་ནས་ས་དེའི་རྒྱལ་བའི་བཀའ་དང་བསྟན་བཅོས་འགྱུར་རོ་ཅོག་རྣམས་དུས་དབང་གིས་འཐོར་སོང་བ་རྣམས་ཕྱོགས་གཅིག་ཏུ་བསྡེབས་ཏེ་བཞེངས་པའི་བསྟན་འགྱུར་གྱི་ཐོག་མར་རྡོ་རྗེ་ཐེག་པའི་བསྟན་བཅོས་འགྱུར་རོ་ཅོག་རྣམས་བཞེངས་པ་དང་། དེ་ནས་བསྟོད་ཚོགས་དང་མཚན་ཉིད་ཐེག་པའི་བསྟན་བཅོས་འགྱུར་རོ་ཅོག་རྣམས་བཞེངས། དེ་ལས་བསྟོད་ཚོགས་དང་མཚན་ཉིད་ཐེག་པའི་བསྟན་བཅོས་འགྱུར་རོ་ཅོག་རྣམས་ནི་རབ་བྱུང་བརྒྱད་པའི་མགོ་མེ་ཡོས་ཕྱི་ལོ་ ༡༤༤༧ ལོར་བཞེངས་པའོ། །འདིའི་བསྟན་འགྱུར་ལ་ངོར་ཆེན་ཀུན་དགའ་བཟང་པོས་ཞུས་ཆེན་མཛད་ཅིང་། དཀར་ཆག་ཀྱང་དེ་ཉིད་ཀྱིས་སྔ་མ་ལ་ «རྡོ་རྗེ་ཐེག་པའི་བསྟན་བཅོས་འགྱུར་རོ་ཚལ་གྱི་དཀར་ཆག་གསང་སྔགས་བསྟན་པ་རྒྱས་བྱེད།» ཅེས་བྱ་བ་དང་། ཕ???????ྱི་མ་ལ་«བསྟན་བཅོས་འགྱུར་རོ་ཚལ་གྱི་དཀར་ཆག་ཐུབ་བསྟན་རྒྱས་པའི་ཉི་འོད་ཅེས།»བྱ་བ་གཉིས་བརྩམས་ཤིང་དེ་དག་གི་ནང་སྒྲིག་རིམ་དང་གཞུང་དོན་འགའ་ཞིག་ཐེ་ཚོམ་ཅན་ཡིན་མིན་གྱི་མཐའ་དཔྱད་དང་བཅས་པ་ལེགས་པར་བཀོད།

༧༽ སྡེ་སྲིད་བསྟན་འགྱུར་བྲིས་མ།

རབ་བྱུང་བཅུ་གཉིས་པའི་མེ་ཡོས་ཕྱི་ལོ་ ༡༦༨༧ ལོར་སྡེ་སྲིད་སངས་རྒྱས་རྒྱ་མཚོས། རྒྱལ་དབང་སྐུ་ཕྲེང་ལྔ་པ་ཞི་བར་མནལ་ཟིན་པའི་གནས་ཚུལ་ལོ་བཅུ་གཉིས་རིང་གསང་བ་བྱས་ཏེ། གསང་རྒྱ་མི་རྟོལ་ཆེད་གང་དེའི་ཞབས་བརྟན་རིམ་གྲོ་ལ་ཁ་གཡར་ནས། མིའི་དབང་པོ་ཡར་ལུང་པས་ཞ་ལུ་གསེར་ཁང་གི་བསྟན་འགྱུར་ལ་ཕྱི་མོ་བཅོལ་ནས་བཞེངས་པའི་བསྟན་འགྱུར་ལས་རིམ་པར་མཆེད་པའི་བུ་དཔེ། ཆོས་སྡེ་ཆེན་པོ་འབྲས་སྤུངས་དང་། སེ་ར། ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་དང་། འཕྱོང་རྒྱས་ལ་སོགས་པར་བཞུགས་པའི་ཕྱི་མོ་རྣམས་དང་། དེར་མ་བཞུགས་པ་བུ་སྟོན་རིན་པོ་ཆེ་ནས་བཟུང་དེ་དུས་བར་གྱི་གསར་འགྱུར་དང་། མདོ་དང་སྔགས། རིག་གནས་ཀྱི་དཔེ་རྙིང་ཁུངས་བཙུན་པ་སྔར་མ་ཆུད་པ་རྣམས་དང་བཅས་ཁྱོན་ཆོས་ཚན་ ༧༨༠ ཙམ་གསར་དུ་བསྣན་པ། གླེགས་བམ་གྱི་གྲངས་ ༢༢༥ ཅན་འཕྱོང་རྒྱས་ཕྱིང་པ་སྟག་རྩེའི་ཕོ་བྲང་དུ་ཚར་གཉིས་བཞེངས་པ་དེ་ཡིན། འདིའི་མ་ཕྱི་ལ་དག་སྡེབ་ཀྱི་ཞུས་ཆེན་པ་རྣམ་གླིང་པཎ་ཆེན་དཀོན་མཆོག་ཆོས་གྲགས་ཀྱིས་གཙོས་པའི་བརྡ་དག་དང་རིག་པའི་གནས་ལ་བྱང་བ་རྣམས་ཀྱིས་མཛད། འདིའི་དཀར་ཆག་«བསྟན་བཅོས་འགྱུར་རོ་ཅོག་གི་དཀར་ཆག་འཇིག་རྟེན་གསུམ་གྱི་བདེ་སྐྱིད་པད་ཚལ་བཞད་པའི་ཉིན་བྱེད།» ཅེས་བྱ་བ་མཛད་དོ།།

༨༽ ཕོ་ལྷ་བའི་བསྟན་འགྱུར་བྲིས་མ།

མི་དབང་ཕོ་ལྷ་བ་བསོད་ནམས་སྟོབས་རྒྱལ་གྱིས་སྦྱིན་བདག་མཛད་དེ། ཡིག་མཁན་མཁས་པ་མང་པོ་བསྡུས་ནས། མཐིང་ཤོག་ལ་གསེར་སྦྱངས་བཙོ་མ་བཞུ་བརྟུལ་གྱི་ཁུ་བས་བཞེངས་པའི་བསྟན་འགྱུར་ལ་ཕོ་ལྷ་བའི་གསེར་བྲིས་བསྟན་འགྱུར་ཞེས་གྲགས། བསྟན་འགྱུར་འདི་བཞེངས་པའི་དུས་ཚོད་གསེར་བྲིས་མ་རང་གི་དཀར་ཆག་ཏུ་མི་གསལ་ཡང་། མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ་གྱིས་རབ་བྱུང་བཅུ་གཉིས་པའི་ཆུ་གླང་ཕྱི་ལོ་ ༡༧༣༣ ལོར་བརྩམས་པའི་མི་དབང་རྟོགས་བརྗོད་དུ་ཕོ་ལྷ་བས་སྣར་ཐང་བཀའ་འགྱུར་ཤིང་པར་བཞེངས་པའི་སྐོར་མ་གཏོགས་བཀོད་མེད། དེ་རྗེས་ཕྱི་ལོ་ ༡༧༤༡ ལོར་སྣར་ཐང་བསྟན་འགྱུར་པར་མ་ཤིང་པར་བཞེངས་འགོ་ཚུགས་པ་ལ་བལྟས་ན་འདི་ནི་སྣར་ཐང་བསྟན་འགྱུར་པར་མ་བཞེངས་པའི་སྔོན་ཏེ་ཕྱི་ལོ་ ༡༧༣༣  ནས་ ༡༧༤༡ བར་གང་རུང་ཞིག་ལ་བཞེངས་པ་ཡིན་ནམ་སྙམ། འདིའི་ཕྱི་མོ་ཡང་དཀར་ཆག་ཏུ་རྒྱལ་དབང་ལྔ་པས་གཡོ་རུ་འཕྱོང་རྒྱས་རྒྱལ་པོའི་ཕོ་བྲང་དུ་བཞེངས་པའི་བསྟན་འགྱུར་ཚར་གཉིས་ཡོད་པ་དེ་དང་གཞན་ཡང་དེར་མ་ཚང་བ་ས་སྐྱ་དང་། སྣར་ཐང་། བཀྲ་ཤིས་ལྷུན་པོ་སོགས་ནས་ཕྱི་མོའི་དཔེ་གང་ཡོད་བསྡུས་ནས་བཞེངས་ཚུལ་གསལ་བས། དེས་ན་འདིའི་ཕྱི་མོ་རྒྱལ་དབང་ལྔ་པས་བཞེངས་པའི་བསྟན་འགྱུར་ནི་གོང་སྨོས་ལྟར་སྡེ་སྲིད་སངས་རྒྱས་རྒྱ་མཚོས་བཞེངས་པའི་བསྟན་འགྱུར་དེ་ཡིན། འདིའི་ཞུས་ཆེན་པ་དཀའ་བཅུ་འཇམ་དབྱངས་རྒྱལ་མཚན་དང་བློ་བཟང་འཇམ་དབྱངས་སོགས་ཀྱིས་མཛད་ལ། དཀར་ཆག་ནི་ལྡུམ་བུ་འཇམ་དབྱངས་བདེ་བའི་རྡོ་རྗེས་ «བསྟན་འགྱུར་རིན་པོ་ཆེ་སྲིད་ཞིའི་རྒྱན་གཅིག་གི་དཀར་ཆག་རིན་ཆེན་མཛེས་པའི་ཕྲ་ཚོམ།» ཞེས་བྱ་བ་བརྩམས་སོ།།

གཉིས་པ། བསྟན་འགྱུར་པར་མ་ཁག་བྱུང་ཚུལ།

༡༽ པེ་ཅིན་བསྟན་འགྱུར་པར་མ།

རབ་བྱུང་བཅུ་གཉིས་པའི་སྨད་ཙམ་སྟེ། ཆིང་རྒྱལ་རབས་གསུམ་པ་གོང་མ་གཡུང་ཊིས་ཁྲི་ལོ་གཉིས་པ་ཕྱི་ལོ་ ༡༧༢༤ ལོར་དབུ་བརྩམས་ཤིང་ཆིང་རྒྱལ་རབས་བཞི་པ་གོང་མ་ཆན་ལུང་ངམ་ལྷ་སྐྱོང་གིས་ཁྲི་ལོ་གསུམ་པ་ཕྱི་ལོ་ ༡༧༣༨ ལོར་མཇུག་གྲུབ་པར་བགྱིས་ཏེ་པར་དུ་བསྒྲུབས་པ་པེ་ཅིན་གོང་མའི་ཕོ་བྲང་དུ་བཞུགས་སུ་གསོལ་བ་ལ་པེ་ཅིན་བསྟན་འགྱུར་ཞེས་མཚན་དུ་གསོལ་ཞིང་། འདིའི་ཕྱི་མོ་ནི་རབ་བྱུང་བཅུ་གཉིས་པའི་མེ་ཡོས་ཕྱི་ལོ་ ༡༦༨༧ ལོར་སྡེ་སྲིད་སངས་རྒྱས་རྒྱ་མཚོས་བཞེངས་པའི་བསྟན་འགྱུར་བྲིས་མ་ལ་གཞི་བྱས་ཤིང་། འདིའི་དཀར་ཆག་ཀྱང་སྡེ་སྲིད་ཀྱི་དཀར་ཆག་དེ་ཉིད་སོར་བཞག་ལས་གསར་དུ་བརྩམས་མི་འདུག པེ་ཅིན་བསྟན་འགྱུར་ལ་དཀར་ཆག་བརྩིས་པའི་གླེགས་བམ་ ༢༢༥ ཡོད། འདི་ནི་བོད་ཡིག་གི་བསྟན་འགྱུར་པར་དུ་བསྐྲུན་པའི་ཐོག་མ་ཡིན།

༢༽ སྡེ་དགེའི་བསྟན་འགྱུར་པར་མ།

ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་ཆོས་ཀྱི་ཁྲི་ཆེན་པོ་ལ་མངའ་གསོལ་བའི་གདན་རབས་སུམ་ཅུ་པ་འཇམ་དབྱངས་བཀྲ་ཤིས་ལྷུན་གྲུབ་གྲགས་པའི་རྒྱལ་མཚན་དཔལ་བཟང་པོའི་བཀའ་ལུང་གིས་དགོངས་འགྲེལ་བསྟན་བཅོས་འགྱུར་རོ་ཅོག་པར་དུ་བསྒྲུབ་པར་བསྐུལ་བ་ལྟར། རབ་བྱུང་བཅུ་གཉིས་པའི་མེ་མོ་སྦྲུལ་ཕྱི་ལོ་ ༡༧༣༧ གྱི་ལོར་ཁམས་སྡེ་དགེའི་རྒྱལ་རབས་ཞེ་གཉིས་པ་ཆོས་རྒྱལ་བསྟན་པ་ཚེ་རིང་གིས་སྦྱིན་བདག་བགྱིས་ཏེ། པར་དུ་རྐོ་བའི་དབུ་བརྩམས། གླེགས་བམ་བདུན་ཙམ་ཚར་མཚམས་ཆོས་རྒྱལ་དགོངས་པ་རྫོགས་ཀྱང་། དེའི་སྲས་སྡོམ་བརྩོན་རྒྱལ་པོའི་ཚུལ་ཅན་བླ་མ་ཀུན་དགའ་ཕྲིན་ལས་རྒྱ་མཚོས་པར་རྐོའི་ལས་མཇུག་མཐར་ཕྱིན་པར་བསྐྱངས་ནས་ཤིང་བྱི་ཕྱི་ལོ་ ༡༧༤༤ ལོ་སྟེ་བགྲང་བྱ་བདུན་གྱི་རིང་ལ་ཞུ་དག་དང་བཅས་གྲུབ་པར་མཛད་ནས་སྡེ་དགེའི་པར་ཁང་ཆོས་མཛོད་ཆེན་མོར་བཞུགས་པ་ལ་སྡེ་དགེའི་བསྟན་འགྱུར་ཞེས་མཚན་དུ་གསོལ།

༣༽ སྣར་ཐང་བསྟན་འགྱུར་པར་མ།

མི་དབང་ཕོ་ལྷ་བ་བསོད་ནམས་སྟོབས་རྒྱལ་གྱིས་སྦྱིན་པའི་བདག་པོ་མཛད་དེ། རབ་བྱུང་བཅུ་གཉིས་པའི་ལྕགས་བྱ་ལོའི་ཧོར་ཟླ་གསུམ་པའི་ཚེས་ཉེར་བདུན་ཉིན་ཕྱི་ལོ་ ༡༧༤༡ ལོར་དབུ་བརྩམས་ཤིང་། ཆུ་ཁྱི་ལོའི་ཕྱི་ལོ་ ༡༧༤༢ ཧོར་ཟླ་བཅུ་པའི་ཚེས་ཉེར་ལྔ་སྟེ་བགྲང་བྱ་གཅིག་དང་ཟླ་བ་བདུན། ཞག་ཉི་ཤུ་རྩ་ལྔའི་རིང་ལ།  མཇུག་རྫོགས་པར་བགྱིས་ཏེ་ཤིང་པར་དུ་བསྒྲུབས་པའི་བསྟན་འགྱུར་དཔལ་སྣར་ཐང་གི་གཙུག་ལག་ཁང་དུ་བཞུགས་པ་དེ་ཡིན་ཞིང་། འདི་ནི་བོད་ཡིག་བསྟན་འགྱུར་ཤིང་པར་རྐོ་བའི་ལས་རྒྱུན་ཐུང་ཤོས་དེ་ཡིན་ནོ། །འདིའི་ཕྱི་མོ་ནི་སྡེ་སྲིད་སངས་རྒྱས་རྒྱ་མཚོས་བཞེངས་པའི་བསྟན་འགྱུར་ཡིན་པ་དཀར་ཆག་ཏུ་གསལ་ལ། མཇུག་གྲུབ་པའི་ལོ་དེར་ཕུར་བུ་ལྕོག་གི་རི་ཁྲོད་པ་ངག་དབང་བྱམས་པས་«བསྟན་བཅོས་འགྱུར་རོ་ཅོག་གསུང་པར་དུ་བསྒྲུབས་པའི་དཀར་ཆག་ཚངས་པའི་དབྱངས།» ཞེས་བྱ་བ་བརྩམས་ཤིང་། བསྟན་འགྱུར་འདི་ལ་གླེགས་བམ་ ༢༢༥ ཡོད་དོ།།

༤༽ ཅོ་ནེའི་བསྟན་འགྱུར་པར་མ།

ཅོ་ནེའི་མི་དབང་འཇམ་དབྱངས་ནོར་བུའི་བཙུན་མོ་རིན་ཆེན་དཔལ་འཛོམས་དང་། དེའི་སྲས་ཅོ་ནེའི་དཔོན་རབས་བཅུ་བཞི་པ་བསྟན་སྲུང་ཚེ་རིང་ཡུམ་སྲས་ཟུང་གིས་སྦྱིན་བདག་བགྱིས་ཏེ། རབ་བྱུང་བཅུ་གསུམ་པའི་ཆུ་བྱ་ཕྱི་ལོ་ ༡༧༥༣ ལོར་དབུ་བརྩམས་ཏེ། ཆུ་འབྲུག་ཕྱི་ལོ་ ༡༧༧༢ ལོའི་བར་ཏེ་བགྲང་བྱ་ཉི་ཤུའི་ངོ་མཐོང་བར་བརྩོན་པ་ཆེན་པོས་པར་དུ་བསྒྲུབས་ནས་ཅོ་ནེ་དགོན་ཆེན་དུ་བཞུགས་པ་དེ་ཡིན། འཇམ་བཞད་སྐུ་ཕྲེང་གཉིས་པ་དཀོན་མཆོག་འཇིགས་མེད་དབང་པོས་ཆུ་སྦྲུལ་ཕྱི་ལོ་ ༡༧༧༣ ལོར་དེའི་དཀར་ཆག་«བདེ་བར་གཤེགས་པའི་བཀའི་དགོངས་འགྲེལ་བསྟན་བཅོས་འགྱུར་རོ་ཅོག་པར་དུ་བསྒྲུབས་པའི་ཚུལ་ལས་ཉེ་བར་བརྩམས་པའི་གཏམ་ཡང་དག་པར་བརྗོད་པ་ཡིད་བཞིན་ནོར་བུའི་ཕྲེང་བ།»ཞེས་བྱ་བ་བརྩམས་སོ།།

རྩ་བའི་ས་བཅད་དྲུག་པ། གསལ་འདེབས།

གོང་དུ་བོད་ཡིག་ཐོག་བཀའ་འགྱུར་དང་། བསྟན་འགྱུར་བྲིས་མ་དང་པར་མའི་རིགས་རྣམས་ཇི་ལྟར་བྱུང་ཚུལ་བརྗོད་པའི་ཡིག་ཚོགས་འདི་ནི་ཁོ་བོས་རང་སྟོབས་ཀྱིས་དཔྱད་པ་བྱས་ནས་བྲིས་པ་མིན་པར་གཙོ་བོ་བཀའ་བསྟན་དཔེ་བསྡུར་མའི་དཀར་ཆག་སོགས་ལ་གཞི་བཅོལ་ནས་བྲིས་པ་ཡིན་ལ། དཀར་ཆག་དེ་དག་གི་ཚིག་སྦྱོར་མང་པོ་ཇི་བཞིན་བཤུས་པའང་ཡོད་པས། ཀློག་པ་པོས་དེ་དོན་བཞིན་ཐུགས་ལ་འཇོག་པར་ཞུ། འདི་ལྟར་འབྲི་དགོས་དོན་ཡང་གཙོ་བོ་ལས་དང་པོ་བ་རྣམ་པར་བཀའ་བསྟན་གྱི་སྐོར་ལ་ཅུང་ཙམ་རྒྱུས་མངའ་འདྲ་བྱུང་ན་སྙམ་ནས་ཀུན་སློང་བཟང་པོས་འབད་བརྩོན་ཞུས་པ་ལགས་སོ།།


[1]  ས་སྐྱའི་གདུང་རྒྱུད་རྣམས་ཀྱི་སྐུའི་ཞང་པོར་གྱུར་པ། སྐུ་ཞང་ཆེན་པོ་གྲགས་པ་རྒྱལ་མཚན་གྱི་སྲས་ཡིན།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།