འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས་ཀྱི་མཛད་རྗེས་རགས་ཙམ་བརྗོད་པ་དད་སེམས་པདྨ་དཀར་པོའི་ཟེའུ་འབྲུ།[1]

མཁན་པོ་ཚེ་དགའ་དབང་རྒྱལ། རྣམ་གྲོལ་གླིང་།

བསྐལ་བཟང་སངས་རྒྱས་རྣམ་འདྲེན་བཞི་པའི་ཉེ་གནས་ཆེན་པོ་ཀུན་དགའ་བོ།།
པདྨའི་བཀའ་སྲོལ་སེམས་ཀློང་སྡེ་ཡི་རིང་ལུགས་སྤེལ་བ་བཻ་རོ་ཞབས།།
དེ་བཞིན་ཐུགས་བསྐྱེད་མཐའ་མེད་ཀློང་ནས་འགྲོ་བ་གང་ལ་གང་འདུལ་བ།།
མཛད་པ་མི་ནུབ་སྲིད་མཐར་སྟོན་པའི་བླ་མེད་བླ་མ་ཀོང་སྤྲུལ་དྲན།།

བསླུ་མེད་མཁྱེན་བརྩེ་ནུས་གསུམ་ཡོན་ཏན་རྟག་བརྟན་མི་འགྱུར་རི་རྒྱལ་དང་།།
ཕྲིན་ལས་ཉི་ཟེར་དུས་ལས་མི་ཡོལ་ལས་ཅན་མཁའ་ལ་རྟག་འཆར་བ།།
སྐྱེ་ནས་སྐྱེ་བ་ཚེ་རབས་ཀུན་ཏུ་བསྟན་འགྲོར་ཕན་པའི་རིགས་བཟང་ཅན།།
མཛད་པ་མི་ནུབ་སྲིད་མཐར་སྟོན་པའི་བླ་མེད་བླ་མ་ཀོང་སྤྲུལ་དྲན།།

རབ་བྱུང་བཅུ་བཞིའི་ཆུ་བྱ་ལོ་ཡི་ཟླ་བ་བཅུ་པའི་ཚེས་བཅུའི་ཉིན།།
དགེ་བཅུར་མོས་པའི་ཁྱུང་པོ་གཡུང་དྲུང་བསྟན་འཛིན་མིང་ཅན་སྲས་སུ་བལྟམས།།
རྩོད་དུས་སྙིགས་མ་ལྔ་བདོའི་ནང་ལ་ལས་སྨོན་རྟེན་འབྲེལ་བོད་ལ་འགྲིགས།།
མཛད་པ་མི་ནུབ་སྲིད་མཐར་སྟོན་པའི་བླ་མེད་བླ་མ་ཀོང་སྤྲུལ་དྲན།།

སི་ཏུ་པདྨ་ཉིན་བྱེད་མདུན་ནས་ངུར་སྨྲིག་གོས་ཀྱིས་མཛེས་པར་བྱས།།
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་དྲུང་ནས་དབང་བཞིའི་ཆུ་བོ་ངོམས་པར་བཞེས།།
མཆོག་གྱུར་བདེ་ཆེན་གླིང་པ་ལྷན་དུ་ཟབ་མོ་གཏེར་གྱི་གསང་གནད་བཀྲོལ།།
མཛད་པ་མི་ནུབ་སྲིད་མཐར་སྟོན་པའི་བླ་མེད་བླ་མ་ཀོང་སྤྲུལ་དྲན།།

རིས་མེད་བསྟན་འཛིན་དུ་མའི་ཞལ་ནས་མདོ་དང་རྒྱུད་སྡེ་ཐམས་ཅད་གསན།།
གསན་པ་ཐམས་ཅད་རྒྱུད་ལ་སྦྱར་ནས་གྲུབ་པའི་གོ་འཕང་མཐོན་པོར་གཤེགས།།
དད་ལྡན་སློབ་མ་རྗེས་སུ་བཟུང་ནས་བཤད་སྒྲུབ་ལས་ཀྱི་ཀ་ཆེན་བཙུགས།།
མཛད་པ་མི་ནུབ་སྲིད་མཐར་སྟོན་པའི་བླ་མེད་བླ་མ་ཀོང་སྤྲུལ་དྲན།།

ཚེ་སྒྲུབ་གསང་འདུས་བསྙེན་སྒྲུབ་མཛད་སྐབས་གུ་རུ་རྨི་ལམ་ནང་ནས་མཇལ།།
ཚེ་ཡི་བར་ཆད་ཡོངས་སུ་བསལ་ཅིང་མ་འོངས་དངོས་མཇལ་ལུང་ཡང་བསྟན།།
ཞུམ་མེད་ཐུགས་བསྐྱེད་ཤེད་མོང་སྟོབས་ཀྱིས་ཚེ་གཅིག་བསྟན་འགྲོའི་ཁུར་ཆེན་ཁུར།།
མཛད་པ་མི་ནུབ་སྲིད་མཐར་སྟོན་པའི་བླ་མེད་བླ་མ་ཀོང་སྤྲུལ་དྲན།།

མཁས་པའི་གནས་བཅུ་ཐུགས་ལ་རྫོགས་ནས་མི་བརྗེད་སྤོབས་པའི་གཏེར་བརྒྱད་གྲོལ།།
བསྙེན་སྒྲུབ་ཆུ་བོའི་རྒྱུན་བཞིན་བསྐྱངས་ནས་ཕྲིན་ལས་བཞི་ལ་མངའ་དབང་འབྱོར།།
མགྲིན་པའི་རྩ་ཡི་མདུད་པ་ཞིག་ནས་འཆོས་སྐྱོབ་གཉིས་ལྡན་ཆོས་མཛོད་བརྡོལ།།
མཛད་པ་མི་ནུབ་སྲིད་མཐར་སྟོན་པའི་བླ་མེད་བླ་མ་ཀོང་སྤྲུལ་དྲན།།

ཀརྨ་ཆགས་མེད་ཨོ་རྒྱན་གླིང་སོགས་རྨི་ལམ་འོད་གསལ་ནང་ནས་མཇལ།།
བརྡ་དང་ཕྱག་རྒྱས་བྱིན་གྱིས་བརླབས་ནས་དགོངས་བརྒྱུད་རྟོགས་པ་འཕོས་པའི་མཐུས།།
རྒྱུད་སྡེ་རྒྱ་མཚོ་ཐུགས་སུ་བསྐྱིལ་ཏེ་འཆད་རྩོད་རླབས་ཕྲེང་མཁའ་ལྟར་འཕྱོ།།
མཛད་པ་མི་ནུབ་སྲིད་མཐར་སྟོན་པའི་བླ་མེད་བླ་མ་ཀོང་སྤྲུལ་དྲན།།

རིང་བརྒྱུད་བཀའ་ཡི་ཆུ་བོ་རྣམ་བཞི་ཕྱོགས་དང་ཕྱོགས་ནས་གཅིག་ཏུ་བསྒྲིལ།།
ཉེ་བརྒྱུད་གཏེར་མའི་སྨིན་གྲོལ་ཟབ་མོ་གང་འདོད་བཞེས་པའི་སྐལ་བ་ལྡན།།
བཀའ་གཏེར་དག་སྣང་ཟུང་དུ་སྦྲེལ་ནས་སྙིང་པོའི་བསྟན་པ་དགུང་ལ་བཏེགས།།
མཛད་པ་མི་ནུབ་སྲིད་མཐར་སྟོན་པའི་བླ་མེད་བླ་མ་ཀོང་སྤྲུལ་དྲན།།

ས་དགེ་བཀའ་རྙིང་རིས་སུ་མ་མཆིས་དབང་ལུང་མན་ངག་སྲོག་རྩ་མཐུད།།
ཆོས་དང་བརྒྱུད་པ་ཕྱོགས་སུ་མ་ལྷུང་བསྟན་འཛིན་དུ་མ་གཙུག་ཏུ་བཀུར།།
རང་དང་གཞན་གྱི་ཆགས་སྡང་མེད་པར་ལུང་རྟོགས་རྒྱལ་མཚན་སྒྲེང་བ་པོ།།
མཛད་པ་མི་ནུབ་སྲིད་མཐར་སྟོན་པའི་བླ་མེད་བླ་མ་ཀོང་སྤྲུལ་དྲན།།

རིག་པའི་གནས་བཅུའི་ཉིང་ཁུ་བསྡུས་ཏེ་ཤེས་བྱ་ཀུན་ལ་ཁྱབ་པར་མཛད།།
རིས་མེད་མན་ངག་གཅིག་ཏུ་བསྒྲིལ་ནས་གདམས་ངག་ནོར་བུའི་མཛོད་ཆེན་བསྐྲུན།།
རྒྱ་ཆེན་བཀའ་མཛོད་གདམས་ངག་མཛོད་དང་རིན་ཆེན་གཏེར་མཛོད་སྒོ་ཕྱེ་སྟེ།།
མཛད་པ་མི་ནུབ་སྲིད་མཐར་སྟོན་པའི་བླ་མེད་བླ་མ་ཀོང་སྤྲུལ་དྲན།།

མཁ༷ས་པའི་གྲགས་པས་གཟུར་གནས་ཡོངས་ཀྱི་ཡིད་སེམས་དབང་མེད་བཀུག་པ་དང་།།
བཙུ༷ན་པའི་ཚུལ་ཁྲིམས་དྲི་ངད་ཞིམ་པོས་གངས་ལྗོངས་ཕྱི་ནང་ཡོངས་ལ་ཁྱབ།།
བཟ༷ང་པོའི་ཡོན་ཏན་མཁའ་དང་མཉམ་པས་བྱས་ཚད་གཞན་དོན་འབའ་ཞིག་སྟེ།།
མཛད་པ་མི་ནུབ་སྲིད་མཐར་སྟོན་པའི་བླ་མེད་བླ་མ་ཀོང་སྤྲུལ་དྲན།།

འཆ༷ད་པ་ཚངས་དབྱངས་ཡན་ལག་དྲུག་ཅུས་དད་ལྡན་བློ་སྣ་ཆོས་ལ་བསྒྱུར།།
རྩོ༷ད་པ་རིགས་ལམ་སེང་གེའི་ང་རོས་ལྟ་ངན་རི་དྭགས་སྐྲག་པར་མཛད།།
རྩོ༷མ་པ་རྨད་བྱུང་ལེགས་བཤད་བཟང་པོ་ཕྱི་རབས་གདུལ་བྱའི་དོན་དུ་བཞག།
མཛད་པ་མི་ནུབ་སྲིད་མཐར་སྟོན་པའི་བླ་མེད་བླ་མ་ཀོང་སྤྲུལ་དྲན།།

ཐོ༷ས་པའི་ཤེས་རབ་སྒྲ་འཛིན་དབང་པོས་ཐེག་དགུའི་ཆོས་འཁོར་གསན་པ་རྫོགས།།
བས༷མ་པའི་ཤེས་རབ་རལ་གྲི་རྣོན་པོས་ཀུན་རྫོབ་བཅོས་མའི་གདོང་ལྤགས་དབྲལ།།
སྒོ༷མ་པའི་ཤེས་རབ་བདེ་གསལ་མི་རྟོག་ཡེ་ཤེས་ཉི་མ་ཁོང་ནས་ཤར།།
མཛད་པ་མི་ནུབ་སྲིད་མཐར་སྟོན་པའི་བླ་མེད་བླ་མ་ཀོང་སྤྲུལ་དྲན།།

ཟད་མེད་ཁྱེད་ཀྱི་སྐུ་ཡི་བྱིན་གྱིས་བདག་གི་ལུས་སྒྲིབ་སྦྱོང་བར་ཤོག།
འགག་མེད་ཁྱེད་ཀྱི་གསུང་གི་བྱིན་གྱིས་བདག་གི་ངག་སྒྲིབ་དག་པར་ཤོག།
འཁྲུལ་མེད་ཁྱེད་ཀྱི་ཐུགས་ཀྱི་བྱིན་གྱིས་བདག་གི་ཡིད་སྒྲིབ་འཇོམས་པར་ཤོག།
ཁྱེད་ཀྱི་གསང་གསུམ་བདག་རྒྱུད་སྨིན་ནས་གཞན་དོན་ཕྲིན་ལས་ལྷུན་གྲུབ་ཤོག།

འཕྲོས་དོན། འཇམ་མགོན་ཀོང་སྤྲུལ་སྐུ་ཕྲེང་དང་པོ་རྒྱལ་སྲས་བློ་གྲོས་མཐའ་ཡས་སམ་པདྨ་གར་གྱི་དབང་ཕྱུག་ནི། བསྟན་པ་སྤྱི་ལ་ཐུགས་བསྐྱེད་ཧ་ཅང་ཆེ་བས་ས་རྙིང་བཀའ་གསུམ་ཡོངས་ལ་བཀའ་དྲིན་ཤིན་ཏུ་ཆེ་བའི་བླ་མ་ཞིག་ཡིན། ཁོང་གིས་རིས་མེད་ཀྱི་བླ་མ་ལྔ་བཅུ་ཙམ་བསྟེན་ནས་མདོ་སྔགས་རིག་གཞུང་རྒྱ་མཚོར་གསན་བསམ་རྫོགས་པ་དང་། བཀའ་བརྒྱུད་སྔགས་མཛོད་དང་། རིན་ཆེན་གཏེར་མཛོད། གདམས་ངག་མཛོད། རྒྱ་ཆེན་བཀའ་མཛོད། ཤེས་བྱ་ཀུན་ཁྱབ་མཛོད་བཅས་ཕྱོགས་བསྒྲིགས་གནང་བའི་བཀའ་དྲིན་ལ་བརྟེན་ནས་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱི་དབང་ལུང་མང་པོ་ད་བར་མ་ཉམས་པར་གནས་ཐུབ་པ་བྱུང་བ་ཡིན། རྗེ་འདི་ཡི་དངོས་སློབ་ཀརྨ་པ་སྐུ་ཕྲེང་བཅུ་བཞི་པ་ཐེག་མཆོག་རྡོ་རྗེ་དང་། བཅོ་ལྔ་པ་མཁའ་ཁྱབ་རྡོ་རྗེ། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། སི་ཏུ་པདྨ་དབང་མཆོག་རྒྱལ་པོ། འཇམ་དབྱངས་བློ་གཏེར་དབང་པོ། མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ་སོགས་བསྟན་འགྲོར་ཕན་པའི་མཁས་གྲུབ་བསམ་གྱིས་མི་ཁྱབ་པ་བྱུང་ལ། དེ་ལས་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ནི་ཀོང་སྤྲུལ་གྱི་བླ་མ་དང་སློབ་མ་གཉིས་ཀ་ཡིན་ཏེ། འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་གསུང་རྒྱུན་ནང་། ཁམས་དབུས་གཉིས་སུ་བདག་གི་བཀའ་ཆོས་གསན་ཡུལ་བླ་མ་ཉིས་བརྒྱར་ལོངས་པ་ཡོད་པ་ལས་རྩ་བའི་བླ་མ་བཞི་ཡོད། དེའི་ནང་ནས་གཅིག་རྗེ་ཉིད་ཡིན་གསུངས་པ་སོགས། གང་ལྟར་ཁོང་ནི་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀར་བཀའ་དྲིན་ཤིན་ཏུ་ཆེ་བའི་བླ་མ་ཞིག་ཡིན་པ་དང་། ཁྱད་པར་དུ་རིན་ཆེན་གཏེར་མཛོད་ཀྱི་བརྒྱུད་པ་འཛིན་མཁན་གདུལ་བྱ་རྣམས་ཀྱིས་བླ་མ་འདི་ཉིད་ཀྱི་བཀའ་དྲིན་ངེས་པར་དུ་ཤེས་དགོས། ཞེས་རབ་གནས་ཆུ་ཕོ་སྟག་གི་ཟླ་བ་ ༡༢ པའི་ཚེས་ ༡༠ ནས་འགོ་བརྩམས་ཤིང་ཚེས་ ༡༥ ལ་མཇུག་རྫོགས་པར་བྲིས་སོ།།


[1] ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་ཉིད་ཀྱིས་མཛད་པའི་རང་རྣམ་ལ་གཞི་བཅོལ་ནས་བྲིས་པ་ཡིན།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།