སེམས་ཙམ་པའི་ལྟ་གྲུབ་ཀྱི་སྐོར་ལ་དཔྱད་པ་འཕགས་པ་ཐོགས་མེད་ཀྱི་མཛེས་རྒྱན།

ལོ་རིམ་གཉིས་པའི་སློབ་གཉེར་བ། ཕུར་པ་ཟིལ་གནོན།

བདུད་ཀྱི་བུ་མོས་གཡོ་ཐབས་བསྟན་ཀྱང་བ་སྤུ་ཙམ་ཡང་མི་ལྡང་ཞིང་།།
ཁྲོ་གཉེར་འཇིགས་རུང་མཚོན་གྱིས་བཏབ་ཀྱང་རྡོ་རྗེའི་ཐུགས་ནི་མི་བཤོལ་བ།།
དགྲ་དང་དཔུང་གཉེན་གཅིག་ཏུ་ལྟ་བའི་ཡེ་ཤེས་སྤྱན་ལྡན་ལྷ་གཅིག་པུ།།
ཤཱཀྱའི་གོའུ་ཏམ་ཁྱེད་ཉིད་ཡིན་པས་སྐྱེས་བུ་རྣམས་ཀྱིས་ཅིས་མི་བཀུར།།

ཞེས་ཡུལ་གོང་མར་མཆོད་བརྗོད་ཚིག་གི་ཕྲེང་བ་སྔོན་དུ་བཏང་ནས་གང་ཞིག་གླེང་བར་བྱ་བའི་དམ་པའི་ཆོས་ཀྱི་རིམ་པ་ནི། རྣམ་འདྲེན་བཞི་པ་སྟོན་པ་ཐུབ་པའི་དབང་པོ་མི་མཇེད་པའི་ཞིང་འདིར་ཕེབས་ནས་སེམས་ཅན་གྱི་ལས་དབང་དང་འཚམ་པའི་དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་བསྐལ་ཆེན་གྲངས་མེད་གསུམ་དུ་ཚོགས་བསགས། མཐའ་མར་མངོན་པར་རྫོགས་པར་སངས་རྒྱས་ཏེ་གདུལ་བྱའི་དབང་པོ་དང་འཚམ་པའི་གང་ལ་གང་འདུལ་གྱིས་ཆོས་བསྟན། མདོར་ན་འགྲོ་བའི་རྣམ་རྟོག་དང་ལས་ཉོན་མ་ཟད་ཀྱི་བར་དུ་ཐེག་པ་དང་གྲུབ་མཐའི་རྣམ་གཞག་བྱ་རྒྱུ་ཡོད་གསུངས་ཏེ། མདོ་ལང་ཀར་གཤེགས་པ་ལས།[1] ཇི་སྲིད་སེམས་ནི་འཇུག་པའི་བར། །ཐེག་པའི་མཐའ་ལ་ཐུག་པ་མེད། །སེམས་ནི་ནམ་ཞིག་གྱུར་པ་ན། །ཐེག་པ་མེད་ཅིང་འགྲོ་བའང་མེད། །ཅེས་དང་། མངའ་རིས་པཎ་ཆེན་པདྨ་དབང་གི་རྒྱལ་པོས་ (༡༤༨༧-༡༥༤༤) སྡོམ་གསུམ་རྣམ་ངེས་ལས།[2] ཇི་སྲིད་སེམས་ཀྱི་འཇུག་པ་མ་ཟད་བར། །བསམ་ཡས་ཐེག་པའི་གྲངས་མཐར་ཐུག་པ་མེད། །ཅེས་གསུངས་པ་ལྟར་འགྲོ་བའི་སེམས་ཀྱི་འཇུག་པ་མ་ཟད་ཀྱི་བར་དུ་ཐེག་པ་དང་གྲུབ་མཐའི་རྣམ་གཞག་བྱ་རྒྱུ་ཡོད་པས་སྐབས་འདིར་གྲུབ་མཐའི་དབང་དུ་བྱས་ནས་བཤད་ན། ནང་པ་སངས་རྒྱས་པའི་གྲུབ་མཐའ་ཐམས་ཅད་བསྡུས་ན་བཞི་རུ་གྲངས་ངེས་ཏེ། དེ་ཡང་རྡོ་རྗེ་སྙིང་འགྲེལ་ལས། སངས་རྒྱས་པ་ལ་གྲུབ་མཐའ་བཞི། །ལྔ་པ་ཐུབ་པའི་དགོངས་པ་མིན། །ཞེས་གསུངས་པ་བཞིན་གྲུབ་མཐའ་ལ་བཞི་སྟེ། དེ་ཡང་མཁས་འཇུག་སྡོམ་བྱང་ལས།[3] བྱེ་བྲག་སྨྲ་དང་མདོ་སྡེ་པ། །སེམས་ཙམ་དབུ་མ་གྲུབ་མཐའ་བཞི། །ཞེས་གསུངས་པ་ལྟར། སྐབས་འདིར་ཁོ་བོས་གླེང་བར་བྱ་བ་ནི། སེམས་ཙམ་པའི་གྲུབ་མཐའི་སྐོར་ཡིན་ཏེ། དེ་ཡང་སེམས་ཙམ་པའི་གྲུབ་མཐའ་ནི་ཐ་སྙད་རྣམ་གཞག་གི་གྲུབ་མཐའི་རྩེ་མོར་གྱུར་པ་ཡིན་ཏེ། འཇམ་མགོན་བླ་མ་མི་ཕམ་པས་མཛད་པའི་དབུ་མ་རྒྱན་གྱི་རྣམ་བཤད་འཇམ་དབྱངས་བླ་མ་དགྱེས་པའི་ཞལ་ལུང་ལས།[4] དེ་ལ་ཐ་སྙད་དང་དོན་དམ་པའི་ཚད་མ་སོ་སོས་རྙེད་དོན་སོ་སོ་བ་ཡིན་ཞིང་ཐ་སྙད་ཀྱི་རྣམ་གཞག་ལ་རྩེ་མོར་གྱུར་པ་སེམས་ཙམ་པ་ཡིན་པས། ཞེས་གསུངས་པ་ལྟར། ཐ་སྙད་ཀྱི་རྣམ་གཞག་འཆད་དགོས་ཚེ་སེམས་ཙམ་པ་ལས་ལྷག་པ་ཞིག་མེད་ཅེས་པའི་དོན་ཡིན་ལ། དེ་ནི་ང་ཚོའི་འཚོ་བ་དང་འབྲེལ་ནས་ཀྱང་ཤེས་ཐུབ་སྟེ། དཔེར་ན་ཟ་མ་ཞིག་ལ་མཚོན་ན། ཁ་ཤས་ལ་ཞིམ་པོ་ཡོད་པར་བཤད་ཀྱང་ཁ་ཤས་ལ་ཞིམ་པོ་མེད་པ་དང་། གཟུགས་ཤིག་ལ་མཚོན་ན་ཡང་ལ་ལས་གཟུགས་དེ་ཡིད་དུ་འོང་བའམ་མཛེས་པོར་སྣང་ལ། ལ་ལས་ཡིད་དུ་མི་འོང་བའམ་མི་མཛེས་པ་ཞིག་མཐོང་བ་བཞིན། དོན་དངོས་ལ་ཞིམ་དང་མི་ཞིམ། ཡིད་དུ་འོང་བ་དང་མི་འོང་སོགས་ཡུལ་གྱི་ངོས་ན་མེད་པར་ང་ཚོས་མྱོང་ཐུབ། དོན་དུ་སེམས་ཀྱི་སྣང་བ་ཙམ་ལས་མ་འདས་སོ།།

སྐབས་འདིར་ཁོ་བོས་ཀུན་མཁྱེན་ཡབ་སྲས་ཀྱི་གཞུང་གི་དགོངས་པ་དང་མཐུན་པར་སེམས་ཙམ་པའི་སྐོར་བྲི་བར་བྱ་བ་ལ་ས་བཅད་དམ་ཆིངས་རྣམ་པ་བཞི་ཡོད་པ་ལས།

དང་པོ་སེམས་ཙམ་པའི་ཐ་སྙད་མདོ་དང་བསྟན་བཅོས་སུ་གསུངས་ཚུལ།

མདོ་རྣམས་ལས་བྱུང་བའི་སེམས་ཙམ་དུ་འདོད་ཚུལ་འདི་ལྟར་གནས་ཏེ། དེ་ཡང་མདོ་ཕལ་པོ་ཆེ་ལས།[5] ཀྱེ་རྒྱལ་པོའི་སྲས་དག་ཁམས་གསུམ་པོ་འདི་དག་ནི་སེམས་ཙམ་མོ། །ཞེས་དང་། མདོ་ལང་ཀར་གཤེགས་པ་ལས་ཀྱང་།[6] སེམས་ཙམ་ལ་ནི་གནས་ནས་ནི། །ཕྱི་རོལ་དོན་ལ་མི་བརྟག་གོ །ཡང་དག་དམིགས་པར་གནས་ནས་ནི། །སེམས་ཙམ་ལས་ནི་འདའ་བར་བྱ། །ཞེས་དང་། ཕྱི་རོལ་ལ་གཟུགས་སོགས་མ་གྲུབ་པ་དང་སེམས་ཀྱི་སྟོབས་ལས་སྣང་བ་ཡིན་པ་ནི། མདོ་ལང་ཀར་གཤེགས་པ་ལས། ཕྱི་རོལ་གྱི་ནི་གཟུགས་མེད་དེ། །རང་གི་སེམས་ནི་ཕྱི་རོལ་སྣང་། །སེམས་ནི་ཁོང་དུ་མི་ཆུད་ཕྱིར། །བྱིས་པ་རྣམས་ནི་འདུས་བྱས་རྟོག །ཅེས་གསུངས་པ་སོགས་ཀྱིས་སེམས་ཙམ་དུ་བསྟན་པ་དང་།

ཡང་བསྟན་བཅོས་རྣམས་སུ་སེམས་ཙམ་དུ་བསྟན་པའི་ཚིག་འདི་ལྟ་སྟེ། རྒྱ་ཆེ་བའི་དོན་ལ་ཤིན་ཏུ་མཁས་པ་འཕགས་པ་བྱམས་པ་མགོན་པོས་མཛད་པའི་མདོ་སྡེ་རྒྱན་ལས།[7] སེམས་ལས་གཞན་མེད་པར་ནི་བློས་རིག་ནས། །དེ་ནས་སེམས་ཀྱང་མེད་པ་ཉིད་དུ་རྟོགས། །བློ་དང་ལྡན་པས་གཉིས་པོ་མེད་རྟོགས་ནས། །དེ་མི་ལྡན་པའི་ཆོས་ཀྱི་དབྱིངས་ལ་གནས། །ཞེས་དང་། ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པ་ལས།[8] ཆ་ཤས་ཅན་ཞེས་བྱར་མེད་ཅིང་། །ཕྲ་རགས་རྡུལ་རྣམས་མེད་པ་དང་། །སོ་སོར་སྣང་ལ་མི་དམིགས་ལ། །ཉམས་སུ་མྱོང་བ་རྨི་ལམ་འདྲ། །གཟུང་དང་འཛིན་པ་ལས་གྲོལ་བའི། །རྣམ་ཤེས་དམ་པའི་དོན་དུ་ཡོད། །བློ་མཚོའི་ཕ་རོལ་ཕྱིན་པ་ཡི། །རྣལ་འབྱོར་སྤྱོད་པའི་གཞུང་ལུགས་བསྒྲགས། །ཞེས་དང་། དུས་རབས་བཞི་པའི་མཇུག་དང་ལྔ་པའི་མགོ་དེར་ཕེབས་པའི་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་ཉི་ཤུ་པའི་ཚིག་ལེའུར་བྱས་པ་ལས།[9] འདི་དག་རྣམ་པར་རིག་ཙམ་ཉིད། །ཡོད་པ་མ་ཡིན་དོན་སྣང་ཕྱིར། །དཔེར་ན་རབ་རིབ་ཅན་དག་གིས། །སྐྲ་ཟླ་པ་སོགས་མེད་མཐོང་བཞིན། །ཞེས་དང་། ཐེག་བསྡུས་ལས།[10] རྣམ་པར་རིག་པ་འདི་དག་ནི་དོན་མེད་པའི་ཕྱིར་རྣམ་པར་རིག་པ་ཙམ་མོ་ཞེས་བྱ་བ་འདི་ཅི་ཡོད་ཅེ་ན། རྨི་ལམ་ལ་སོགས་པ་ནི་དཔེར་བལྟ་བར་བྱའོ། །དཔེར་ན་རྨི་ལམ་ན་དོན་མེད་པར་ཡང་རྣམ་པར་ཤེས་པ་ཙམ་ཉིད་དུ་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཁང་ཁྱིམ་དང་། ནགས་ཚལ་དང་། ས་དང་རི་ལ་སོགས་པའི་དོན་སྣ་ཚོགས་ཀྱི་རྣམ་པར་སྣང་གི་དེ་ན་དོན་ནི་ཅི་ཡང་མེད་དོ། །དཔེ་འདིས་ནི་ཐམས་ཅད་དུ་ཡང་རྣམ་པར་རིག་པ་ཙམ་ཉིད་དུ་ཁོང་དུ་ཆུད་པར་བྱའོ། །ཞེས་གསུངས་སོ། །ཡང་དབུ་མ་རྒྱན་དུ་ཡང་སེམས་ལས་ལོགས་སུ་མེད་པ་སེམས་ཀྱི་བདག་ཉིད་ཡིན་པར་གསུངས་ཏེ། དེ་ཉིད་ལས།[11] རྒྱུ་དང་འབྲས་བུར་འགྱུར་པ་ཡང་། །ཤེས་པ་འབའ་ཞིག་ཁོ་ན་སྟེ། །རང་གིས་གྲུབ་པ་གང་ཡིན་པ། །དེ་ནི་ཤེས་པར་གནས་པ་ཡིན། །ཞེས་དང་། ཡང་རྣམ་ངེས་ལས།[12] བློ་ཡིས་ཉམས་མྱོང་བྱ་གཞན་མེད། །དེ་ཡི་མྱོང་བ་གཞན་ཡོད་མིན། །གཟུང་དང་འཛིན་པ་གཉིས་མེད་ཕྱིར། །དེ་ནི་དེ་ལྟར་རང་ཉིད་གསལ། །ཞེས་དང་། ཡང་ཆོས་ཉིད་རྣམ་འབྱེད་ལས།[13] ཕྱི་རོལ་གཟུང་བ་ཐུན་མོང་བར། །སྣང་བ་འཛིན་པའི་རྣམ་རིག་པའོ། །རྣམ་པར་ཤེས་ལས་ཕྱི་རོལ་ཏུ། །གྱུར་པའི་དོན་ཡོད་མ་ཡིན་ཏེ། །ཐུན་མོང་བ་ཉིད་ཡིན་ཕྱིར་རོ། །ཞེས་པ་ལྟར། དེ་དག་ནི་སེམས་ཙམ་པའི་གྲུབ་མཐའ་སྒྲས་དངོས་སུ་གསལ་བའི་རྒྱ་གཞུང་གི་བསྟན་བཅོས་རྣམས་སུ་གསལ་བ་རྣམས་ཡིན་ནོ། །བོད་འདིར་རང་ལུགས་ཀུན་མཁྱེན་ཡབ་སྲས་ཀྱི་གཞུང་རྣམས་སུ་སེམས་ཙམ་དུ་བསྟན་པ་ཡང་འདི་ལྟར་ཡོད་དེ། ཀུན་མཁྱེན་རོོང་ཟོམ་མ་ཧཱ་པཎྜི་ཏས་ (༡༠༤༠-༡༡༥༩) མཛད་པའི་གྲུབ་མཐའི་བརྗེད་བྱང་ལས།[14] སེམས་ཙམ་གྱིས་སེམས་དོན་དམ་པར་ཡོད་པར་འདོད་དེ། ཉན་ཐོས་ལྟར་ཡུལ་ཡོང་གིས་མེད་པ་ལ་སྒྲོ་འདོགས་པ་དང་། དབུ་མ་ཆེན་པོས་སེམས་ཀྱང་དོན་དམ་པར་མེད་དོོ་ཞེས་བསྐུར་བ་འདེབས་པ་སྤང་དགོས་ཏེ། ཞེས་དང་། མན་ངག་ལྟ་ཕྲེང་གི་འགྲེལ་པ་ལས།[15] རྣལ་འབྱོར་སྤྱོད་པ་ནིི། གཟུང་འཛིན་གྱིས་སྟོང་པའི་རང་རིག་པའི་མཚན་ཉིད་ནི་དོན་དམ་པའོ། །ཞེས་དང་། ཡང་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ (༡༣༠༨-༡༣༦༣) ཀྱིས་ཡིད་བཞིན་མཛོད་ཀྱི་འགྲེལ་པ་པདྨ་དཀར་པོ་ལས།[16] གཟུང་འཛིན་གཉིས་མེད་ཀྱི་ཤེས་པ་རང་རིག་རང་གསལ་དོན་དམ་དུ་འདོད་དེ། ཞེས་དང། ཀུན་མཁྱེན་འཇིགས་མེད་གླིང་ (༡༧༢༩-༡༧༩༨) པས་མཛད་པའི་ཡོན་ཏན་མཛོད་ལས།[17] གཟུང་འཛིན་གཉིས་སུ་སྣང་བའི་ཡུལ་ཡུལ་ཅན། །ཀུན་རྫོབ་བདེན་པ་ཉིད་དེ་གང་ལས་གཞན། །གཉིས་མེད་ཤེས་པ་དོན་དམ་བདེན་པ་རུ། །འདོད་པ་སེམས་ཙམ་པ་ཡི་གྲུབ་པའི་མཐའ། །ཞེས་གསུངས་སོ། །འཇམ་མགོན་མི་ཕམ་ (༡༨༤༦-༡༩༡༢) པས་མཛད་པའི་མདོ་སྡེ་རྒྱན་གྱི་འགྲེལ་པ་ཐེག་མཆོག་བདུད་རྩིའི་དགའ་སྟོན་ལས། སེམས་ཙམ་ཞེས་པ་སེེམས་དང་སེམས་ལས་བྱུང་བ་ཙམ་དུ་ཟད་ཀྱི་ཕྱིི་དོན་ཡོོད་པ་མ་ཡིན་ཞེས་འདོད་དེ་ཙམ་གྱི་སྒྲས་གཟུགས་འགོག་གི་སེམས་བྱུང་མི་འགོག་པ་དང། ཞེས་གསུངས་སོ། །ཡང་བཀའ་བརྒྱད་རྣམ་བཤད་ལས།[18] སེམས་ཙམ་པས་ནི་གཉིས་སྟོང་གི་རྣམ་རིག་གསལ་རིག་ཙམ་དོན་དམ་པར་ཡོངས་སུ་གྲུབ་པ་དང་། ཞེས་དང་། ཡང་ཡིད་བཞིན་མཛོད་ཀྱི་གྲུབ་བསྡུས་ལས།[19] དང་པོ་སེམས་ཙམ་པ་ནི། ཆོས་ཐམས་ཅད་སེམས་ཙམ་དུ་འདུ་ཞིང་། གཟུང་འཛིན་གཉིས་སྟོང་གིི་རྣམ་ཤེས་དོན་དམ་དུ་འདོད། ཅེས་གསུངས་སོ། །གཞན་ཡང་དབུ་མ་རྒྱན་འགྲེལ་དང་ལེགས་བཤད་སྣང་བའི་གཏེར་ལས་ཀྱང་གསལ་ལོ། །མདོར་ན་སེམས་ཙམ་པ་དང་། རྣམ་རིག་པ་དང་། རྣལ་འབྱོར་སྤྱོད་པ་བཅས་ནི་དོན་གཅིག་གོ །དེ་དག་བསྟན་པའི་མདོ་དང་བསྟན་བཅོས། དེ་བཞིན་དུ་རང་གཞུང་དུ་ཇི་ལྟར་བསྟན་ཡོད་མེད་བཅས་ཅུང་ཟད་བཤད་གྲུབ་བོ།།

ཆིངས་གཉིས་པ་རང་བཞིན་གསུམ་གྱི་མཚན་ཉིད་ཇི་ལྟར་ཡོད་མེད་བཤད་པ།

དེ་ཡང་དང་པོ་མདོ་རྣམས་སུ་རང་བཞིན་གསུམ་གྱི་མཚན་ཉིད་ཇི་ལྟར་བསྟན་ཅེ་ན། མདོ་སྡེ་དགོངས་འགྲེལ་གྱི་ཡོན་ཏན་འབྱུང་གནས་ཀྱི་ལེའུ་ལས།[20] ཡོན་ཏན་འབྱུང་གནས་ཆོས་རྣམས་ཀྱི་མཚན་ཉིད་ནི་གསུམ་པོ་འདི་དག་ཡིན་ཏེ། གསུམ་གང་ཞེ་ན། ཀུན་བརྟགས་པའི་མཚན་ཉིད་དང་། གཞན་གྱི་དབང་གི་མཚན་ཉིད་དང་། ཡོངས་སུ་གྲུབ་པའི་མཚན་ཉིད་དོ། །ཞེས་གསུངས་སོ།།

བསྟན་བཅོས་རྣམས་སུ་མཚན་ཉིད་འདི་ལྟར་བསྟན་ཏེ། དབུས་མཐའ་རྣམ་འབྱེད་ལས།[21] བརྟགས་པ་དང་ནི་གཞན་དབང་དང་། །ཡོངས་སུ་གྲུབ་པ་ཉིད་ཀྱང་ངོ་། །དོན་ཕྱིར་ཡང་དག་མིན་རྟོགས་ཕྱིར། །གཉིས་པོ་མེད་པའི་ཕྱིར་བཤད་དོ། །ཞེས་དང་། ཐེག་བསྡུས་ལས། ཤེས་བྱའི་མཚན་ཉིད་ཇི་ལྟ་བར་བྱ་ཞེ་ན། དེ་ནི་མདོར་བསྡུས་ན་རྣམ་པ་གསུམ་སྟེ། གཞན་གྱི་དབང་གི་མཚན་ཉིད་དང་ཀུན་བཏགས་པའི་མཚན་ཉིད་དང་། ཡོངས་སུ་གྲུབ་པའི་མཚན་ཉིད་དོ། །ཞེས་གསུངས་པ་དང་། མཚན་ཉིད་གསུམ་མདོོ་དང་བསྟན་བཅོོས་རྣམས་སུ་ངོས་བཟུང་བ་དེ་དག་རེ་རེའི་མཚན་ཉིད་རྒྱས་པར་སྤྲོས་ན། དང་པོ་ཀུན་བཏགས་ཀྱི་མཚན་ཉིད་ནི། ཀུན་བཏགས་ཀྱི་མཚན་ཉིད་མདོ་རྣམས་སུ་གསུངས་པ་ཡང་ཡོད་དེ། མདོ་སྡེ་དགོངས་འགྲེལ་གྱི་ཡོན་ཏན་འབྱུང་གནས་ཀྱི་ལེའུ་ལས།[22] ཡོན་ཏན་འབྱུང་གནས་དེ་ལ་ཆོས་རྣམས་ཀྱི་ཀུན་བརྟགས་པའི་མཚན་ཉིད་གང་ཞེ་ན། ཇི་ཙམ་དུ་རྗེས་སུ་ཐ་སྙད་གདགས་པའི་ཕྱིར་ཆོས་རྣམས་ཀྱི་ངོ་བོ་ཉིད་དམ་བྱེ་བྲག་ཏུ་མིང་དང་བརྡར་རྣམ་པར་བཞག་པ་གང་ཡིན་པའོ། །ཞེས་གསུངས་སོ། །ཡང་བསྟན་བཅོས་རྣམས་སུ་ཡང་མཚན་ཉིད་ཡོད་དེ། མདོ་སྡེ་རྒྱན་ལས།[23] མིང་དང་དོན་ནི་ཇི་ལྟ་བར། །དོན་དང་མིང་དུ་སྣང་བ་གང་། །ཡང་དག་མིན་རྟོག་རྒྱུ་མཚན་ནི། །ཀུན་བཏགས་པ་ཡི་མཚན་ཉིད་དོ། །ཞེས་གསུངས་སོ། །ཡང་ཀུན་བཏགས་ཀྱི་མཚན་ཉིད་ཐེག་བསྡུས་ལས།[24] དེ་ལ་ཀུན་བཏགས་པའི་མཚན་ཉིད་གང་ཞེ་ན། གང་དོན་མེད་ཀྱང་རྣམ་པར་རིག་པ་ཙམ་དེ་དོན་ཉིད་དུ་སྣང་བའོ། །ཞེས་གསུངས་སོ།།

ཀུན་མཁྱེན་ཀློང་ཆེན་གྱིས་ཀུན་བཏགས་ཀྱི་མཚན་ཉིད་འདི་ལྟར་གསུངས་ཏེ། ཡིད་བཞིན་མཛོད་ཀྱི་འགྲེལ་པ་པདྨ་དཀར་པོོ་ལས།[25] ཀུན་བརྟགས་ནི་བརྟགས་པ་ཙམ་ལས་རང་མཚན་དུ་མི་སྲིད་པའོ། །ཞེས་དང་། ཀུན་མཁྱེན་མིི་ཕམ་པས་མདོ་སྡེེ་རྒྱན་འགྲེལ་ལས།[26] མདོར་ན་གཉིས་སུ་སྣང་བའི་ཆོོས་སྣ་ཚོགས་ཀྱི་སྤྲོས་པའི་བག་ཆགས་སད་པ་ལས་གཉིས་སུ་སྣང་བའི་ཆོས་སྣ་ཚོགས་ལ་མིང་དང་མཚན་མར་བཟུང་ནས་སྣང་བ་ལྟར་མངོན་པར་ཞེན་པ་ནིི་ཀུན་བརྟགས་པའི་མཚན་ཉིད་དོ། །ཞེས་གསུངས་སོ། །དབྱེ་ན་མཚན་ཉིད་ཆད་པའི་ཀུན་བཏགས་དང་རྣམ་གྲངས་པའི་ཀུན་བཏགས་གཉིས་སོ། །དེའི་སྐོར་འོག་ཏུ་དོགས་སློང་སྐབས་བརྗོད་པར་བྱའོ།།

གཉིས་པ་གཞན་དབང་གི་མ་ཉིད་ནི། གཞན་དབང་གི་མཚན་ཉིད་ནི་མདོ་སྡེ་དགོངས་འགྲེལ་ལས།[27] ཡོན་ཏན་འབྱུང་གནས་ཆོས་རྣམས་ཀྱི་གཞན་གྱི་དབང་གི་མཚན་ཉིད་གང་ཞེ་ན། ཆོས་རྣམས་ཀྱི་རྟེན་ཅིང་འབྲེལ་བར་འབྱུང་བ་ཉིད་དེ། འདི་ལྟ་སྟེ་འདི་ཡོད་པས་འདི་འབྱུང་ལ། འདི་སྐྱེས་པའི་ཕྱིར་འདི་སྐྱེ་བ་འདི་ལྟ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་ནས། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་འབའ་ཞིག་པོ་འདི་འབྱུང་བར་འགྱུར་རོ། །ཞེས་གསུངས་སོ། །ཡང་མདོ་སྡེ་རྒྱན་ལས།[28] རྣམ་གསུམ་རྣམ་གསུམ་སྣང་བ་ཅན། །འཛིན་དང་གཟུང་བའི་མཚན་ཉིད་དེ། །ཡང་དག་མ་ཡིན་ཀུན་རྟོག་ནི། །གཞན་གྱི་དབང་གི་མཚན་ཉིད་དོ། །ཞེས་གསུངས་སོ། །ཡང་ཐེག་བསྡུས་ལས།[29] དེ་ལ་གཞན་གྱི་དབང་གི་མཚན་ཉིད་གང་ཞེ་ན། གང་ཀུན་གཞིའི་རྣམ་པར་ཤེས་པའི་ས་བོན་ཅན་ཡང་དག་མ་ཡིན་པ་ཀུན་རྟོག་པས་བསྡུས་པའི་རྣམ་པར་རིག་པའོ། །ཞེས་དང་། ཀུན་མཁྱེན་ཀློང་ཆེན་གྱིས་མཛད་པའི་ཡིད་བཞིན་མཛོད་འགྲེལ་ལས།[30] གཞན་དབང་ནི། རྒྱུ་རྐྱེན་ལ་རག་ལས་ཏེ་སྐྱེ་བའོ། །ཞེས་དང་། ཀུན་མཁྱེན་མི་ཕམ་གྱིས་མདོ་སྡེ་རྒྱན་འགྲེལ་ལས།[31] སྣང་བ་དྲུག་པོ་དེ་ཐམས་ཅད་ཀུན་གཞི་རྣམ་ཤེས་ལ་བག་ཆགས་ཀྱི་ཁམས་ཡོད་པ་སད་པ་ལས་རྨི་ལམ་ལྟར་སྣང་བ་ཙམ་ལས་གཟུང་འཛིན་ཐ་དད་དུ་གྲུབ་པ་མེད་ཀྱང་ཡོད་པ་ལྟར་གཉིས་སུ་སྣང་བའི་ཕྱིར་ན་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ཁམས་གསུམ་གྱི་སེམས་སེམས་བྱུང་རྣམས་ནི་གཞན་དབང་གི་མཚན་ཉིད་དོ། །ཞེས་གསུངས་སོ། །མདོར་ན་གཞན་དབང་ནི་ཐ་སྙད་དུ་སྣང་བ་སྣ་ཚོགས་པའི་སྣང་གཞིར་གྱུར་པའོ། །དབྱེ་ན། དག་པའི་གཞན་དབང་དང་། མ་དག་པའི་གཞན་དབང་གཉིས་སོ། །ཁམས་གསུམ་གྱི་སེམས་དང་སེམས་བྱུང་ནི་དང་པོ་དང་། རྗེས་ཐོབ་ཏུ་རྨི་ལམ་སྒྱུ་མ་ལྟར་སྣང་བའི་ཡེ་ཤེས་ནི་གཉིས་པའོ།།

ཡོངས་གྲུབ་མཚན་ཉིད་ནི། མདོ་སྡེ་དགོངས་འགྲེལ་ལས།[32] ཡོན་ཏན་འབྱུང་གནས་ཆོས་རྣམས་ཀྱི་ཡོངས་གྲུབ་ཀྱི་མཚན་ཉིད་གང་ཞེ་ན། ཆོས་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྟུན་པ་རྒྱུ་དང་། ལེགས་པར་ཚུལ་བཞིན་ཡིད་ལ་བྱས་པའི་རྒྱུས་དེ་རྟོགས་ཤིང་དེ་རྟོགས་པ་གོམས་པ་བྱས་པ་ཡང་དག་པར་འགྲུབ་པ་གང་ཡིན་པའོ། །ཞེས་གསུངས། ཡང་མདོ་སྡེ་རྒྱན་ལས།[33] མེད་དང་ཡོད་ཉིད་གང་ཡིན་དང་། །ཡོད་དང་མེད་པ་མཉམ་ཉིད་དང་། །མ་ཞི་ཞི་དང་རྣམ་མི་རྟོག། །ཡོངས་སུ་གྲུབ་པའི་མཚན་ཉིད་དོ། །ཞེས་དང་། ཐེག་བསྡུས་ལས།[34] དེ་ལ་ཡོངས་སུ་གྲུབ་པའི་མཚན་ཉིད་གང་ཞེ་ན། གང་གཞན་གྱི་དབང་གིས་མཚན་ཉིད་དེ་ཉིད་ལ་དོན་གྱི་མཚན་ཉིད་དེ་གཏན་མེད་པ་ཉིད་དོ། །ཞེས་དང་།

ཡིད་བཞིན་མཛོད་ཀྱི་འགྲེལ་པ་པདྨ་དཀར་པོ་ལས།[35] ཡོངས་གྲུབ་ནི་གཞན་དབང་ལ་ཀུན་བརྟགས་མེད་པ་ཡོངས་གཅོད་དུ་གྲུབ་པའོ། །ཞེས་དང་། ཡང་ཀུན་མཁྱེན་མི་ཕམ་པས་མདོ་སྡེ་རྒྱན་འགྲེལ་ལས།[36] ཡོངས་སུ་གྲུབ་པ་གང་ཞེ་ན། ཆོས་ཀྱི་དབྱིངས་སྟོང་པ་ཉིད་ཀྱི་མཚན་ཉིད་དེ། ཞེས་པ་ནས། རྟོག་གེའི་ཡུལ་མ་ཡིན་པར་གཟུང་འཛིན་གྱི་སྤྲོས་པ་ཀུན་དང་བྲལ་བ་རྣམ་པར་མི་རྟོག་པ་ནི་ཡོངས་སུ་གྲུབ་པའི་མཚན་ཉིད་དོ། །ཞེས་པའི་བར་གསུངས་སོ། །དབྱེ་ན། འགྱུར་མེད་ཡོངས་གྲུབ་དང་ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་གཉིས་སོ། །དེ་བཞིན་ཉིད་ནི་དང་པོ་དང་དེ་རྟོགས་པའི་ཡུལ་ཅན་ཡེ་ཤེས་གཉིས་པའོ།།

ཆིངས་གསུམ་པ་མཚན་ཉིད་གསུམ་པོ་ནང་ཕན་ཚུན་གཞི་མཐུན་ཡོད་མེད་ལ་དོགས་པ་སློང་བ།

མཚན་ཉིད་གསུམ་པོ་ནང་ཕན་ཚུན་གཞི་མཐུན་ཡོད་མེད་ལ་དོགས་པ་འདི་ལྟར་ཡོད་དེ་ཀུན་མཁྱེན་ཀློང་ཆེན་གྱིས་མཛད་པའི་ཡིད་བཞིན་མཛོད་འགྲེལ་དང་། བླ་མ་མི་ཕམ་པས་མཛད་པའི་གྲུབ་བསྡུས་སུ་རང་བཞིན་གསུམ་གྱི་མཚན་ཉིད་གཅིག་མཚུངས་ལྟར་བཀོད་ཡོད་དེ། ཡིད་བཞིན་མཛོད་ཀྱི་འགྲེལ་པ་པདྨ་དཀར་པོ་ལས།[37] ཀུན་བརྟགས་ནི་བརྟགས་པ་ཙམ་ལས་རང་མཚན་དུ་མི་སྲིད་པའོ། །གཞན་དབང་ནི་རྒྱུ་རྐྱེན་ལ་རག་ལས་ཏེ་སྐྱེ་བའོ། །ཞེས་དང་། བླ་མ་མི་ཕམ་པས་གྲུབ་བསྡུས་ལས།[38] བཏགས་པ་ཙམ་ལས་རང་མཚན་དུ་མེད་པ་ཀུན་བཏགས་ཏེ། ཞེས་དང་། རྒྱུ་རྐྱེན་ལ་རག་ལས་ཏེ་སྐྱེ་བ་གཞན་དབང་སྟེ། ཞེས་གསུངས་པ་ལྟར། རང་ལུགས་ཀུན་མཁྱེན་ཡབ་སྲས་རྣམས་ཀྱི་གཞུུང་དུ་མཚན་ཉིད་འདི་གསུམ་གསུངས་པ་ལྟར་ན་ཀུན་བཏགས་དང་གཞན་དབང་གཉིས་ལ་གཞི་མཐུན་མེད་པར་སྣང་ངོ་། །ཀུན་བཏགས་ཡིན་ན་བཏགས་པ་ཙམ་ལས་རང་མཚན་དུ་མེད་དགོས་པ་གང་ཞིག་གཞན་དབང་ནི་དེ་ལྟར་མ་ཡིན་པའི་ཕྱིར། གཞན་དབང་ཡིན་ན་བཏགས་པ་ཙམ་ལས་རང་མཚན་དུ་མེད་པ་མ་ཡིན་ཏེ། རྒྱུ་རྐྱེན་ལ་རག་ལས་པའི་ཕྱིར་རོ། །སེམས་ཙམ་པའི་ལུགས་ལ་རྒྱུ་རྐྱེན་ལ་རག་ལས་པའི་དངོས་པོ་ཡིན་ན་ཡོད་པས་ཁྱབ་བོ། །དེ་ཡང་ཀུན་མཁྱེན་ཀློང་ཆེན་གྱིས་ཡིད་བཞིན་མཛོད་དུ་དྲངས་པའི་མདོ་ལང་གཤེགས་ལས།[39] དོན་ཡོད་མ་ཡིན་སེམས་ཉིད་དེ། །ཕྱི་རོལ་དོན་མཐོོང་ལོག་པ་ཡིན། །གཞན་གྱི་དབང་ནི་ཡོད་པ་སྟེ། །ཀུན་ཏུ་བརྟགས་པ་ཡོད་མ་ཡིན། །ཞེས་གསུངས་སོ། །རྟགས་སྦྱོར་ནི་གཞན་དབང་ཆོས་ཅན། ཀུན་བཏགས་མ་ཡིན་ཏེ། ཀུན་བཏགས་ཡིན་ན་རྣམ་གྲངས་དང་མཚན་ཉིད་ཆད་པའི་ཀུན་བཏགས་གང་རུང་ཡིན་དགོས་པ་གང་ཞིག་གཞན་དབང་དེ་དེ་གཉིས་ཀ་མ་ཡིན་པའི་ཕྱིར་རོ། །རྣམ་གྲངས་པའི་ཀུན་བཏགས་དང་མཚན་ཉིད་ཆད་པའི་ཀུན་བཏགས་གཉིས་ཀྱི་མཚན་གཞི་ནི།  ཡིད་བཞིན་མཛོད་ཀྱི་འགྲེལ་པ་པདྨ་དཀར་པོ་ལས།[40] མཚན་ཉིད་ཆད་པའི་ཀུན་བརྟགས་ནི། མི་སྲིད་བཞིན་དུ་བློས་བརྟགས་པ་གང་ཟག་དང་ཆོས་ཀྱི་བདག་ལྟ་བུའོ། །ཞེས་དང་། རྣམ་གྲངས་པའི་ཀུན་བརྟགས་ནི་མེད་བཞིན་དུ་བློ་ལ་སྣང་བ་ཟླ་གཉིས་ཀྱི་རྣམ་པ་ལ་སོགས་པ་སྟེ། ཞེས་གསུངས་སོ། །དེ་གཉིིས་ཀྱི་དོོན་གང་ཡང་གཞན་དབང་ལ་མ་ཚང་བའི་ཕྱིར། ཡང་ཀུན་བཏགས་དང་གཞན་དབང་གཉིས་མཐའ་གཅིག་ཏུ་གཞི་མཐུན་མེད་ཟེར་ནའང་དཀའ་སྟེ། ཀུན་མཁྱེན་མི་ཕམ་པས་དབུ་མ་རྒྱན་འགྲེལ་དང་མདོ་སྡེ་རྒྱན་འགྲེལ། དབུས་མཐའི་འགྲེལ་པ་དང་དམ་ཆོས་དོགས་སེལ་སོགས་སུ་གསུང་སྟངས་ལྟར་ན་གཞི་མཐུན་པར་སྣང་ངོ་།།

ཡང་དོགས་པ་ཞིག་ལ། དབུ་མ་རྒྱན་འགྲེལ་ལས།[41] དེ་གཉིས་ནི་ཀུན་བཏགས་ཡིན་ཏེ་སྒྲ་རྟོག་གི་སྤྱོད་ཡུལ་ཅན་གཟུང་འཛིན་གཉིས་སུ་སྣང་བ་བརྟགས་ན་མི་བདེན་པ་ཡིན་པའི་ཕྱིར་རོ། །ཞེས་གསུངས་པ་ལྟར་ན་ཀུན་བཏགས་དང་གཞན་དབང་གཞི་མཐུན་དུ་སྣང་སྟེ། དཔེར་ན་གཟུང་འཛིན་གཉིས་ཀྱིས་ཟླས་ཕྱེ་བའི་འཛིན་པ་ཆོས་ཅན། ཀུན་བཏགས་དང་གཞན་དབང་གཉིས་ཀྱི་གཞི་མཐུན་ཡིན་པར་ཐལ། ཀུན་བཏགས་ཡིན་པ་གང་ཞིག་གཞན་དབང་ཡང་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། སྒྲ་རྟོག་གི་སྤྱོད་ཡུལ་ཅན་གཟུང་འཛིན་གཉིིས་སུ་སྣང་བ་གང་རུང་གང་ཞིག་བརྟགས་ན་མི་བདེན་ཕྱིར། ཁྱབ་པ་གོང་གི་ལུང་དེས་གྲུབ་ལ། མ་ཟད་མདོ་སྡེ་རྒྱན་འགྲེལ་ཐེག་མཆོག་བདུད་རྩིའི་དགའ་སྟོན་ལས་ཀྱང་།[42] མདོར་ན་གཉིས་སུ་སྣང་བ་ཆོས་སྣ་ཚོགས་ཀྱི་སྤྲོས་པའི་བག་ཆགས་སད་པ་ལས་གཉིས་སུ་སྣང་བའི་ཆོས་སྣ་ཚོགས་ལ་མིང་དང་མཚན་མར་བཟུང་ནས་སྣང་བ་ལྟར་མངོན་པར་ཞེན་པ་ནིི་ཀུན་བཏགས་པའི་མཚན་ཉིད་དོ། །ཞེས་གསུངས་པ་ལྟར་ན་བཏགས་པ་ཙམ་ལས་རང་མཚན་དུ་མེད་པ་དེ་ཀུན་བཏགས་ཀྱི་མཚན་ཉིད་དུ་འཇོག་དཀའ་བར་སྣང་ངོ་། །ཡང་ཆོས་རར་ཚ་ཚ་འུར་འུར་སྒྲོག་པ་ཁ་ཅིག་གིས། གཞན་དབང་ཡིན་ན་ཀུན་བཏགས་ཡིན་པའི་ཁྱབ་ཟེར་རོ། །དེའི་རྒྱུ་མཚན་ནི་ཀུན་མཁྱེན་ཀློང་ཆེན་པས་རྣམ་གྲངས་པའི་ཀུན་བཏགས་གསུང་སྐབས་ཕུང་པོ་དང་ཁམས་སྐྱེ་མཆེད་སོགས་དེའི་མཚན་གཞི་རུ་བཞག་ནས་གསུངས་ཡོད་ཟེར། དེ་ཡང་མི་འཐད་དེ། ཀུན་མཁྱེན་ཀློང་ཆེན་པས་ཕུང་པོ་ཙམ་དང་ཁམས་ཙམ་ཀུན་བཏགས་སུ་འཇོག་གནང་བ་མ་གཏོགས་ཕུང་པོ་དང་ཁམས་ཡིན་ཚད་ཀུན་བཏགས་ཡིན་པར་གསུངས་པའི་དོན་མ་ཡིན་ནོ། །ཕུང་པོ་ཙམ་ཞིག་བཞག་ན་ཕུང་པོ་མཐའ་དག་འཇོག་དགོས་ཟེར་ན། འོ་ན་ཆོས་ཐམས་ཅད་རྟག་པའི་མཚན་གཞི་རུ་སོང་བར་ཐལ། ཤེས་བྱ་རྟག་པའི་མཚན་གཞི་རུ་སོང་བའི་ཕྱིར་རོ། །ཡང་གཞན་དབང་དང་ཡོངས་གྲུབ་ནི་གཞི་མཐུན་ཡོད་པ་བཤད་པ་ལ། ཡོངས་གྲུབ་ཁོ་ན་དོན་དམ་དུ་འདོད་པའི་ལུགས་ཤིག་དང་། གཞན་དབང་ཡང་ཡོངས་གྲུབ་ཏུ་འགྲོ་བའི་ལུགས་གཉིས་སྣང། རང་ལུགས་ཀུན་མཁྱེན་ཡབ་སྲས་རྣམས་འདོད་པ་ཕྱི་མ་དང་མཐུན་ཆེ་སྙམ། གལ་ཏེ་ཕྱི་མ་ལྟར་ན་ཡོངས་གྲུབ་དང་གཞན་དབང་གཉིས་ལ་གཞི་མཐུན་ཡོད་པར་ཤུགས་ལ་གྲུབ་བོ།།

རང་ལུགས་ལ་ཀུན་མཁྱེན་ཀློང་ཆེན་གྱི་ཡིད་བཞིན་མཛོད་འགྲེལ་དུ་ཇི་ལྟར་གསུངས་པ་བཞིན་བཀོད་ན། ཡིད་བཞིན་མཛོད་འགྲེལ་ལས།[43] གཞན་དབང་ནི་ཆོས་ཅན་དོན་དམ་དང། ཡོངས་གྲུབ་ཆོས་ཉིད་དོན་དམ་ལ། ཞེས་གསུངས་པའི་དོན་ནི་གཞན་དབང་ཡིན་ན་མཐའ་གཅིག་ཏུ་ཀུན་རྫོབ་ཡིན་མི་དགོས་ཞེས་པའི་དོན་ཡིན། ཡང་ཁ་ཅིག་གིས་གཞན་དབང་ཡིན་ན་ཀུན་རྫོབ་ཡིན་པས་ཁྱབ་སྟེ། དབུས་མཐའི་འགྲེལ་པ་ལས། དོན་དམ་བདེན་པ་ནི་ཡོངས་སུ་གྲུབ་པ་གཅིག་པུ་ཁོ་ན་སྟེ། གཞན་གྱི་དབང་དང་ཀུན་བཏགས་གཉིས་ནི་དོན་དམ་པར་མི་སྲིད་པའི་ཕྱིར་རོ། །ཞེས་གསུངས་སོ། །རང་ལུགས་ལ་དེ་ལྟར་མི་བཞེད་ཀྱང་ལུང་དང་མི་འགལ་བ་ཡིད་བཞིན་མཛོད་འགྲེལ་དུ་གསལ་ཏེ། དེ་ཉིད་ལས།[44] གཞན་དབང་ནི་རེ་ཞིག་དོན་བྱེད་ནུས་པ་ཉིད་དང་། མྱོང་བ་གསལ་བ་ཙམ་དུ་ཡོད་པའི་ཆ་ལ་དེ་སྐད་དུ་བརྗོད་པས་ཕྱོགས་དེར་བླན་པའོ། །ཞེས་གསུངས་སོ། །མདོར་ན་རང་ལུགས་ལ་ཀུན་མཁྱེན་ཀློང་ཆེན་པས་གཞན་དབང་ཆོས་ཅན་དོན་དམ་དེ་ཡོངས་གྲུབ་ཏུ་འགྲོ་བར་གསུངས་སོ། །དེ་བཞིན་ཀུན་མཁྱེན་མི་ཕམ་པས་དམ་ཆོས་དོགས་སེལ་ལས།[45] གཞན་དབང་དོན་དམ་དུ་མི་བསྡུ་བར་བཤད་པ་འདི་ལའང་ལུགས་སྣ་ཚོགས་སུ་ཡོད་དེ། དོན་དམ་ཡོངས་གྲུབ་གཅིག་པུུ་ལ་བཤད་པ་ནི་ཡོངས་སུ་གྲགས་ལ། གཞན་དབང་ཆོས་ཅན་དོན་དམ་ཞེས་སོགས་སུ་བཤད་པའང་ཡོད་མོད། ཅེས་དང་། གཞན་དབང་ཀུན་བཏགས་ཀྱིས་སྟོང་པར་མ་གྲུབ་ན་བདག་གཉིས་དང་བྲལ་བའི་སྟོང་ཆ་འབའ་ཞིག་ཙམ་གྱིས་ཡོངས་གྲུབ་ལ་རྣམ་རིག་བདེན་གྲུབ་ཀྱི་དོན་ག་ལ་ཡོད། ཅེས་གསུངས་སོ། །ཡང་ཁ་ཅིག་གིས་གཞན་དབང་གི་ཤེས་པ་ཀུན་རྫོབ་ཡིན་གྱིི། དོན་དམ་མིན་ནོ་ཟེར་ན་དེ་ཡང་མི་འཐད་དེ། དེ་ཉིད་ལས།[46] གཞན་དབང་གི་ཤེས་པ་ཉིད་ལ་ཀུན་བཏགས་ཀྱིས་སྟོང་པའི་མ་ཡིན་དགག་གི་སྟོང་ཉིད་འདི་རྣལ་འབྱོར་སེམས་ཙམ་པའི་འདོད་པ་ཐུན་མིན་ཡིན་པའི་ཕྱོགས་བཟུང་ནས་གནས་ཚུལ་ལ་གཉིས་སྟོང་གི་རྣམ་རིག་ཉིད་དོན་དམ་དུ་བཞག་པ་ལ་གོ་བ་འགང་ཆེ་སྟེ། ཞེས་གསུངས་པ་ལྟར་མདོོར་ན་ཆོས་ཅན་གཞན་དབང་ནི་ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་ཡིན་པ་ཡང་བསྟན་ཏེ། དེ་ཉིད་ལས།[47] དེས་ན་གཟུང་འཛིན་གྱི་སྤྲོས་པ་ཀུན་དང་བྲལ་བའི་ཤེས་པ་ཉིད་གནས་ལུགས་སུ་གྲུབ་པར་སེམས་ཙམ་པས་འདོད་པ་ཤེས་པར་བྱ་སྟེ། དབུ་མ་ལ་འཇུག་པ་ལས། དེ་ཕྱིར་གཞན་གྱི་དབང་གི་ངོ་བོ་གང་། །ཞེས་སོགས་གསུངས་སོ། །མདོར་ན་ཀུན་མཁྱེན་མི་ཕམ་པས་ཆོས་ཉིད་གཞན་དབང་ནི་སེམས་ཙམ་པའི་ལུགས་ལ། གནས་ལུགས་སམ་དེ་བཞིན་ཉིད་ཡིན་པར་གསུངས་སོ།།

ཆིངས་བཞི་པ་ཕྱི་དོན་ཡོད་མེད་ལ་དཔྱད་པ།

སེམས་ཙམ་པའི་ལུགས་ལ་ཕྱི་དོན་མི་འདོད་པ་གཞུང་རྣམས་སུ་ཇི་ལྟར་གསལ་ཞེ་ན། མདོ་ལང་ཀར་གཤེགས་པ་ལས།[48] དོན་ཡོད་མ་ཡིན་སེམས་ཉིད་དེ། །ཕྱི་རོལ་དོན་མཐོང་ལོག་པ་ཡིན། །གཞན་གྱི་དབང་ནི་ཡོད་པ་སྟེ། །ཀུན་ཏུ་བརྟགས་པ་ཡོད་མ་ཡིན། །ཞེས་གསུངས་སོ། །ཕྱི་རོལ་གྱི་དོན་ཀ་བ་དང་བུམ་པ་སོགས་མེད་ལ་དོན་དེ་མེད་བཞིན་དུ་ཇི་ལྟར་སྣང་ཞེ་ན། བག་ཆགས་གོམས་པའི་སྟོབས་ལས་སྣང་བ་ཡིན་པའི་ཕྱིར། དཔེར་ན། རྨི་ལམ་བཞིན་ནོ། །དེ་བཞིན་དུ་ཐེག་བསྡུས་ལས།[49] དངོས་གཅིག་ཡིད་ནི་ཐ་དད་ཕྱིར། །དོན་མ་གྲུབ་པར་འདོད་པ་ཡིན། །ཞེས་གསུངས་པ་ལྟར། སེམས་ཙམ་པའི་ལུགས་ལ་ཕྱི་དོན་མི་འདོད་པ་ཡང་བསྟན་ཏེ། །ཡང་འཕགས་པ་བྱམས་པས་མཛད་པའི་ཆོས་ཉིད་རྣམ་འབྱེད་ལས།[50] ཕྱི་རོལ་གཟུང་བ་ཐུན་མོང་བར། །སྣང་བ་འཛིན་པའི་རྣམ་རིག་པའོ། །རྣམ་པར་ཤེས་ལས་ཕྱི་རོལ་ཏུ། །གྱུར་པ་དོན་ཡོད་མ་ཡིན་ཏེ། །ཐུན་མོང་བ་ཉིད་ཡིན་ཕྱིར་རོ། །ཞེས་སོགས་མདོར་ན་སྟོན་པའི་བཀའ་དང་རྗེས་འཇུག་མཁས་པའི་བསྟན་བཅོས་རྣམས་སུ་སེམས་ཙམ་པའི་ལུགས་ལ་ཕྱི་དོན་མེད་པར་གསལ་པོར་བསྟན་ལ། དེ་བཞིན་དུ་རང་ལུགས་ལ་ཀུན་མཁྱེན་ཡབ་སྲས་ཀྱི་གཞུང་རྣམས་སུ་ཕྱི་དོན་ཡོད་མེད་ཇི་ལྟར་གསལ་ཞེ་ན། མཚན་ཉིད་གསུམ་ནང་གསེས་ཀུན་བཏགས་བཤད་པའི་སྐབས་ན། ཡིད་བཞིན་མཛོད་འགྲེལ་པདྨ་དཀར་པོ་ལས།[51]  དེས་ན་གཟུགས་ནི་ཀུན་བརྟགས་ཏེ་མེད་བཞིན་དུ་སྣང་བའི་ཕྱིར་དང་། དངོས་པོར་མེད་པས་རྒྱུས་བསྐྱེད་དུ་མེད་པའི་ཕྱིར་རོ། །ཞེས་གསུངས་པ་ལྟར་སེམས་ཙམ་པའི་ལུགས་ལ་ཕྱི་དོན་མི་འདོད་པ་གསལ་པོར་གོ་ཐུབ་བོ།།

ཡང་བླ་མ་མི་ཕམ་པས་ཀྱང་ཕྱི་དོན་མི་འདོད་པ་ཡང་གསུངས་པ་ཡོད་དེ། མདོ་སྡེ་རྒྱན་འགྲེལ་ཐེག་མཆོག་བདུད་རྩིའི་དགའ་སྟོན་ལས།[52] དེ་ཡང་སེམས་ཙམ་པའི་ལུགས་འདིས་ཆོས་ཐམས་ཅད་སེམས་ཀྱི་སྣང་བ་ཙམ་ལས་གཞན་དུ་མེད་པར་སྨྲ་ཞིང་། ཞེས་གསུངས་པ་ལྟར་ཆོས་ཐམས་ཅད་སེམས་ཙམ་ལས་གཞན་ཕྱི་དོན་མེད་པར་གསུངས་པ་ཡིན་ནོ། །བླ་མ་མི་ཕམ་པས་མཛད་པའི་ཆོས་ཉིད་རྣམ་འབྱེད་འགྲེལ་པ་ཡེ་ཤེས་སྣང་བ་ལས། ཕྱི་རོལ་གྱི་གཟུང་བ་གང་ཞིག་ཐུན་མོང་བར་སྣང་བ་རི་ལ་སོགས་པ་ཆོས་ཅན། ནང་གི་ཤེས་པ་ལས་ཐ་དད་པའི་ཕྱི་དོན་བེམ་པོའི་ངོ་བོར་གྲུབ་པ་མེད་དེ། བག་ཆགས་མཐུན་པར་སད་པ་རྣམས་ཀྱི་ནང་གི་འཛིན་པའི་རྣམ་པ་རང་རིག་པ་ཉིད་ཕྱི་རོལ་གྱི་དོན་དེ་དང་དེའི་རྣམ་པར་སྣང་བ་ཡིན་པའི་ཕྱིར། དཔེར་ན་རྨི་ལམ་གྱི་གཟུགས་ལྟ་བུའོ། །ཞེས་དང་། ཡང་མཁན་ཆེན་ཡོན་དགའི་ཡོན་ཏན་མཛོད་འགྲེལ་ལས།[53] ཕྱི་དོན་མི་འདོད་ཅིང་རང་རིག་བདེན་གྲུབ་ཏུ་ཁས་ལེན་པའི་ཐེག་ཆེན་གྱི་གྲུབ་མཐའ་སྨྲ་བའི་གང་ཟག་དེ་སེམས་ཙམ་པའི་མཚན་ཉིད་ཡིན་ཞེས་གསུངས་སོ། །མདོར་ན་སེམས་ཙམ་པའི་ལུགས་ལ་ཕྱི་དོན་མི་འདོད་པ་རང་ལུགས་ཀྱི་གཞུང་ཕལ་མོ་ཆེར་གསུངས།

ཡང་དོགས་པ་ཞིག་ལ་བླ་མ་མི་ཕམ་པས་དམ་ཆོས་དོགས་སེལ་ལས།[54] སེམས་ཙམ་པའི་ལུགས་ལ་ཐ་སྙད་སྣང་ཚུལ་དང་བསྟུན་ན་ཕུང་པོ་ལྔའི་རྣམ་གཞག་ཀྱང་ཡོད། བེམ་ཤེས་ཀྱི་རྣམ་གཞག་ཀྱང་ཡོད། ཕྱི་དོན་དང་ནང་འཛིན་པའི་རྣམ་གཞག་ཀྱང་ཡོད་པ་ལ་སོགས་སྣང་ཚུལ་ཐམས་ཅད་མ་ཉམས་པར་འཇོག་ཤེས་དགོས་ཀྱི། དེ་མེད་ཅེས་སུ་ཞིག་གིས་སྨྲས། གནས་ཚུལ་ལ་ཡང་དག་པར་དཔྱད་པའི་དབང་དུ་ན། གཟུགས་ལ་སོགས་པ་བེམ་པོས་བསྡུས་པའི་ཕྱི་དོན་མེད་དེ། ཞེས་གསུངས་སོ། །དེའི་དོན་ནི་སེམས་ཙམ་པའི་ལུགས་ལ་སྣང་ཚུལ་དང་གནས་ཚུལ་གཉིས་ཕྱེ་ནས་སྣང་ཚུལ་ལ་ཕྱི་དོན་ཡོད་པ་དང་། གནས་ཚུལ་ལ་མེད་ཅེས་པའི་སྒྲ་ཇི་བཞིན་པའི་དོན་དེ་ཡིན། མདོར་ན་སེམས་ཙམ་པའི་ལུགས་ལ་ཕྱི་དོན་མེད་པས་མ་ཁྱབ་པ་ལྟ་བུ་དོགས་ལ། མ་ཁྱབ་ན་སྔོན་གྱི་མཁས་གྲུབ་གོང་མ་དག་གི་གསུང་དང་འགལ་བར་སྣང་ངོ་། །འོན་ཀྱང་གནད་འདིར་བདག་གིས་བསམ་ཚུལ་ཅུང་ཟད་གླེང་ན་འདི་ལྟར་འགལ་བ་ཡོད་པར་མ་མཐོང་སྟེ། སེམས་ཙམ་པའི་ལུགས་ལ་ཕྱི་དོན་མེད་པས་ཁྱབ་ཟེར་ན། འདོད་རིགས་མོད། འོ་ན་གོང་གི་ལུང་དང་འགལ་ཟེར་ན་མི་འགལ་ཏེ། དེའི་དོན་ནི་ཕུང་པོ་ལྔའི་རྣམ་གཞག་ལ་སོགས་པ་ཐ་སྙད་ཙམ་དུ་མི་བྱ་ན་འཇིག་རྟེན་པ་ལ་བརྡ་སྤྲད་རྒྱུ་གཏན་ནས་མེད་པ་དང་། འཇིག་རྟེན་ཕལ་པའི་ངོ་ལ་ཡོད་ཚད་སེམས་ཀྱི་བདག་ཉིད་ཡིན་ཟེར་དགོས་ན། བློ་ལ་མི་ཤོང་བས་མ་བརྟགས་མ་དཔྱད་པ་སྟེ་ཐ་སྙད་སྣང་ཚུལ་ཙམ་ལ་ཕུང་ལྔ་སོགས་ཀྱི་རྣམ་གཞག་གསུངས་པ་ལས། གྲུབ་མཐའ་འདིས་ཕྱི་དོན་ཁས་ལེན་པའི་དོན་མིན་ནོ་སྙམ། དབུ་མ་རྒྱན་འགྲེལ་ལས།[55] དེའང་ཐེག་བསྡུས་སོགས་སུ་རིགས་པའི་རྣམ་གྲངས་དུ་མ་གསུངས་ཀྱང་། གཙོ་བོར་དེ་དང་འདྲ་བས་སྐྱེས་ཙམ་གྱིས་ཕྱི་དོན་ཡོད་པར་མི་འགྲུབ་སྟེ། ཟླ་བ་གཉིས་སྣང་ལ་སོགས་པ་བཞིན་དུ་མ་ངེས་པར་བསྟན་པ་དང་། ཕྱི་དོན་ཕྲ་རགས་གང་ཡང་མི་གྲུབ་པའི་ཕྱིར་དང་། ཞེས་དང་། དེ་ཉིད་ལས།[56] མདོ་སྡེ་པས་རྣམ་པ་གཏོད་བྱེད་ཀྱི་ཕྱི་དོན་ལོགས་སུ་ཡོད་པར་ཁས་ལེན་ལ། སེམས་ཙམ་པས་རྣམ་པ་སྣང་བ་དེ་ཉིད་ཡུལ་དུ་བཏགས་ཀྱི། དེ་ལས་ཕ་རོལ་ན་ལོགས་སུ་ཕྱི་དོན་མི་འདོད་པ་ཙམ་གྱི་ཁྱད་པར་རོ། །ཞེས་སོགས་གནས་སྣང་གང་ཡང་མ་ཕྱེ་བར་ཐད་ཀར་ཕྱི་དོན་མི་འདོད་པར་གསལ་ལོ།།

རྣམ་རིག་པའི་ལུགས་ལ་ཕྱི་དོན་འདོད་ན་སྐྱོན་འདི་ལྟར་འཇུག་སྟེ། ཕྱོགས་ཆ་བརྟགས་པའི་རིགས་པ་དེ་བྱེ་མདོ་སོགས་ལས་གཞན་པའི་རྣམ་རིག་པ་ལའང་འཇུག་པར་ཐལ། ཁྱོད་ཀྱིས་ཀྱང་ཕྱི་དོན་འདོད་པའི་ཕྱིར། དེ་ལྟར་ན་སེམས་ཙམ་པའི་ཕྱི་དོན་འགོག་བྱེད་ཀྱི་རིགས་པ་དེ་དག་དོན་མེད་དུ་ཐལ་ལོ། །སྐྱེ་ལ་འདྲ་བ་འགོག་པའི་རིགས་པ་དང་ཕྱོགས་ཆ་བརྟག་པའི་རིགས་པ་གཉིས་ཀྱི་སྒོ་ནས་ཕྱིི་དོན་མེད་པར་ཐ་སྙད་དུ་གཏན་ལ་ཕབ་ནས། མྱོང་བ་གསལ་རིག་གི་རྟགས་དང་ལྷན་ཅིག་དམིགས་ངེས་ཀྱི་རྟགས་གཉིས་ཀྱིས་སེམས་ཙམ་པའི་གྲུབ་མཐའ་འཇོག་པ་ཀུན་ལ་གྲགས་ཤིང་། མདོར་ན་རང་ལུགས་ཀུན་མཁྱེན་ཡབ་སྲས་ཀྱི་གཞུང་རྣམས་སུ་སེམས་ཙམ་པའི་ལུགས་ལ་ཕྱི་དོན་བཞེད་པ་ཅི་ཡང་མི་གསལ་ལ། ཀུན་མཁྱེན་རོང་ཟོམ་གྱི་གྲུབ་མཐའ་སྣ་ཚོགས་པའི་བརྗེད་བྱང་སོགས་དང་། རྒྱལ་བ་ཀློང་ཆེན་པའི་ཡིད་བཞིན་མཛོད་དང་། གྲུབ་མཐའ་མཛོད། སེམས་ཉིད་ངལ་གསོ་སོགས་དང་། ཀུན་མཁྱེན་མི་ཕམ་པའི་མདོ་སྡེ་རྒྱན་འགྲེལ་དང། དབུ་མ་རྒྱན་འགྲེལ། ལེགས་བཤད་སྣང་བའི་གཏེར་སོགས་སུ་སེམས་ཙམ་པས་ཕྱི་དོན་མི་བཞེད་པ་གསལ་པོར་གསུངས་སོ།།

སླར་སྨོན་པ།

མཐའ་མེད་ནམ་མཁའ་ལྟ་བུ་སེམས་ཙམ་གྲུ་ཡི་གཟིངས་ལ།།
རྗེན་པར་གསལ་གཟིགས་བྱམས་པའི་ལུང་ཐོབ་འཕགས་པ་ཐོགས་མེད།།
ཁྱེད་ཀྱི་དགོངས་དོན་འགྲེལ་བའི་བློ་སྤོབས་ཁོ་བོར་མེད་ཀྱང་།།
ལེགས་བཤད་བཏུས་ནས་བགྱིས་པའི་དགེ་ཀུན་འགྲོ་བར་བསྔོ་འོ།།


[1]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༢༢ ལོའི་པར་མ། སྡོམ་གསུམ་དཔག་བསམ་སྙེ་མ། ཤོག་ངོས་ ༡༡ པར་དྲངས་ཡོད།

[2]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༠༩ ལོའི་པར་མ། རྩ་བ་ཕྱོགས་བསྒྲིགས། ཤོག་ངོས་ ༡༢༥ པར་གསལ།

[3]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༠༩ ལོའི་པར་མ། རྩ་བ་ཕྱོགས་བསྒྲིགས། ཤོག་ངོས་ ༢༡༠ པར་གསལ།

[4]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༡ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༢༣ པར་གསལ།

[5]  དཔལ་བརྩེགས་པར་མ། ཐཱའི་ཝན་བསྐྱར་དཔར་མ། དེབ་ཕྲེང་ ༡༤ ཀུན་མཁྱེན་ཆེན་པོའི་གསུང་དུ་ལུང་དྲངས་པ། ཤོག་ངོས་ ༧༢ པར་གསལ།

[6]  བཀའ་འགྱུར་དཔེ་བསྡུར་མ། དེབ་ཕྲེང་ ༤༩ ཤོག་ངོས་ ༤༡༣ ནས་ ༤༡༤ པར་གསལ།

[7]  སྡེ་དགེ་བསྟན་འགྱུར། པོད། ཕི། ཤོག་ངོས་ ༡༢ པར་གསལ།

[8]  སྡེ་དགེ་བསྟན་འགྱུར། པོད། ཚ། ཤོག་ངོས་ ༤༣ པར་གསལ།

[9]  TI1515 རྒྱ་འགྲེལ་ཕྱོགས་བསྒྲིགས། ཐཱའི་ཝན་བསྐྱར་དཔར་མ། ཕྱི་ལོ་ ༢༠༠༩ དེབ་ཕྲེང་ ༡༥ ཤོག་ངོས་ ༢༣༦ པར་གསལ།

[10]  སྡེ་དགེ་བསྟན་འགྱུར། པོད། ཇི། ཤོག་ངོས་ ༢༦ པར་གསལ།

[11]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༠༩ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༣༢༡ པར་གསལ།

[12]  སྡེ་དགེ་བསྟན་འགྱུར། པོད། ཅི། ཤོག་ངོས་ ༣༢༨ པར་གསལ།

[13]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༠༩ ལོའི་པར་མ། རྩ་བ་ཕྱོགས་བསྒྲིགས། ཤོག་ངོས་ ༤༥༡ པར་གསལ།

[14]  སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་པར་མ། པོད། ༢ ཤོག་ངོས་ ༢༠༡ པར་གསལ།

[15]  སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་པར་མ། པོད། ༡ ཤོག་ངོས་ ༣༢༧ པར་གསལ།

[16]  དཔལ་བརྩེགས་པར་མ། ཐཱའི་ཝན་བསྐྱར་དཔར་མ། ཤོག་ངོས་ ༧༡ པར་གསལ།

[17]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༠ ལོའི་པར་མ། རྩ་བ་ཕྱོགས་བསྒྲིགས། ཤོག་ངོས་ ༡༦༩ པར་གསལ།

[18]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་པར་མ། ཤོག་ངོས་ ༢༥ པར་གསལ།

[19]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༦ ལོའི་པར་མ།  ཤོག་ངོས་ ༣༣ པར་གསལ།

[20]  སྡེ་དགེ་པར་མ། བཀའ་འགྱུར། པོད་ཅ། ཤོག་ངོས་ ༣༣ པར་གསལ།

[21]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༠༩ ལོའི་པར་མ།  རྩ་བ་ཕྱོགས་བསྒྲིགས། ཤོག་ངོས་ ༣༣༧ ནས ༣༣༨ བར་དུ་གསལ།

[22]  ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་པར་མ། བཀའ་འགྱུར་དཔེ་བསྡུར་མ། དེབ་ཕྲེང་ ༤༩ ཤོག་ངོས་ ༣༢ པར་གསལ།

[23]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༠༩ ལོའི་པར་མ། རྩ་བ་ཕྱོགས་བསྒྲིགས། ཤོག་ངོས་ ༢༡༠ པར་གསལ།

[24]  སྡེ་དགེ་པར་མ། པོད། རི། ཤོག་ངོས་ ༦ པར་གསལ།

[25]  དཔལ་བརྩེགས་པར་མ། ཐཱའི་ཝན་བསྐྱར་དཔར་མ། དེབ་ཕྲེང་ ༡༤ ཤོག་ངོས་ ༧༦ པར་གསལ།

[26]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༤ ལོའི་པར་མ། དེབ་གཟུགས། སྟོད་ཆ། ཤོག་ངོས་ ༢༥༢ པར་གསལ།

[27]  ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་པར་མ། བཀའ་འགྱུར་དཔེ་བསྡུར་མ། དེབ་ཕྲེང་ ༤༩ ཤོག་ངོས་ ༣༢ ནས་ ༣༣ བར་གསལ།

[28]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༠༩ ལོའི་པར་མ། རྩ་བ་ཕྱོགས་བསྒྲིགས། ཤོག་ངོས་ ༢༡༠ པར་གསལ།

[29]  སྡེ་དགེ་བསྟན་འགྱུར། པོད། རི། ཤོག་ངོས་ ༢༥ པར་གསལ།

[30]  དཔལ་བརྩེགས་པར་མ། ཐཱའི་ཝན་བསྐྱར་དཔར་མ། སྨད་ཆ། ཤོག་ངོས་ ༧༦ པར་གསལ།

[31]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༤ ལོའི་པར་མ། དེབ་གཟུགས། སྟོད་ཆ། ཤོག་ངོས་ ༢༥༤ པར་གསལ།

[32]  ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་པར་མ། བཀའ་འགྱུར་དཔེ་བསྡུར་མ། དེབ་ཕྲེང་ ༤༩ ཤོག་ངོས་ ༣༣ པར་གསལ།

[33]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༤ ལོའི་པར་མ། རྩ་བ་ཕྱོགས་བསྒྲིགས། ཤོག་ངོས་ ༢༡༠ པར་གསལ།

[34]  སྡེ་དགེ་བསྟན་འགྱུར། པོད། རི། ཤོག་ངོས་ ༢༦ པར་གསལ།

[35]  དཔལ་བརྩེགས་པར་མ། ཐཱའི་ཝན་བསྐྱར་དཔར་མ། དེབ་ཕྲེང་ ༡༤ ཤོག་ངོས་ ༧༦ ནས་ ༧༧ བར་དུ་གསལ།

[36]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༤ ལོའི་པར་མ། དེབ་གཟུགས། སྟོད་ཆ། ཤོག་ངོས་ ༢༥༤ པར་གསལ།

[37]  དཔལ་བརྩེགས་པར་མ།  ཐཱའི་ཝན་བསྐྱར་དཔར་མ། དེབ་ཕྲེང་ ༡༤  ཤོག་ངོས་ ༧༦ པར་གསལ།

[38]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༦ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༣༥ པར་གསལ།

[39]  དཔལ་བརྩེགས་པར་མ། ཐཱའི་ཝན་བསྐྱར་དཔར་མ། དེབ་ཕྲེང་ ༡༤ ཤོག་ངོས་ ༧༢ པར་གསལ།

[40]  དཔལ་བརྩེགས་པར་མ། ཐཱའི་ཝན་བསྐྱར་དཔར་མ། དེབ་ཕྲེང་ ༡༤ ཤོག་ངོས་ ༧༧ པར་གསལ།

[41]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༡ ལོའི་པར་མ། ཤོག་ངོས་ ༣༡ པར་གསལ།

[42]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༤ ལོའི་པར་མ། དེབ་གཟུགས། སྟོད་ཆ། ཤོག་ངོས་ ༢༥༢ པར་གསལ།

[43]  དཔལ་བརྩེགས་པར་མ། ཐཱའི་ཝན་བསྐྱར་དཔར་མ། དེབ་ཕྲེང་ ༡༤ ཤོག་ངོས་ ༧༨ པར་གསལ།

[44]  དཔལ་བརྩེགས་པར་མ། ཐཱའི་ཝན་བསྐྱར་དཔར་མ། དེབ་ཕྲེང་ ༡༤ ཤོག་ངོས་ ༧༨ པར་གསལ།

[45]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༥ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༤༠༢ པར་གསལ།

[46]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༥ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༤༠༢ པར་གསལ།

[47]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༥ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༤༠༢ པར་གསལ།

[48]  ཡིད་བཞིན་མཛོད་འགྲེལ་ཐཱའི་ཝན་པར་མར་ལུང་དྲངས། ཤོག་ངོས་ ༧༢ པར་གསལ།

[49]  TI1516 རྒྱ་འགྲེལ་ཕྱོགས་བསྒྲིགས། ཐཱའི་ཝན་བསྐྱར་དཔར་མ། ཕྱི་ལོ། ༢༠༡༩ དེབ་ཕྲེང་ ༡༦ ཤོག་ངོས་ ༢༩ པར་གསལ།

[50]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༠༩ ལོའི་པར་མ། རྩ་བ་ཕྱོགས་བསྒྲིགས། ཤོག་ངོས་ ༤༥༡ པར་གསལ།

[51]  དཔལ་བརྩེགས་པར་མ། ཐཱའི་ཝན་བསྐྱར་དཔར་མ། ཕྱི་ལོ། ༢༠༡༢ དེབ་ཕྲེང་ ༡༤  ཤོག་ངོས་ ༧༦ ནས་ ༧༧ བར་དུ་གསལ།

[52]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༤ ལོའི་པར་མ། དེབ་གཟུགས། སྟོད་ཆ། ཤོག་ངོས་ ༩༣ པར་གསལ།

[53]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༨ ལོའི་པར་མ། སྨད་ཆ། ཤོག་ངོས་ ༣༢༢ པར་གསལ།

[54]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༥ ལོའི་པར་མ། ཤོག་ངོས་ ༣༩༦ པར་གསལ།

[55]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༡ ལོའི་པར་མ། ཤོག་ངོས་ ༡༨༡ པར་གསལ།

[56]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༥ ལོའི་པར་མ། ཤོག་ངོས་ ༡༨༧ པར་གསལ།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།