གོམ་འགྲོས་འཁྱར་བ།

རིག་འཛིན་རྣམ་རྒྱལ། བཀའ་རྙིང་བཤད་སྒྲུབ་གླིང་།

ཡབ་ཀྱི་ཆིབས་རྟ་ལ་བཅིབས་ནས།།
ངེས་འབྱུང་ཁང་ཁྱིམ་དུ་འབྱོར་ཀྱང་།།
གོམ་འགྲོས་འདྲེད་བརྡབ་ཏུ་ཤོར་ཏེ།།
འཁོར་བའི་རྟིང་མཐའ་ལ་ལྷུངས་སོང་།།

ཆོས་ཕུགས་སྤྲང་རྒན་ལ་གཏད་ནས།།
ཉིན་ཤས་སྤྲོ་གར་ཞིག་འཁྲབས་ཀྱང་།།
འདོད་ཡོན་འཇའ་ཚོན་གྱིས་བསླུས་ཏེ།།
རྔམ་སེམས་ཟ་འདྲེ་ལ་གྱུར་སོང་།།

གཡོ་སྒྱུའི་གླུ་ལེན་གྱི་བུ་མོ།།
ལྡེབས་རིས་ནག་པོ་རུ་བསྒོམས་ཀྱང་།།
རྣམ་རྟོག་རྒྱ་ཡན་དུ་གཡེངས་པས།།
མཛེས་པའི་རི་མོ་རུ་གྱུར་སོང་།།

དད་པའི་སྣེ་མོ་ལ་འཇུས་ཏེ།།
བླ་མ་ལྷ་ཞལ་དུ་བསྒོམས་ཀྱང་།།
སོམ་ཉིའི་དྲྭ་བ་རུ་ཚུད་པས།།
དད་པའི་ཕྲེང་ཐག་དེ་ཆད་སོང་།།

སྟོན་པའི་ཤུལ་ལམ་ལ་བསྙེགས་ཏེ།།
སྐྲ་ལོ་སྤུ་གྲི་ལ་བརྡར་ཡང་།།
རིག་པ་ཕྱོགས་མཚམས་སུ་ཆས་ནས།།
སྲིད་པའི་གྲོང་པ་རུ་བཏགས་སོང་།།

གསེར་མདོག་ངུར་སྨྲིག་གི་ལུས་ལ།།
ཆོས་གཏེར་ནོར་བུ་ཞིག་སྤྲས་ཀྱང་།།
དུས་ཀྱི་མདའ་མོ་ཡི་འོག་ནས།།
ངན་པ་ལང་ཤོར་དང་འདྲིས་སོང་།།

ཚུལ་ཁྲིམས་གསེར་ཐང་གི་ངོས་ལ།།
བག་ཡོད་བདུད་རྩི་ཞིག་བཏུངས་ཀྱང་།།
སེམས་པའི་རྟ་རྒོད་དེ་ཤོར་ནས།།
སྐྱོན་གྱི་དྲག་ཆར་ཡང་བབས་སོང་།།
༢༠༢༣/༠༨/༢༤

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།