ཨ་རོ་ཡེ་ཤེས་འབྱུང་གནས།

མཁན་པོ་འཆི་མེད་རིག་འཛིན། རྣམ་གྲོལ་གླིང་།

འཁོར་དང་མྱང་འདས་ཆོས་ཀུན་ཀ་ནས་དག་ཅིང་ལྷུན་གྲུབ་སྐུ་གསུམ་རོལ་པ་རྩལ་རྫོགས་པའི།།
ཚིག་དང་ཡི་གེའི་སྤྲོས་པ་བྲལ་ཅིང་བརྒྱད་ཁྲི་བཞི་སྟོང་རྟེན་འབྱུང་གསུང་མཆོག་མཚུངས་པ་མེད།།
སྣོད་བཅུད་རྒྱུད་རྣམས་ཡེ་སངས་རྒྱས་ཀྱང་རང་བྱུང་འདུས་མ་བྱས་ཀྱི་འབྲས་བུ་མངོན་གྱུར་པ།།
དཔལ་ལྡན་བླ་མ་རྫོགས་པའི་སངས་རྒྱས་རིགས་བརྒྱ་རིགས་གཅིག་བདག་ཉིད་ཆེན་པོར་རྟག་ཏུ་གུས།།

སྔོན་གྱི་ཐུགས་སྨོན་ལས་བྱུང་མཁན་སློབ་ཆོས་རྒྱལ་རི་བོ་གངས་ཅན་ཡུལ་ནས་གདན་ཐོག་གཅིག་ཏུ་ཞལ་འཛོམས་ཏེ།།
དགོངས་ཀློང་གཅིག་གིས་ཁ་བ་རི་ཡི་གཙུག་ལག་ཐོག་མ་ལུགས་གསུམ་བསམ་ཡས་གསར་བཞེངས་སྒྲ་བསྒྱུར་སློབ་ཁྲིད་མཛད།།
བཤད་སྒྲུབ་ལས་ཀྱིས་བསྟན་པ་སྤེལ་ཕྱིར་བཀའ་བསྟན་སྒྲ་བསྒྱུར་སད་མི་བདུན་ལ་དམ་ཆོས་འདུལ་བའི་སྡོམ་པ་འབོགས།།
སྡེ་སྣོད་གསུམ་ལ་སྒོམ་སྒྲུབ་མཛད་དེ་བསྟན་པ་འཛིན་སྐྱོང་སྤེལ་ལ་དབང་འབྱོར་མཁན་སློབ་ཆོས་གསུམ་རིང་ལུགས་རྒྱལ།།

དེ་ལྟར་རྒྱལ་བ་ཟས་གཙང་མའི་སྲས་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་གྱི་བསྟན་པ་ལུང་སྡེ་སྣོད་གསུམ་དང་ལམ་བསླབ་པ་གསུམ་པོ་དཔལ་གསང་ཆེན་སྔ་འགྱུར་བས་ཡི་གེ་གསར་དུ་བཟོས་ནས་ཐོག་མར་སྲོལ་བཏོད། ལུགས་གསུམ་བསམ་ཡས་གསར་བཞེངས་མཛད་དེ་བཤད་སྒྲུབ་ཀྱི་བསྟན་པ་བར་དུ་དར་ཞིང་རྒྱས་པར་མཛད། «སྒྲ་སྦྱོར་བམ་པོ་གཉིས་པ་» དང་། དཀར་ཆག་རྣམ་གསུམ། «ལྟ་བའི་རིམ་པ་བཤད་པ་» «ལྟ་བའི་ཁྱད་པར་» «འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོའི་རྣམ་པར་བཤད་པ་» «བཀའ་ཡང་དག་པའི་ཚད་མ་ལས་མདོ་བཏུས་པ་» ལ་སོགས་པའི་མདོ་སྔགས་རིག་གནས་དང་། ལྟ་གྲུབ་ལོ་རྒྱུས་སོགས་ཡོངས་ལ་ཐོག་མའི་བསྟན་བཅོས་དགོངས་འགྲེལ་མཛད་པའི་སྲོལ་བཏོད་དེ་ད་ལྟའི་བར་དུ་མཁན་སློབ་ཆོས་གསུམ་གྱི་རིང་ལུགས་དཔལ་གསང་ཆེན་སྔ་འགྱུར་བའི་བསྟན་པར་དག་གཙང་ཡུན་གནས་སྲོལ་འབྱེད་ཆེན་པོ་གསུམ་གྱི་ལམ་ནས་མཛད་ཡོད། འདིར་བོད་ཀྱི་ཐམས་ཅད་མཁྱེན་པའི་མཚན་སྙན་ཅན་ཆེས་ཐོག་མ་ཐམས་ཅད་མཁྱེན་པ་ཨ་རོ་ཡེ་ཤེས་འབྱུང་གནས་ཀྱི་རྣམ་ཐར་གླེང་སློང་ཚུལ་དུ་བཤད་རྒྱུ་ལགས།

ཁོང་གི་རྣམ་ཐར་ལོ་རྒྱུས་ཞིབ་དཔྱད་ཚད་ལྡན་ཞིག་ནི་ཁོ་བོས་དུས་ཐུང་ཞིག་ལ་འབྲི་ནུས་པ་མ་ཡིན། འོན་ཀྱང་མཁས་ཤིང་གྲུབ་པ་བརྙེས་པའི་སྐྱེས་བུ་ཆེན་པོ་ཁོང་གི་གཞུང་ལུགས་དང་། བརྒྱུད་པ། ལྟ་གྲུབ་སོགས་ཕྱོགས་གང་གི་ཐད་ནས་ཀྱང་གླེང་འོས་པ་དང་གླེང་རིན་ཡོད་ཅིང་ལྷག་ཏུ་ཞིབ་འཇུག་གི་ལམ་ནས་གླེངས་ན་གྲུབ་དོན་ཕུན་སུམ་ཚོགས་པ་ཞིག་ཡོད་པར་མཐོང་ནས་ཁོ་བོས་ཡིག་ཆ་མཁོ་སྤྲོད་ཀྱི་ཚུལ་ཏུ་བློ་རྩེ་གཏད་དེ་གླེང་སློང་བ་ལས་རྣམ་ཐར་དང་གཞུང་ལུགས་ལ་ཞིབ་འཇུག་གི་གྲུབ་དོན་ལ་དམིགས་མེད་པས་འདི་ཀློག་པ་པོ་རྣམས་ཀྱི་དགོངས་དབྱིངས་སུ་ཐོག་མར་མངའ་དགོས། དེང་སང་ཡིག་ཆ་ཙམ་དང་རང་གི་མདུན་ན་ཡོད་པའི་སློབ་ཚན་ཙམ་ལ་རེ་ནས་སྔོན་བྱོན་མཁས་གྲུབ་ཆེན་པོ་རྣམས་ཀྱི་མཛད་སྤྱོད་ཡོངས་རྫོགས་ཤེས་ཡོན་པའི་སྡེ་ཚན་ནམ་ཁོར་ཡུག་ནས་ཡལ་འགྲོ་བ་མཐོང་སྟེ་བྲེལ་ཟིང་གི་མེ་ལྕེའི་ཁྲོད་ནས་ཐམས་ཅད་མཁྱེན་པ་ཨ་རོ་ཡེ་ཤེས་འབྱུང་གནས་ལན་གཅིག་མཇལ་རྒྱུའི་རེ་འདུན་གྱིས་བརྒྱུད་བསྐུལ་བྱས་ཏེ་རྟོག་རླབས་ཀྱིས་རི་མོ་འབྲི་བ་ལ་བརྩོན།

ཨ་རོ་ཡེ་ཤེས་འབྱུང་གནས་ཀྱི་རྣམ་ཐར་ལོ་རྒྱུས།
ཀ སྐྱེས་བུ་མཆོག་ཏུ་ངོས་འཛིན་མཛད་ཚུལ།

དེ་ཡང་སྔོན་གྱི་མཁས་གྲུབ་རྣམས་ཀྱིས་ཐམས་ཅད་མཁྱེན་པ་ཨ་རོ་ཡེ་ཤེས་འབྱུང་གནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་རྣམ་སྤྲུལ་ངོས་འཛིན་མཛད་ཚུལ་ཨ་རོའི་«ལོ་རྒྱུས་»[1]དེ་ཉིད་ལས། “སློབ་དཔོན་བཻ་རོ་ཙ་ནའི་[2]ཞལ་ནས་འདི་སྤྲུལ་པའི་སྐུ་ཡིན་གསུངས། གཉགས་[3]ཛྙཱ་ནའི་ཞལ་ནས་ས་བརྒྱད་ནོན་པའི་བྱང་ཆུབ་སེམས་དཔའ་ཡིན་གསུངས། གཉན་ཆེན་དཔལ་དབྱངས་ཀྱི་ཞལ་ནས་ས་དང་པོ་བདེན་པ་གཟིགས་པའི་བྱང་ཆུབ་སེམས་དཔའ་ཡིན་གསུངས། བླ་ཆེན་དགོངས་པ་རབ་གསལ་གྱི་ཞལ་ནས་འཕགས་པ་ཀླུ་སྒྲུབ་ཀྱི་སྤྲུལ་པ་ཡིན་གསུངས། ཁ་ཆེ་ཡེ་ཤེས་རྡོ་རྗེའི་ཞལ་ནས་རྡོ་རྗེ་སེམས་དཔའི་སྤྲུལ་པ་ཡིན་གསུངས། ཁ་ཅིག་ནི་འཕགས་པ་འཇམ་དཔལ་གྱི་སྤྲུལ་པ་ཡིན་པར་བཞེད་དོ།།” ཞེས་དང་དེ་བཞིན་དུ་ཉང་རལ་ཉི་མ་འོད་ཟེར་(1124-1192 CE)གྱི་«ཉང་རལ་ཆོས་འབྱུང་»[4]ལས། “སྙགས་ཛྙཱ་ནའི་སློབ་མ། མདོ་སྨད་པ་འཕགས་པ་འཇམ་དཔལ་གྱི་སྤྲུལ་པ་ཐམས་ཅད་མཁྱེན་པ་ཨ་རོ་ཡེ་ཤེས་འབྱུང་གནས་ཀྱིས་གདམས་པ་ཕྱི་སྐོར།” འཕགས་པ་འཇམ་དཔལ་གྱི་སྤྲུལ་པ་ཡིན་ཞིང་མཚན་ལ་ཐམས་ཅད་མཁྱེན་པ་གསོལ། འདི་ནི་བོད་ཀྱི་མཁས་དབང་ཞིག་ལ་ཐམས་ཅད་མཁྱེན་པའི་མཚན་ཆགས་པ་ཆེས་ཐོག་མ་དེ་ཡིན།

ཁ བྱོན་པའི་དུས་ངོས་བཟུང་བ།

དེ་ལྟར་ལོ་རྒྱུས་ལ་དུས་ཚོད་ཀྱི་དཔང་པོ་དགོས་པ་ཡིན་པས་སྐྱེས་བུ་ཆེན་པོ་ཁོང་བྱོན་པའི་དུས་ལ་དཔྱད་ཞིབ་དགོས། ཡིན་ཡང་ཁོང་གིས་མཛད་པའི་གཞུང་ལུགས་དང་། རྣམ་ཐར་ལོ་རྒྱུས་ཡིག་ཆ་རྣམས་སུ་ཁ་གསལ་མེད་པ་ཙམ་དུ་མ་ཟད་ཤིན་ཏུ་མགོ་རྙོག་ཅན་གྱི་བཤད་པ་མང་པོ་འབྱུང་བས་ན་འཁྲུངས་འདས་ཀྱི་ལོ་ཚིགས་འདི་ཡིན་ཞེས་པའི་དན་རྟགས་ཡོད་པ་བཤད་རྒྱུར་ཆེས་དཀའ་ནའང་ལོ་རྒྱུས་ཡིག་ཆ་རྣམས་ལ་གཞིགས་ཏེ་གླེང་སློང་ཚུལ་དུ་བཤད་ན། སྤུར་རྒྱལ་སོ་དགུ་པ་ཁྲི་སྲོང་ལྡེའུ་བཙན་(742-797CE)[5]སྐབས་ཀྱི་མཁན་སློབ་གཉིས་ཀྱི་ཞལ་སློབ་དཔལ་གསང་ཆེན་སྔ་འགྱུར་བའི་མཁས་གྲུབ་ཆེན་པོ་ལོ་ཆེན་བཻ་རོ་ཙ་ན་དང་། སློབ་དཔོན་ཆེན་པོ་སྙགས་ཛྙཱ་ན་ཀུ་མ་ར། ཁ་ཆེ་ཡེ་ཤེས་རྡོ་རྗེ། གཉན་ཆེན་དཔལ་དབྱངས་ལ་སོགས་མཁས་གྲུབ་ཆེན་མོ་རྣམས་ཀྱི་སློབ་མ་ཡིན་པ་འབྱུང་བ་དང་གཅིག བླ་ཆེན་དགོངས་པ་རབ་གསལ་ལས་སྡོམ་པ་བླངས་པ་དང་གཉིས། ཅོག་རོ་ཟངས་དཀར་མཛོད་ཁུར་དང་། ཡ་ཟི་བོན་སྟོན་ཨ་རོའི་ཞལ་སློབ་ཡིན་ཞིང་དེ་གཉིས་ཀྱི་སློབ་མ་རོང་ཟོམ་ཆོས་ཀྱི་བཟང་པོ་ཡིན་པ་དང་གསུམ་ནི་དཔྱད་གཞི་དང་མགོ་རྙོག་གི་གཞི་རྩ་ཡིན། ཅིའི་ཕྱིར་ཟེར་ན། ཁྲི་སྲོང་ལྡེའུ་བཙན་(742-797 CE)སྐུ་གཤེགས་ནས་རོང་ཟོམ་ཆོས་ཀྱི་བཟང་པོ་(1040-1159 CE)སྐུ་འཁྲུངས་པའི་བར་མི་ལོ་ཉིས་བརྒྱ་དང་བཞི་བཅུ་(243)ལྷག་ཅིག་ཡོད་ཅིང་དེའི་བར་མི་ཐོག་གསུམ་ལས་མེད་པའི་ཕྱིར་དང་ཉུང་མཐའ་ལའང་མི་རེ་དགུང་ལོ་དགུ་བཅུ་ལྷག་རེ་མ་བཞུགས་པར་བླ་སློབ་འགྱུར་མི་སྲིད། དེ་ཡང་ལོ་ཆེན་བཻ་རོ་ཙ་ན་ནི་[6]དུས་རབས་བརྒྱད་པའི་ནང་ཡབ་རྡོ་རྗེ་རྒྱལ་པོ་གོར་ཧེ་འདོད་དང་། ཡུམ་བྲན་ཀ་བཟའ་དཀར་སྐྱིད་དམ་སྒྲོན་སྐྱིད་གཉིས་ཀྱི་སྲས་སུ་སྙེ་མོ་བྱེ་མཁར་དུ་སྐུ་འཁྲུངས། གཉགས་ཛྙཱ་ན་ཀུ་མ་ར་ནི།[7] ཡབ་སྙགས་སྟག་སྒྲ་ལྷ་སྣང་དང་། ཡུམ་སྲུ་བཟའ་སྒྲོན་སྐྱིད་གཉིས་ཀྱི་སྲས་སུ་ཡར་ཀླུང་ཤེལ་བྲག་ཏུ་སྐུ་འཁྲུངས། འདི་གཉིས་ཀྱིས་མཁན་ཆེན་ཞི་འཚོ་(Śāntarakṣita शान्तरक्षित 725-788 CE)ལས་རབ་ཏུ་བྱུང་[8]སྟེ་སད་མི་མི་བདུན་གྱི་ཡ་གྱལ་ཡིན། ཁ་ཆེ་ཡེ་ཤེས་རྡོ་རྗེ་དང༌། གཉན་ཆེན་དཔལ་དབྱངས་ལ་སོགས་ཀྱི་སློབ་མ་ཡིན་པས་དེའི་སྐབས་སུ་ངེས་པར་དུ་ཡོད་དགོས། དེ་ནས་སྤུར་རྒྱལ་སོ་དགུ་པ་ཁྲི་སྲོང་ལྡེའུ་བཙན་(742-797CE)སྐུ་གཤེགས་ཏེ་མི་ལོ་སོ་ལྔ་(35)ཡི་རྗེས་ལ་བླ་ཆེན་དགོངས་པ་རབ་གསལ་(832-915 CE)[9] སྐུ་འཁྲུངས། གལ་སྲིད་ཨ་རོ་ཡེ་ཤེས་འབྱུང་གནས་ཁྲི་སྲོང་གཤེགས་དུས་དགུང་ལོ་སོ་ལྔ་(35)ཡིན་པའི་དབང་དུ་བཏང་ན་བླ་ཆེན་ཨ་རོ་ལས་དགུང་ལོ་སོ་ལྔ་(35)ཡིས་ཆུང་ཞིང་བླ་ཆེན་དགུང་ལོ་སོ་ལྔ་(35)ཡི་སྟེང་ཨ་རོ་ལ་རབ་བྱུང་དང་བསྙེན་རྫོགས་ཀྱི་སྡོམ་པ་གནང་ཡོད་[10]ན་དེ་དུས་ཨ་རོ་དགུང་ལོ་བདུན་ཅུ་(70)ཐོག་རབ་ཏུ་བྱུང་དང་བསྙེན་རྫོགས་ཀྱི་སྡོམ་པ་བླངས་ཡོད་པ་ཡིན། དེས་ན་ཁོ་བོས་ཡིག་ཆ་རྣམས་ལ་གཞིགས་ཏེ་གལ་སྲིད་ཨ་རོ་དགུང་ལོ་བརྒྱ་[11](762-862 CE)ཙམ་བཞུགས་ཡོད་པའི་དབང་དུ་བཏང་ན་ཅོག་རོ་ཟངས་དཀར་མཛོད་ཁུར་[12]དང་། ཡ་ཟི་བོན་སྟོན་[13]གཉིས་ལ་ཨ་རོ་མཇལ་ཡོད་སྲིད། ཡིན་ཡང་དེ་གཉིས་དགུང་ལོ་བརྒྱ་དང་བདུན་ཅུ་(178)ལྷག་རེ་མ་བཞུགས་པར་རོང་ཟོམ་ཆོས་ཀྱི་བཟང་པོ་(1040-1159 CE)[14]ཡི་བླ་མ་ཡིན་མི་སྲིད་དེ། ཨ་རོ་གཤེགས་ལོ་ནས་རོང་ཟོམ་འཁྲུངས་ལོའི་བར་ལོ་བརྒྱ་དང་བདུན་ཅུ་དོན་བརྒྱད་(178)ཙམ་ཡོད་པའི་ཕྱིར། དེ་ཡང་ཨ་རོའི་སློབ་མ་ཅོག་རོ་ཟངས་དཀར་མཛོད་ཁུར་དང་། དེའི་སློབ་མ་ཡ་ཟི་བོན་སྟོན་ཡིན་པའི་དབང་དུ་བཏང་ནའང་ཉུང་མཐའ་ལ་དགུང་ལོ་བརྒྱའམ་དགུ་བཅུ་ཙམ་རེ་མ་བཞུགས་པར་རོང་ཟོམ་སློབ་མར་འགྱུར་མི་སྲིད། རོང་ཟོམ་ཆོས་ཀྱི་བཟང་པོའི་མཛད་རྣམ་[15]སྐབས་སུ་ཡིག་ཆར་རྗེས་འདེད་ཙམ་ལས་དཔྱད་ཞིབ་གང་ཡང་མི་སྣང་བ་ནི་ཅུང་ཡ་མཚན་ཞིང་ཞིབ་འཇུག་པ་ཞིག་གི་ངོས་ནས་ཀྱང་འཐུས་ཤོར་ཆེན་པོ་ཞིག་ཏུ་མཐོང་། དེས་ན་རོང་ཟོམ་ནི་འདི་དག་གི་རིམ་བརྒྱུད་ཀྱི་སློབ་མ་ཡིན་པ་ལས་དངོས་སློབ་ཡིན་མིན་ལ་ད་དུང་ཡིག་ཆ་རྣམས་གུང་བསྒྲིགས་ཏེ་དཔྱད་དགོས་པ་ལས་རྣམ་ཐར་ལོ་རྒྱུས་དག་ལ་དད་མོས་ཀྱིས་ཡིད་ཆེས་བྱས་ན་དཀའ་བ་གདའ་སྟེ། མཁས་པ་ལྡེའུའི་«རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ་»[16] དང་། ཉང་རལ་ཉི་མ་འོད་ཟེར་(1124-1192 CE)གྱི་«ཉང་རལ་ཆོས་འབྱུང་»[17]«ཀློང་ཆེན་ཆོས་འབྱུང་»[18]འགོས་ལོ་གཞོན་ནུ་དཔལ་(1392-1481CE)གྱི་«དེབ་སྔོན་» [19]དཔའ་བོ་གཙུག་ལག་ཕྲེང་བ་(1504-1566 CE)ཡི་«མཁས་པའི་དགའ་སྟོན་»[20] སྟག་སྒང་མཁས་མཆོག་ངག་དབང་བློ་གྲོས་ཀྱི་[21] «གུར་བཀྲའི་ཆོས་འབྱུང་»[22] སོགས་ལས་ཨ་རོ་ནས་རོང་ཟོམ་བར་གྱི་སློབ་བརྒྱུད་ལ་གཞིགས་ན་ལོ་ཚིགས་སྟེང་ནས་ཤིན་ཏུ་རྙོག་འཛིང་ཆེན་པོ་ཞིག་ཡིན། ཡིན་ཡང་གོང་གི་ལོ་རྒྱུས་དག་ལས་ཐམས་ཅད་མཁྱེན་པ་ཨ་རོ་ཡེ་ཤེས་འབྱུང་གནས་དུས་རབས་བརྒྱད་པ་དང་དགུ་པའི་ནང་བྱོན་པ་ཤེས་ཤིང་དུས་རབས་བཅུ་གཅིག་མན་མིན་པའང་ཤིན་ཏུ་ནས་གསལ་ཏེ་འདིའི་སྐབས་ཀྱི་ཡིག་ཆ་ལོ་རྒྱུས་སུ་བྱུང་བའི་ཕྱིར་ཏེ། འགོས་ལོ་ཙཱ་བ་ཁུག་པ་ལྷས་བཙས་[23]ཀྱི་«སྔགས་ལོག་སུན་འབྱིན་»[24]ལས། ཐམས་ཅད་མཁྱེན་པ་ཨ་རོ་སྔ་རྒོལ་བཟུང་བ་དང་། འགོས་ལོ་གཞོན་ནུ་དཔལ་(1392-1481 CE)གྱི་«དེབ་སྔོན་»[25]སོགས་ལས་ཨ་རོའི་དངོས་སློབ་ཅོག་རོ་ཟངས་དཀར་མཛོད་ཁུར་དང་། ཡ་ཟི་བོན་སྟོན་གཉིས་ཀྱི་ཞལ་སློབ་རོང་ཟོམ་ཆོས་ཀྱི་བཟང་པོ་(1040-1159 CE)ཡིན་པའང་འབྱུང་།

ག འཁྲུངས་ཡུལ།

དེ་ལྟར་ཁོང་གི་འཁྲུངས་ཡུལ་ནི་ཁམས་འདན་ཡུལ་ཀློང་ཐང་[26]སྒྲོན་མ་ལྷ་ཁང་དང་། འདན་ཆོས་འཁོར་དགོན། རྒྱལ་དབང་སྐུ་ཕྲེང་དགུ་པ་ལུང་རྟོགས་རྒྱ་མཚོ་མཆོག(1805-1815 CE)ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པ་རང་བྱུང་རིག་པའི་རྡོ་རྗེ་(1924-1981 CE)བཅས་འཁྲུངས་ཡུལ་སོགས་གནས་མཆོག་ཁྱད་པར་ཅན་དེར་སྐུ་འཁྲུངས་པ་ཆོས་འབྱུང་ལོ་རྒྱུས་རྣམས་སུ་གསལ་པར་བྱུང་སྟེ། འགོས་ལོ་གཞོན་ནུ་དཔལ་གྱི་«དེབ་སྔོན་»[27]ལས། “ལྡན་གློང་ཐང་སྒྲོན་མར་ཨ་རོ་ཡེ་ཤེས་འབྱུང་གནས་ཞེས་བྱ་བ་གྲུབ་པའི་སྐྱེས་བུ་ཞིག་བྱུང་སྟེ།” ཞེས་དང་། དེ་བཞིན་དུ་སྟག་སྒང་མཁས་མཆོག་གུ་རུ་བཀྲ་ཤིས་ཀྱི་«གུར་བཀྲའི་ཆོས་འབྱུང་»[28]དང་། ཞེ་ཆེན་རྒྱལ་ཚབ་འགྱུར་མེད་པདྨ་རྣམ་རྒྱལ་(1872-1926 CE)གྱི་«པད་དཀར་རྫིང་བུ་»[29] བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་(1904-1988 CE)ཡི་«བདུད་འཇོམས་ཆོས་འབྱུང་»[30]སོགས་ལོ་རྒྱུས་རྣམས་སུ་[31]དམ་པ་ཁོང་ཀློང་ཐང་སྒྲོན་མར་ཡབ་ཨ་རོ་ཉག་པོ་དང༌། ཡུམ་སོག་མོ་དཔལ་སྒྲོན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཡུལ་འདི་དེང་སང་གི་དབང་དུ་བྱས་ན་ཀློང་ཐང་སྒྲོན་མ་ལྷ་ཁང་དང་། ཀརྨ་པའི་འཁྲུངས་ཡུལ་འབྲི་ཆུའི་ཤར་ཕྱོགས་ཏེ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སེར་ཤུལ་རྫོང་གི་མངའ་འོག་ཡིན་ཞིང་། འདན་ཆོས་འཁོར་དགོན་དང་རྒྱལ་དབང་སྐུ་ཕྲེང་དགུ་པའི་འཁྲུངས་ཡུལ་འབྲི་ཆུའི་ནུབ་ཕྱོགས་ཏེ་ཆབ་མདོ་ས་ཁུལ་འཇོ་མདའ་རྫོང་གི་མངའ་འོག་ཏུ་ཡོད། མདོར་ན་དེ་དག་གི་བར་ནས་འབྲི་ཆུ་ཡིས་ཆོད་ཡོད། དེ་ཡང་ཡུལ་དེར་བོད་ཀྱི་ས་གནོན་པའི་ཆེད་དུ་ཆོས་རྒྱལ་སྲོང་བཙན་སྒམ་པོས་ཕྱག་བཏབ་ནས་སྡེ་དང་བསྟན་པ་འཛུགས་སྐབས་སུ་ཀོང་ཇོས་རྒྱ་ནག་ནས་གདན་དྲངས་པའི་སྒྲོལ་མའི་རྟེན་བཙན་པོ་ཡབ་ཡུམ་བཀའ་བགྲོས་ཀྱིས་གནས་འདིར་བཞུགས་སུ་གསོལ། སྒྲོལ་མའི་སྐུ་དེའང་ཐོག་མར་རྒྱ་གར་ནས་གདན་དྲངས་པར་བཤད་ཅིང་གནས་དེར་བཞུགས་པས་ཀློང་ཐང་སྒྲོལ་མ་ལྷ་ཁང་གྲགས། ཀློང་ཐང་འཇིག་རྟེན་སྒྲོལ་མ་ཆོས་རྒྱལ་སྲོང་བཙན་སྒམ་པོས་ཕྱག་བཏབ་ནས་སྡེ་དང་བསྟན་པ་བཙུགས། ཁྲི་སྲོང་ལྡེའུ་བཙན་གྱི་དུས་སུ་སྔ་འགྱུར་རྙིང་མ་བའི་གདན་ས་མཛད། ཁྲི་རལ་པ་ཅན་གྱི་སྐབས་ལ་ཁྱད་གྲྭ་དྲུག་གི་ཡ་གྱལ་བྱས། བོད་སིལ་བུའི་སྐབས་སུ་པཎྜི་ཏ་སྨྲ་ཏི་ཞབས་ཀྱིས་བཅགས་ནས་སེ་བཙུན་དབང་ཕྱུག་གཞོན་ནུ་[32]སོགས་ལ་མངོན་པ་མཛོད་སོགས་ཀྱི་བཤད་པ་དང་། ཨ་རོ་ཡེ་ཤེས་འབྱུང་གནས་སོགས་གདན་ས་འདིར་ཡུན་རིང་བཞུགས་ཏེ་བཀའ་བསྟན་མདོ་སྔགས་ཀུན་ལ་འཆད་ཉན་རྒྱ་ཆེར་མཛད་ཅིང་ཐེག་པ་ཆེ་ཆུང་གི་མངོན་པ་དང་། རྫོགས་པ་ཆེན་པོའི་སེམས་སྡེ་ལ་ཆེད་སྦྱོང་གིས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་(1004 – 1064 CE)དང་། ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་(1011 – 1075 CE)རྔོག་ལེགས་པའི་ཤེས་རབ་(1059 – 1109 CE)བཅས་དམ་པའི་སྐྱེས་བུ་ཆེས་མང་པོ་ཁྱད་གྲྭ་འདི་ནས་གཞུང་ལུགས་ཀུན་ལ་སྦྱོང་བ་མཐར་ཕྱིན་པ་མཛད་དེ་དབུས་སུ་བྱོན་ནས་ཇོ་བོ་(AtiśaDīpaṃkaraŚrījñāna अतीशदीपंकरश्रीज्ञान 982-1054)ཆེན་པོའི་ཞབས་ལ་གཏུགས། ཇོ་བོས་ཀྱང་སྡེ་སྣོད་གསུམ་ལ་འདི་འདྲའི་མཁས་པ་ཆེན་པོ་བོད་ཡུལ་འདིར་བཞུགས་འདུག་ན་ཁོ་བོ་ཡུལ་འདིར་ཡོང་བར་དགོས་པ་མ་མཐོང་གསུངས་པའི་མཁས་གྲུབ་ཆེན་པོ་རྣམས་སྔ་འགྱུར་བའི་གདན་ས་འདི་ནས་འཚར་ལོངས་བྱུང་། དེ་ནས་རབ་བྱུང་བཅུ་གཅིག་པའི་ནང་ཙམ་ལ་ས་གཡོའི་གནོད་པ་ཐེབས་ནས་དགོན་པའི་ནང་རྟེན་དང་བཅས་པ་ས་འོག་ནུབ། རབ་བྱུང་བཅུ་གཉིས་པར་གར་དབང་འགྲོ་འདུལ་གླིང་པ་ཕེབས་ནས་སྔར་གྱི་སྒྲོལ་སྐུ་གསུང་འབྱོན་མ་ས་འོག་ནས་གདན་འདྲེན་ཞུས་ཏེ་པདྨ་རི་མཐོ་དང་སེངྒེ་གནམ་རྫོང་གི་མདུན་ཐང་གི་འབྲི་ཆུའི་འགྲམ་ཀློང་ཐང་དུ་གདན་ས་གནས་སྤོས། དེ་ནས་དུས་རབས་བཅུ་བདུན་པའི་ནང་རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ་(1617-1682 CE)ཡིས་བདག་རྐྱེན་བྱས་ནས་གྲུབ་མཐའ་དགེ་ལུགས་ལ་བསྒྱུར།

ང མཚན་འདོགས་ཚུལ།

དེ་ལྟར་ཐམས་ཅད་མཁྱེན་པ་ཨ་རོ་ཡེ་ཤེས་འབྱུང་གནས་ནི། འགོས་ལོ་ཙཱ་བ་གཞོན་ནུ་དཔལ་གྱི་«དེབ་སྔོན་»[33] ལས་བྱུང་བ་བཞིན་དུ་ «གུར་བཀྲའི་ཆོས་འབྱུང་» [34]ལས། “ཨ་རོ་ཡེ་ཤེས་འབྱུང་གནས་ལས་བབ་སྟེ། ཨ་རོ་ནི་སྤྲུལ་པའི་སྐུ་ཡིན་ཏེ། ཆུ་མིག་རིང་མོའི་བྱེ་གསེབ་ཏུ་བུ་ཆུང་ངུ་ཞིག་ཏུ་སྤྲུལ་ནས་བཞུགས་པ་ལ། ལྷ་བཙུན་མ་ཞིག་ཁམས་གསེང་དུ་ཕྱིན་པས་མཐོང་། སྙིང་རྗེ་ཡང་ཁྱེར་ཕྱིན་ན་ཡ་ག་བྱུང་གིས་དོགས་ནས། གནས་གཞིའི་དཔོན་ལ་འདི་འདྲ་བ་ཞིག་འདུག་སྨྲས་པས། འོ་ན་སྙིང་རྗེ་ལོང་ལ་ཤོག་ཟེར་བས་བླངས། རོ་འདྲ་བར་ཉལ་ཞིང་ཁ་ནས་ཨ་ཨ་ཟེར་བས་ཨ་རོར་བཏགས།”ཞེས་ཆུང་མིང་ལྷ་བཙུན་མས་གནས་གཞིའི་དཔོན་ལ་འཁྱེར་སྐབས་སུ་ཨ་རོ་བཏགས། དེ་ནས་ཡང་[35]“ཕྱིས་འགྲོ་ཤེས་ནས་དགེ་འདུན་ཆོས་སྤྱོད་བྱེད་པའི་ཀུན་དགའ་ར་བར་ཕྱིན། དགེ་འདུན་རྣམས་ན་རེ། ཨ་རོ་ཁྱོད་འདིར་ཅི་བྱེད་ཟེར་བ་ལ། ང་ཡང་འདིར་ཆོས་སྤྱོད་བྱེད་བྱས་པས། ཁྱོད་ཀྱིས་ཆོས་ཤེས་སམ་ཟེར་བ། བདག་གིས་ཆོས་མང་པོ་ཡང་དག་པ་ཤེས་བྱས་པས། འᨖ་ན་འདི་ཡང་ཤེས་སམ་བྱས་ནས་སྤྱོད་འཇུག་གི་གཞུང་གཅིག་གཏད་པས་ལེགས་པ་བཏོན་བྱུང་། ཁྱེད་ལ་མ་གྲགས་པའི་ཆོས་ཀྱང་ཤེས་ཟེར་ནས་ཨ་རོ་ལུགས་ཀྱི་གདམས་ངག་གི་མིང་འགའ་ཞིག་བཏོན་པས། དེར་དགེ་འདུན་ཐམས་ཅད་ཧ་ལས་ཏེ། ཨ་རོ་དང་ཨ་རོས་ཏེ་ཡེ་ཤེས་ཀྱི་འབྱུང་གནས་སུ་གདའོ་ཟེར་བས། མཚན་ཡེ་ཤེས་འབྱུང་གནས་སུ་ཆགས།” ཞེས་དགེ་འདུན་པ་རྣམས་ཀྱིས་ཡེ་ཤེས་འབྱུང་གནས་སུ་བཏགས། ཨ་རོའི་«ལོ་རྒྱུས་»[36]ལས། “དེ་ནས་ཆོས་སྐོར་གློང་ཐང་སྒྲོན་མའི་གནས་སུ་གཤེགས་ནས་ལམ་ཉེས་དེ་ལྟ་བུ་སྤྱོད་པ་མཛད་དེ། མཆོད་རྟེན་གཅིག་གི་རྩར་བཞུགས་ནས་ཉིན་བཞིན་ཁྲུས་ཀྱི་དོད་པོར་ཁ་ནས་མར་ཆུ་འཐུངས་ཀྱི་བཤོས། མཚན་བཞིན་གནས་ཀྱི་སྒོ་འཕྲེད་བཅད་ཀྱི་ཉལ། དེ་དག་ཀྱང་བརྡར་བསྟན་པ་ཡིན་ཏེ་མཆོད་རྟེན་གྱི་རྩར་སྡོད་པ་ནི་རྒྱབ་དཀོན་མཆོག་མ་གཏད་ན་བདེ་བྱ་བ་ཡིན། ཁྲུས་ཁོང་དུ་བྱེད་པ་ནི་ནང་གི་ཉོན་མོངས་པ་དག་དགོས་བྱ་བ་ཡིན། ནུབ་མོ་སྒོ་འཕྲེད་བཅད་ནས་ཉལ་བ་ནི་གནས་ན་བཞུགས་པའི་ལམ་ལ་གནས་པའི་དགེ་འདུན་གྱི་བར་ཆད་བསྲུང་བ་ཡིན་ནོ། །དེ་ཡང་ནུབ་གཅིག་སྒོ་འཕྲེད་བཅད་ནས་ཉལ་བའི་ཚེ་གནས་བརྟན་གྱིས་ཨ་རོ་འདི་ཕར་ལོངས་དང་བྱས་ནས་རྡོག་པ་གཅིག་བརྒྱབས་པས་ཨ་རོ་དང་ཨ་རོ་སྟེ་ཡེ་ཤེས་ཀྱི་འབྱུང་གནས་གཅིག་གདའ་གསུང༌།” ཞེས་གནས་བརྟན་གྱིས་འབོད་པས་འབྱུང་། གཞན་ཡང་ཨ་རོའི་«ལོ་རྒྱུས་»[37]ལས། “བླ་ཆེན་དགོངས་པ་རབ་གསལ་ཉིད་ཀྱི་སྤྱན་སྔར་རབ་ཏུ་བྱུང་སྟེ་བསྙེན་པར་རྫོགས་པ་མཛད་ནས་མིང་ཡང་དགེ་སློང་ཡེ་ཤེས་འབྱུང་གནས་ཞེས་བཏགས་སོ།།” ཞེས་བླ་ཆེན་དགོངས་པ་རབ་གསལ་(832-915 CE)གྱིས་རབ་ཏུ་བྱུང་བའི་མཚན་དུ་བཏགས་པར་གྲགས་ཀྱང་། དོན་དུ་ཨ་རོ་ནི་རུས་མིང་ཡིན་པར་སྣང་སྟེ་ཨ་རོའི་«ལོ་རྒྱུས་»[38]ལས། “དེ་ནས་ཤི་འཕོས་ནས་མདོ་ཁམས་སུ་ཕ་ཨ་རོ་ཉག་པོ་དང༌། མ་སོག་མོ་དཔལ་སྒྲོན་བྱ་བའི་བུ་ཨ་རོ་ཡེ་ཤེས་འབྱུང་གནས་”ཞེས་ཡབ་ཨ་རོ་ཉག་པོ་ཡིན་པས་སྲས་ལའང་ཨ་རོ་འདོགས་པ་དང་། ཡེ་ཤེས་འབྱུང་གནས་རབ་བྱུང་གི་མཚན་ཡིན་པར་འཐད་པར་སྣང་། གཞན་ཡང་«ལོ་རྒྱུས་»[39]ལས། “སློབ་དཔོན་ཆེན་པོ་སྙགས་ཛྙཱ་ན་ཀུ་མ་ར་[40]ལ་དབང་རྣམས་རྫོགས་པར་ཞུས་ཏེ་གསང་མཚན་རྡོ་རྗེ་སྣོན་པོ་ཞིག་ཀྱང་གསོལ། ཤེས་རབ་ཅན་རང་འབྱུང་གི་ཡེ་ཤེས་བཏགས་སོ།།” ཞེས་འབྱུང་།

ཅ དགེ་བའི་བཤེས་གཉེན་བསྟེན་ནས་ཐོས་པ་བྱེད་ཚུལ།

དེ་ལྟར་ཨ་རོ་ཡེ་ཤེས་འབྱུང་གནས་[41]ཀྱི་«ལོ་རྒྱུས་»[42]ལས་བྱུང་དོན་ཡེ་ཤེས་འབྱུང་གནས་ཀྱི་ཞལ་སློབ་ཅོག་རོ་ཟངས་དཀར་མཛོད་ཁུར་གྱིས་ཁྱེད་ཀྱི་སྔོན་གནས་རྗེས་དྲན་གསུང་རོགས་ཞུས་པར། ཁོང་གིས་བཀའ་ལན་དུ་ང་སྐྱེ་ཤི་ལ་ཐོག་མཐའ་མེད་ཀྱང་ངས་ལམ་སྣ་ཟིན་པ་ནས་སྐྱེ་བ་ལྔ་ཙམ་བརྒྱུད་པ་ཡིན་ཞེས་ལོ་རྒྱུས་གསུངས་པའི་མཐར་[43]དེ་ནས་ཤི་འཕོས་ཏེ་འགར་དགེ་ལོད་ཅེས་བྱ་བའི་བུ་དགེ་སློང་སྲིན་བུ་ཉ་ཞེས་བྱ་བར་སྐྱེས་ཏེ། དེའི་དུས་སུ་སློབ་དཔོན་པདྨ་སམྦྷ་བ་བསམ་ཡས་སུ་བྱོན་[44]ནས་བཞུགས་པ་དང་མཇལ་ཏེ་གསང་སྔགས་ཟབ་མོའི་ཆོས་ཉན་ཅིང་དེའི་དོན་རང་གཅིག་པུར་བསྡད་ནས་བསམ་གཏན་ཉམས་སུ་ལེན་པ་འབའ་ཞིག་ལ་བརྩོན་པར་བྱས་པ་ཡིན་གསུང༌། དེ་ནས་ཤི་འཕོས་ནས་མདོ་ཁམས་[45]སུ་ཕ་ཨ་རོ་ཉག་པོ་དང༌། མ་སོག་མོ་དཔལ་སྒྲོན་བྱ་བའི་བུ་ཨ་རོ་ཡེ་ཤེས་འབྱུང་གནས་ཞེས་བྱ་བར་སྐྱེས་པ་འདི་ཉིད་ཡིན་གསུང་ངོ༌། །ཞེས་ལམ་ལ་གནས་ཚུལ་དང་། སྔོན་གནས་རྗེས་སུ་དྲན་པ། སྐུ་ཚེ་འདི་ཉིད་ཀྱི་ལོ་རྒྱུས་བཅས་གསུངས། ཡང་«ལོ་རྒྱུས་»[46]དེ་ཉིད་ལས། དགེ་བའི་བཤེས་གཉེན་ཆེན་པོ་སེང་གེ་རྒྱལ་བའི་སྲས་དང༌། ཡང་གོང་ཡེ་ཤེས་གཡུང་དྲུང་[47]གི་སྤྱན་སྔར་ལས་དང་བག་ཆགས་ཇི་ལྟར་སད་པ་དང་། དེ་ནས་ཨན་ཆུང་ཡང་རྫོང་གི་དགོན་པར་[48]གཤེགས་ནས་དགོངས་པ་མཛད་པས་ལོ་བདུན་དང་ཟླ་བདུན་ན་ཆོས་ཉིད་མངོན་སུམ་དུ་མཐོང་བའི་ལམ་མངོན་དུ་བྱས་ཏེ་སྣང་བ་རང་བཞིན་མེད་པར་མཐོང་བའི་ཉམས་ཐོབ། ཡང་ཁམས་ཀྱི་ཡང་རྩེར་ལུང་གི་དགོན་པར་[49]གཤེགས་ཏེ་དེར་ལོ་གཅིག་དང་ཟླ་བ་གཅིག་བཞུགས་པས། རྫུ་འཕྲུལ་དང་ཏིང་ངེ་འཛིན་ལ་དབང་ཐོབ། དེ་ནས་ཆོས་སྐོར་གློང་ཐང་སྒྲོན་མའི་གནས་སུ་གཤེགས། དེའི་རྗེས་སུ་མཁན་པོ་བླ་ཆེན་དགོངས་པ་རབ་གསལ་དང་མཇལ་ཏེ། བགྲོ་གླེང་དང་ལམ་སྟོན་སོགས་མཛད་ཅིང་རབ་ཏུ་བྱུང་སྟེ་བསྙེན་པར་རྫོགས་ནས་མཚན་ལ་དགེ་སློང་ཡེ་ཤེས་འབྱུང་གནས་གསོལ། སློབ་དཔོན་ཆེན་པོ་གཉགས་ཛྙཱ་ན་ཀུ་མ་ར་ལས་དབང་རྣམས་རྫོགས་པར་ཞུས་ཏེ་གསང་མཚན་རྡོ་རྗེ་སྣོན་པོ་བཏགས། སློབ་དཔོན་ཆེན་པོ་པ་ཀོར་བཻ་རོ་ཙ་ན་དང༌། ཁ་ཆེ་ཡེ་ཤེས་རྡོ་རྗེ་དང༌། སྙན་ཆེན་དཔལ་དབྱངས་ལ་སོགས་པ་མཁས་པ་མང་པོར་བསྟེན་ཚུལ་གསུངས་པར་གཞིགས་ན་དུས་ཚོད་ཀྱིས་ཅུང་དཀའ་བར་སྣང་ངོ་།།

ཆ སྒོམ་སྒྲུབ་གནང་ཚུལ།

དེ་ལྟར་དགེ་བའི་བཤེས་གཉེན་ལ་བརྟེན་ནས་སྒྲུབ་པ་ཉམས་ལེན་མཛད་ཚུལ་ནི་«ལོ་རྒྱུས་»[50]ལས་བྱུང་དོན། ཨན་ཆུང་ཡང་རྫོང་གི་དགོན་དང་། ཁམས་ཀྱི་ཡང་རྩེར་ལུང་གི་དགོན་པ་སོགས་སུ་གཤེགས་ནས་སྒོམ་སྒྲུབ་མཛད་དེ་མཐོང་ལམ་གྱི་རྟོགས་པ་མངོན་དུ་གྱུར་ཚུལ་དང་། ཡང་«ལོ་རྒྱུས་»[51]དེ་ཉིད་ལས། “དེ་ནས་དྲང་སྲོང་གཏུམ་པ་ལྟ་བུའི་རི་ལ་བྱོན་ནས་དེར་དཔལ་རྡོ་རྗེ་སེམས་དཔའི་ཞལ་མངོན་སུམ་དུ་གཟིགས་ཏེ་ལུང་ཡང་མངོན་སུམ་དུ་བསྟན། རྡོ་རྗེ་སེམས་དཔའ་ཐུགས་ལེགས་པར་ལྟ་བའི་གདམས་ངག་ལ་སོགས་པ་ཡང་གནང༌། དེ་ནས་ཁྱོད་འདི་རུ་མ་སྡོད་པར་འཐེབས་སྐུ་སྟག་མོའི་དགོན་པར་རྒྱུག་ལ་མདོ་རྒྱུད་ཐམས་ཅད་ཀྱི་དོན་བསྡུས་ལ་འགྲོ་བ་སེམས་ཅན་གྱི་དོན་བྱོས་ཤིག་པར་ལུང་བསྟན་ནོ། །དེ་ནས་ལུང་བསྟན་པ་བཞིན་འཐེབས་སྐུ་སྟག་མོའི་དགོན་པར་བྱོན་ནས་བཞུགས་པས་མདོ་རྒྱུད་ཐམས་ཅད་ཀྱི་དོན་ཐུགས་ལ་ཤར་རོ།།” ཞེས་དཔལ་རྡོ་རྗེ་སེམས་དཔའི་ཞལ་གཟིགས་ལུང་བསྟན་གདམས་ངག་གནང་བ་བཞིན་བྱ་བྲལ་མཛད། སྤྱིར་ན་སྔོན་གྱི་བག་ཆགས་ཀྱིས་ངོ་མཚར་ཅན་གྱི་རྟགས་རྣམ་པ་ལྔ་བྱུང་སྟེ། ཚེ་སྔ་མ་ལ་ཆོས་ཉིད་ཀྱི་ཉམས་རྒྱུན་ཆགས་དང་ལྡན་པའི་རྟགས་སུ་མའི་ཁོག་པ་ན་གནས་པའི་དུས་སུ་ཨའི་སྒྲ་ལན་གསུམ་བྱུང༌། སྐྱེ་བ་འདི་ཉིད་ལའང་ཆོས་ཉིད་ཀྱི་ཉམས་རྒྱུན་ཆགས་སུ་གནས་པའི་རྟགས་སུ་མ་ལས་བཙས་པའི་ཚེ་ན་ཡང་ཤེས་པ་ཏིང་ངེ་འཛིན་གྱི་ངང་དུ་མྱོས་པ་བྱུང༌། འདོད་པའི་ཡོན་ཏན་ལ་ཞེན་པ་མེད་པའི་རྟགས་སུ་ཟས་དང་གོས་ཀྱི་འདུ་ཤེས་མེད་པ་གཅིག་བྱུང༌། མའི་བཀའ་ལ་དྲིན་དུ་བཟོ་བའི་རྟགས་སུ་མས་གཏམ་དྲིས་པ་ལ་ལན་སྟེར་ཤེས་པ་གཅིག་བྱུང༌། སྤྲུལ་པའི་སྐུ་ཡིན་པའི་རྟགས་སུ་ལང་ཚོ་གཞན་དང་མཚུངས་པ་མེད་པར་ཤིན་ཏུ་བསྐྱེད་རྫོགས་སྐྱེན་པ་གཅིག་བྱུང་ངོ༌།།

ཇ གཞུང་ལུགས་སྣ་ཚོགས་མཛད་པ།
༡༽ ཨ་རོའི་རྣམ་ཐར་ལོ་རྒྱུས་ནང་དུ་གསལ་བའི་གཞུང་ལུགས།

དེ་ལྟར་ཐོས་བསམ་སྒོམ་སྒྲུབ་ཀྱིས་མདོ་སྔགས་གཞུང་ལུགས་མ་ལུས་པར་གོ་མྱོང་རྟོགས་གསུམ་གྱིས་ཐུགས་སུ་ཆུབ་ནས་སེམས་ཅན་སྨིན་གྲོལ་བྱེད་པའི་ཕྱིར་དགོངས་འགྲེལ་སྣ་ཚོགས་མཛད་པའི་ཚུལ། ཐུན་མོང་སྤྱི་ལ་ཇི་ལྟར་གདམས་པའི་གཞུང་ལུགས་ལ་«ལོ་རྒྱུས་»[52]དེ་ཉིད་ལས། “ཐུན་མོང་སྤྱི་ལ་ཇི་ལྟར་གདམས་པའི་གདམ་ལུགས་བསྟན་པ་ནི། སྤྱིར་ཡི་གེ་རིགས་ཀྱི་གདམས་པ་སྡེ་ཚན་རྣམ་པ་བཞིར་འདུས་ཏེ། རྒྱ་ཆེ་བ་སེམས་སྡེའི་སྐོར་དང༌། ཉམས་སུ་ལེན་པ་བསམ་གཏན་གྱི་སྡེ་དང༌། ཟབ་པ་ལྡེ་མིག་སྐོར་དང༌། དཀའ་བ་གཅོད་པ་སྒྲོན་མའི་སྐོར་རོ།།” ཞེས་སྐོར་ཚོ་ཆེན་མོ་བཞིར་ཕྱེ་བ་ལས།

ཀ༽ རྒྱ་ཆེ་བ་སེམས་སྡེའི་སྐོར།

དེ་ལྟར་རྒྱ་ཆེ་བ་སེམས་སྡེའི་སྐོར་[53]ལ་“སེམས་སྡེའི་སྐོར་ནི་སེམས་སྨད་བཅོ་བརྒྱད་[54]ལས་འགྲེལ་པ་བཅོ་བརྒྱད་ཀྱིས་གཏན་ལ་ཕབ་པ་དང༌། གཉན་ཆེན་གྱི་སྒྲོན་མ་དྲུག་[55]ལ་འགྲེལ་པ་དྲུག་གིས་གཏན་ལ་ཕབ་པའོ།།” ཞེས་རྒྱ་ཆེ་བ་སེམས་སྡེའི་སྐོར་དགོངས་འགྲེལ་གྱི་བསྟན་བཅོས་ཉི་ཤུ་རྩ་བཞི་དང་།

ཁ༽ ཟབ་པ་ལྡེ་མིག་གི་སྐོར།

དེ་བཞིན་དུ་ཟབ་པ་ལྡེ་མིག་གི་སྐོར་[56]ལ་“འཁྲུལ་འཁོར་ལྡེ་མིག་གི་རྩ་འགྲེལ་དང༌། ལྟ་སྒོམ་སྤྱོད་པ་གསུམ་གྱི་ལྡེ་མིག་དང༌། གལ་གེགས་གསེར་གྱི་ལྡེ་མིག་དང༌། ཐེག་དགུ་ལ་ཤན་འབྱེད་པའི་ལྡེ་མིག་དང༌། གྱད་ཁམས་འཕྲུལ་གྱི་ལྡེ་མིག་ལ་སོགས་པའོ།།” ཞེས་ལྡེ་མིག་མིང་ཅན་གྱི་དགོངས་འགྲེལ་བསྟན་བཅོས་བཅོ་ལྔ་དང་།

ག༽ དཀའ་བ་གཅོད་པ་སྒྲོན་མའི་སྐོར།

དེ་ལྟར་དཀའ་བ་གཅོད་པ་སྒྲོན་མའི་སྐོར་[57]ལ་“དཔེ་དོན་གསུམ་གྱི་སྒྲོན་མ་དང༌། ལྟ་བ་རིན་པོ་ཆེའི་སྒྲོན་མ་དང༌། སེམས་ཀྱི་མུན་སེལ་སྒྲོན་མ་དང༌། སྒྲོ་སྐུར་སེལ་བའི་སྒྲོན་མ་དང༌། བདུད་རྣམས་སེལ་བའི་སྒྲོན་མ་དང༌། གསང་ཚུལ་ཉི་མའི་སྒྲོན་མ་ལ་སོགས་པའོ།།” ཞེས་སྒྲོན་མ་མཚན་ཅན་གྱི་དགོངས་འགྲེལ་བསྟན་བཅོས་དྲུག་བཅས་བཞུགས་ཤིང་།

ང༽ ཉམས་སུ་ལེན་པ་བསམ་གཏན་གྱི་སྐོར།

གཞན་ཡང་ཉམས་སུ་ལེན་པ་བསམ་གཏན་གྱི་སྐོར་[58]ལ། “ཉམས་སུ་ལེན་པ་བསམ་གཏན་གྱི་སྡེ་ལ། ཐེག་ཆེན་རྣལ་འབྱོར་དང༌། སེམས་ཉམས་རྣམ་གསུམ་དང༌། ལུང་མན་ངག་མདོར་བསྡུས་དང༌། ཨ་ཏི་ཡོ་གའི་མན་ངག་བསྡུས་པའི་བསམ་གཏན་དང༌། ཡུལ་ཀུན་ལ་འཇུག་པའི་བསམ་གཏན་དང༌། རིན་པོ་ཆེ་སྤུངས་པའི་བསམ་གཏན་དང༌། བསྒོམ་ལུང་གསུམ་པའི་བསམ་གཏན་དང༌། ཞུས་ལེན་ཁུངས་ཀྱི་བསམ་གཏན་ལ་སོགས་པ་རྣམས་སོ།།” ཞེས་བསམ་གཏན་མིང་ཅན་གྱི་དགོངས་འགྲེལ་བསྟན་བཅོས་བརྒྱད་དེ་ཁྱོན་དགོངས་འགྲེལ་གྱི་བསྟན་བཅོས་བཞི་བཅུ་རྩ་གསུམ་(༤༣)ཙམ་ཡོད་པར་གསལ་ཡང་ཁོ་བོས་འདི་དག་འཚོལ་ཞིབ་བྱས་ཀྱང་ཕལ་མོ་ཆེ་མཇལ་རྒྱུ་མ་རྙེད་པས་ལོ་རྒྱུས་ཡིག་ཆའི་ནང་གསལ་བ་ཙམ་ལས་དེང་སང་བཞུགས་མེད་པ་ཡིན་ནམ་སྙམ།

ཅ༽ སྐོར་ཚོ་གསུམ།

གཞན་ཡང་ཕྱི་ནང་གསང་བ་གསུམ་གྱི་སྐོར་ཚོ་གསུམ་བྱུང་སྟེ། «ལོ་རྒྱུས་»[59]དེ་ཉིད་ལས། “དེ་ནས་སློབ་དཔོན་གྱིས་དབང་པོ་རབ་འབྲིང་ཐ་མ་གསུམ་དང་སྦྱར་ཏེ། ཕྱི་མདོ་སྡེ་ལ་བརྟེན་ནས་དབང་པོ་ཐ་མའི་དོན་དུ་ཕྱི་སྐོར་གྱི་ཆོས་རྣམས་མཛད་དོ། །ནང་གསང་སྔགས་ལ་བརྟེན་ནས་དབང་པོ་འབྲིང་གི་དོན་དུ་ནང་སྐོར་གྱི་ཆོས་རྣམས་མཛད། གསང་བ་ཐུགས་ཀྱི་ཉམས་མྱོང་ལ་བརྟེན་ནས་དབང་པོ་རབ་ཀྱི་དོན་དུ་གསང་སྐོར་གྱི་ཆོས་རྣམས་མཛད་དོ།།” ཞེས་ཕྱི་ནང་གསང་བ་གསུམ་གྱི་ཆོས་སྐོར་དགོངས་འགྲེལ་ཡོད་པ་འབྱུང་རུང་འགྲེལ་པ་རྣམས་ཀྱི་མཚན་མི་གསལ། དེ་དག་ལའང་ཁོ་བོས་འཚོལ་ཞིབ་བྱས་ཀྱང་ད་ལྟའི་བར་དུ་རྙེད་སོན་མ་བྱུང་། གནའ་དེང་གི་ཡིག་ཆ་རྣམས་སུ་དགོངས་འགྲེལ་འདི་དག་གི་ལུང་འདྲེན་སོགས་གང་ཡང་མཇལ་རྒྱུ་མེད་པས་དངོས་གནས་འཇིག་རྟེན་འདི་ནས་བོར་བརླག་ཏུ་སོང་བ་ཡིན་ནམ། གཅིག་བྱས་ན་ད་དུང་འཇིག་རྟེན་འདིར་གྲོང་གསེབ་དང་དགོན་རྙིང་རྣམས་ཀྱི་ཐལ་རྡུལ་གྱི་ཁྲོད་མི་མངོན་པའི་དབྱིངས་སུ་གཟིམས་ཏེ་བཞུགས་ཡོད་པའང་མི་སྲིད་པ་མིན། གཞུང་ལུགས་འདི་དག་ནི་མཁན་སློབ་ཆོས་གསུམ་གྱི་རིང་ལུགས་འཛིན་པ་དཔལ་གསང་སྔགས་སྔ་འགྱུར་བའི་གྲུབ་མཐའ་དང་དེ་འཛིན་པའི་སྐྱེས་བུ་དམ་པ་རྣམས་ལ་ཡིད་བཞིན་ནོར་བུ་ལས་ཀྱང་ལྷག་ཅིང་དགོས་གལ་ཆེ་བ་ཞིག་ཡིན་པར་སྨོས་མེད་ཡིན་པས་གནའ་དེང་རིག་གཞུང་ལ་གཏིང་ཟབ་ཀྱིས་དཔྱད་ཞིབ་དང་འཚོལ་སྡུད་གནང་མཁན་རྣམས་ཀྱི་དགོངས་དབྱིངས་ནས་མི་འདོར་བར་སྙིང་ནས་རེ་འབོད་ཀྱང་ཞུ།

༢༽ ཡིག་ཆ་ཁག་ལས་བྱུང་བའི་གཞུང་ལུགས།

ཀ༽ «བྱེ་བྲག་ཏུ་འབྱེད་པ་»[60]ཞེས་པ་འདི་ཡིན། འདི་ནི་ཨ་རོ་ཡེ་ཤེས་འབྱུང་གནས་ཀྱིས་མཛད་ཅིང་བརྗོད་བྱའི་སྙིང་པོ་ཆོས་སྒྲུབ་པའི་འགལ་རྐྱེན་ཐག་བསྲིང་བའི་ཕྱིར་དབེན་པ་བསྟེན་ཚུལ་དང་། དབེན་པའི་གནས་སུ་གང་སྒྲུབ་པའི་ལམ་བདེན་པ་བཞིའི་དོན་རྒྱས་པར་བསྟན། དེའི་གཞི་རྩ་ལྟ་བ་བདག་མེད་པ་གཉིས་རྒྱས་པར་གཏན་ལ་ཕབ་ཡོད། མདོར་ན་ཚིགས་བཅད་ཀྱི་ལམ་ནས་དྲངས་པའི་ཐེག་པ་ཆེན་པོའི་གཞི་ལམ་འབྲས་གསུམ་བསྟན་པའི་གྲུབ་མཐའི་གཞུང་ལུགས་ཆེན་མོ་ཞིག་ཡིན་པ་མ་ཟད་ཐེག་པ་ཆེན་པོའི་ལམ་རིམ་ཞིག་ཀྱང་ཡིན། གཞུང་འདི་ལ་ཇོ་བོ་ཆེན་པོ་ཨ་ཏི་ཤས་ཀྱང་རྩི་མཐོང་ཆེན་པོ་མཛད་ཚུལ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་རྒྱལ་བ་ཀློང་ཆེན་རབ་འབྱམས་(1308–1363 CE)ཀྱི་«སྒོ་འབྱེད་ལྡེ་མིག་»[61]དང་། དེ་བཞིན་དུ་རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ་(1617 – 1682 CE) ཡི་«དཀར་ཆག་ངོ་མཚར་རྒྱ་མཚོ་»[62]ལས། “སྙེ་ཐང་དུ་ཇོ་བོ་ལ་བོད་སྟོན་རྣམས་ཀྱིས་དང་པོ་བོད་དུ་བརྩམས་པའི་བསྟན་བཅོས་འགའ་ཞིག་གཟིགས་ཕུལ་ཞུས་པས། གཞན་ལ་མཉེས་ཚོར་མ་མཛད། ཨ་རོ་ཡེ་ཤེས་འབྱུང་གནས་ཀྱིས་མཛད་པའི་ཐེག་ཆེན་རྣལ་འབྱོར་བྱ་བའི་བསྟན་བཅོས་ལ་ཤིན་ཏུ་མཉེས་ནས། དག་ཆ་ཆེ། ལས་འབྲས་ཞིབ། དོན་ཟབ་ལ་རྒྱ་ཆེ་བ་འདུག་གསུངས།” ཞེས་ཁྱད་འཕགས་ངོ་མཚར་ཅན་གྱི་བསྟན་བཅོས་འདི་མཇལ་བ་དང་ཐུགས་ཤིན་ཏུ་མཉེས་པ་བྱུང་ཚུལ་དང་། ཀཿཐོག་རིག་འཛིན་ཚེ་དབང་ནོར་བུ་(1698 – 1755 CE)ཡི་«ཡིད་ཀྱི་མེ་ལོང་»[63]ལས། “ཇོ་བོ་རྗེ་བོད་དུ་བྱོན་པའི་སྐབས་སྙིང་པོ་དོན་རྒྱུད་ཀྱི་བསྟན་པ་བྱང་ཆུབ་སེམས་ཀྱི་མན་ངག་འཛིན་པ་མང་ཡང་གྲགས་ཆེ་བ་ཨ་རོ་ཡེ་ཤེས་འབྱུང་གནས་ཡིན་ལ་དེ་ཡི་བསྟན་བཅོས་ཐེག་པ་ཆེན་པོའི་རྣལ་འབྱོར་ལ་ཚིག་སྙན་དོན་བཟང་ཞེས་མཆོག་ཏུ་དགྱེས་ཤིང་། ཨ་རོའི་སློབ་མ་ཟངས་དཀར་མཛོད་ཁུར་ལ་ཡང་གུས་པས་ཕྱག་མཛད་པ་དང་། ཨ་རོས་ཀྱང་སློབ་སྦ་བསྒོམ་ལ་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་བོགས་བཏོན་ནས་དོན་དམ་བྱང་ཆུབ་སེམས་ཀྱི་བོགས་འཇམ་དཔལ་དང་བྱམས་པས་འདོན་པར་དབུགས་དབྱུང་བ་དང་། དགེ་བའི་བཤེས་གཉེན་པོ་ཏོ་བ་ཆེན་པོས་སྦ་སྒོམ་ལས་སེམས་ཕྱོགས་ཀྱི་མན་ངག་ལེགས་པར་གསན་ཅིང་དུས་ཕྱིས་དགེ་བའི་བཤེས་གཉེན་ཆེན་པོར་གྱུར་པ་ན་དེ་དམ་པའི་ཆོས་རྣམ་དག་ཉིད་དུ་དགོངས་ཏེ་ཡི་དམ་དུ་མཛད་པ་སོགས་སྔགས་ཀྱི་བསྟན་པ་རྣམ་དག་མ་ནུབ་པ་རྒྱུ་མཚན་དུ་མ་དང་བཅས་ཤིང་།” ཞེས་སོགས་རྒྱ་བོད་མཁས་གྲུབ་ཆེན་པོ་རྣམས་བསྟན་བཅོས་འདིས་ཐུགས་ཡིད་འཕྲོག འདི་ལ་ཁམས་ཉག་རོང་གི་མཁས་གྲུབ་ཆེན་མོ་བསོད་ནམས་ཆོས་འགྲུབ་(1862 – 1944 CE)ཀྱི་«འགྲེལ་པ་རྒྱལ་སྲས་ལམ་བཟང་»[64]ཞེས་པའི་འགྲེལ་པ་རྒྱས་པ་ཞིག་ཀྱང་བཞུགས།

ཁ༽ གཞན་ཡང་ «ཨོ་རོའི་ཁྲིད་མོ་ཆེ་» ཞེས་པའི་རྫོགས་པ་ཆེན་པོའི་ཁྲིད་ཡིག་ཆེན་པོ་ཞིག་མཛད་ཡོད་པར་གསལ་ཏེ། ཀློང་ཆེན་རབ་འབྱམས་ཀྱི་«རིན་ཆེན་ཕྲེང་བ་»[65]ལས། “ཨོ་རོའི་ཁྲིད་མོ་ཆེ་དང་།”ཞེས་པ་བཞིན་དུ་«གུར་བཀྲའི་ཆོས་འབྱུང་»[66]ལས། “སློབ་དཔོན་མེ་མགོན་ལ་སོགས་པ་བཤེས་གཉེན་མང་དག་ལས་གསང་སྐོར་དང་། རྒོད་ཚང་པའི་ཁྲིད་ཀྱི་སྐོར། ཨ་རོའི་ཁྲིད་མོ་ཆེ་དོན་སྐོར་ལ་སོགས་པ་བོད་ན་གྲགས་པ་ཆེ་བའི་རྫོགས་རིམ་ཕལ་མོ་ཆེ་ཁོང་དུ་ཆུད།”ཅེས་པ་ལྟར་«བདུད་འཇོམས་ཆོས་འབྱུང་»[67]སོགས་ལོ་རྒྱུས་རྣམས་སུ་བྱུང་བས་ཁོང་ལ་རྫོགས་པ་ཆེན་པོའི་ཁྲིད་ཡིག་ཆེན་མོ་ཞིག་ཀྱང་ཡོད་ཅིང་རིག་འཛིན་ཀུ་མཱ་རཱ་ཛ་(1266 – 1343 CE)ཡིས་གསན་པ་ཡིན་པས་དུས་རབས་བཅུ་གསུམ་དང་། བཅུ་བཞིའི་ནང་ཁྲིད་མོ་ཆེ་འདི་ཡོད་པར་གསལ།

ག༽ དེ་བཞིན་དུ་«ཨ་རོའི་ཅོག་བཞག་ཆེན་མོ་» ཞེས་པའང་མཛད་ཅིང་ཨ་རོ་སྙན་བརྒྱུད་གཡག་སྡེ་པཎ་ཆེན་གྱི་ལུགས་སུ་གྲགས་པ་ནི། གནས་མདོ་ཀརྨ་ཆགས་མེད་(1613 – 1678 CE)ཀྱི་«ཐུགས་རྗེ་ཆེན་པོའི་དམར་ཁྲིད་»[68]ལས། “རྫོགས་ཆེན་ཨ་རོ་སྙན་བརྒྱུད་གཡག་སྡེ་པཎ་ཆེན་[69]གྱི་ལུགས་ལས། རིག་པ་གསལ་སྟོང་འཛིན་མེད་ཀྱི་ངང་དུ་ལྷོད་ཀྱིས་ཀློད། ཤིགས་ཀྱིས་བཤིག ཅོག་གིས་འཇོག འཆར་སྒོ་མི་དགག གཉེན་པོ་མི་སྤང༌། བློས་མི་སྒྱུར། བཟོ་བཅོས་མི་བྱེད། གང་ལྟར་ཤར་ཞིང་ཇི་ལྟར་སྣང་བ་དེ་ཀ་ལྟར་ཁ་ནང་དུ་ལོག་ནས་བཅས་བཅོས་དང་དགག་སྒྲུབ་མི་བྱེད་པར། རང་ལུགས་སུ་ལྷོད་དེ་ཞོག འཛིན་མེད་དུ་གསལ་ལེ་ཞོག ཨ་རོའི་ཅོག་བཞག་ཆེན་མོ་ཟེར། ཨ་ཙི་བར་བྱེད། ཡིན་ཡང་ཡིན་པར་འདུག་གསུངས།” ཞེས་ངོ་སྤྲོད་ཚུལ་དང་བརྒྱུད་པ་བཅས་བྱུང་ཞིང་ཞེ་ཆེན་རྒྱལ་ཚབ་འགྱུར་མེད་པདྨ་རྣམ་རྒྱལ་གྱི་«པད་དཀར་རྫིང་བུ་»[70]ལས། “ཨ་རོ་ཡེ་ཤེས་འབྱུང་གནས་ཀྱི་ཅོག་བཞག་ཆེན་མོར། སེམས་ཀྱི་རང་བཞིན་ནི་ཆོས་ཉིད་ཡོད་མེད་ལ་སོགས་པའི་ངོ་བོ་ཉིད་ཐམས་ཅད་དང་བྲལ་བ། སྣང་བ་སྐད་ཅིག་ཀྱང་མ་མྱོང་སྟེ་ནམ་མཁའ་བཞིན་ནོ། །སེམས་ཀྱི་མཚན་ཉིད་ནི་རྣམ་པར་རྟོག་པའི་ངོ་བོར་གནས་ཏེ། དཔེར་ན་མེའི་རང་བཞིན་ཆོས་ཉིད་ལ་ཚ་བ་མེད་ཀྱང་ཆོས་ཅན་མཚན་ཉིད་སྲེག་པ་བཞིན་ནོ། །མཚན་ཉིད་ཀྱིས་རང་བཞིན་བསྒྲིབས་ཏེ་རྒྱ་མཚོ་རླབས་ཀྱིས་རྙོགས་པ་བཞིན་ནོ། །མཚན་ཉིད་རྟོག་པའི་བག་ཆགས་མཐུ་བརྟས་པས་བག་ཆགས་ཀྱི་སེམས་ཉིད་རྟོག་པའི་དབང་གིས་ཕྱི་ནང་གི་དངོས་པོ་འདྲ་བར་སྣང་སྟེ་མིག་སྐྱོན་ཅན་གྱི་སྣང་བའམ་ལྷོ་སྤྲིན་བཞིན་ནོ། །སེམས་ཀྱི་རང་བཞིན་ཆོས་ཉིད་ནི་མི་འགྱུར་བས་བྱང་ཆུབ་ཀྱི་སྙིང་པོ་ཆོས་ཀྱི་སྐུ་ཡིན་ལ། མཚན་ཉིད་ཆོས་ཅན་ནི་ཀུན་རྫོབ་སྟེ་རྫུན་པ་བསླུ་བ་ཡང་དག་མ་ཡིན་པས་སྤང་དུ་བཏུབ་བོ། །དེ་ལྟར་བག་ཆགས་ཀྱི་སེམས་ཉིད་སྣང་བའི་གཞི་དེ་ལ་ཡང་ལོག་རྟོག་གིས་ཕྱིན་ཅི་ལོག་ཏུ་འཁྲུལ་ཏེ། སེམས་ལས་གཞན་དུ་སངས་རྒྱས་དང་སེམས་ཅན་སྐྱེས་པ་དང་བུད་མེད་ས་ཆུ་མེ་རླུང་སོགས་མཚན་མ་སྣ་ཚོགས་རང་བྱུང་དུ་བདག་ཉིད་སོ་སོར་ཡོད་པར་བརྟགས་ནས་སེམས་ཅན་རྣམས་རང་གིས་བརྟགས་པའི་མཚན་མ་ལ་རང་སྤྱོད་དེ་དཔེར་ན་ཐོ་ཡོར་ལ་མིར་འཁྲུལ་ནས་མིར་བལྟ་བ་བཞིན། དེ་ནི་ཀུན་བརྟགས་ཡིན་ཏེ་སེམས་ཅན་གྱི་ཤེས་པའི་ཡུལ་ཡིན་ན། དེ་ལྟ་བུར་མཚན་མ་ལ་དམིགས་ནས་ཉོན་མོངས་སྐྱེ། དེའི་དབང་གིས་དགེ་སྡིག་སོགས་ལས་བསགས། དེ་རྣམས་ཀྱི་དབང་གིས་འབྲས་བུ་ཕུང་པོ་ལྔ་གྲུབ་སྟེ་འཁོར་བར་སྣང་ངོ་། །སེམས་ཀྱི་རང་བཞིན་མངོན་དུ་གྱུར་ཅིང་། མཚན་ཉིད་ཀྱིས་བསྡུས་པ་སྤངས་པ་ལ་ནི་སངས་རྒྱས་ཞེས་བྱ་སྟེ། དེ་ཙ་ན་ཡང་སྤངས་ཤིང་བོར་བའམ་སྔ་ན་མེད་པ་ཐོབ་པའི་རྒྱུ་ཅི་ཡང་མེད་དོ། །སེམས་ཀྱི་རང་བཞིན་བྱང་ཆུབ་ཀྱི་སྙིང་པོ་དེ་མཚན་ཉིད་རྟོག་པ་དང་བྲལ་བ་ལ་སྤངས་པ་ཐོབ་ཅེས་བྱ་སྟེ། དཔེ་ནམ་མཁའ་སྤྲིན་དང་བྲལ་བ་བཞིན་ནོ། །དེའི་ཚེ་གཟུགས་སྐུ་རྣམས་དང་ཆེ་བའི་ཡོན་ཏན་ཐམས་ཅད་ཀྱང་ཐུགས་རྗེ་དང་སྨོན་ལམ་གྱི་དབང་གིས་རང་བཞིན་གྱིས་བྱུང་སྟེ་དཔག་བསམ་གྱི་ཤིང་དང་འདྲའོ། །དེ་ལྟར་སྣང་བའི་འཁོར་འདས་ཀྱི་ཆོས་ཐམས་ཅད་བདེན་པ་གཉིས་ཀྱི་རང་བཞིན་ཡིན་ཏེ། དེ་ཡང་དངོས་པོ་སོ་སོར་སྣང་ཞིང་བྱ་བ་བྱེད་ནུས་པ་ནི་ཆོས་ཅན་ཀུན་རྫོབ་ཀྱི་བདེན་པ་སྟེ། དེ་ནི་རྣམ་པར་རྟོག་པ་ཉིད་སྣང་བས་སྤང་བར་བྱ་བའོ། །སོ་སོར་སྣང་ཡང་གང་ལའང་རང་བཞིན་མེད་པས་གང་ཅི་ཡང་མ་ཡིན་པ་སྟེ། སེམས་ཀྱིས་བསམ་དུ་མེད་ཅིང་། ཚིག་གིས་བརྗོད་དུ་མེད་པ་ནི་ཆོས་ཉིད་དེ་དོན་དམ་པའི་བདེན་པའོ། །དངོས་སུ་ན་ཀུན་རྫོབ་རང་བཞིན་མེད་པ་ཉིད་དོན་དམ་པའི་བདེན་པའོ། །དེ་མངོན་དུ་གྱུར་པ་ནི་སངས་རྒྱས་སོ།།”[71] ཞེས་ངོ་སྤྲོད་ཀྱི་ལུང་འདྲེན་བྱེད་པ་ལ་དཔགས་ན་དུས་རབས་བཅུ་བཞིའི་ནང་སྙན་བརྒྱུད་འདི་དར་ཞིང་། རིམ་པར་བཅུ་བདུན་དང་། ཉི་ཤུ་པར་ཡོད་ཅིང་དར་རྒྱས་སུ་བྱུང་བ་ཡིན་ནམ་སྙམ། ཡིན་ཡང་ཁོ་བོས་འདི་ལ་འཚོལ་ཞིབ་ཅུང་ཙམ་བྱས་ཀྱང་དངོས་སུ་མཇལ་བའི་སྐལ་བ་མ་བྱུང་།

ང༽ དེ་བཞིན་དུ་«བེ་བུམ་ཆེ་ཆུང་གཉིས་»སོགས་མཛད་ཚུལ་ནི། ཞྭ་དམར་གཉིས་པ་མཁའ་སྤྱོད་དབང་པོ་(1350-1405 CE)ཡི་«བཀའ་རྒྱུད་གསེར་ཕྲེང་»[72]ལས། གཡུང་སྟོན་རྡོ་རྗེ་དཔལ་(1284 – 1365 CE)གྱི་རྣམ་ཐར་ནང་ཨ་རོའི་ལོ་རྒྱུས་སུ་“དེ་དག་རྣམས་ཀྱི་དགོངས་དོན་ཨ་རོ་ཡི། །མན་ངག་བེ་བུམ་ཆེ་ཆུང་གཉིས་སུ་བསྡེབས། །དེ་གཞན་ཨ་རོའི་ཐེག་ཆེན་རྣལ་འབྱོར་དང༌། །ཞེན་ལོག་སྤོང་སྒྲོན་དད་སྐྱེད་སྒྲོན་མེ་དང༌། །མན་ངག་ཅོག་བཞག་ལ་སོགས་གདམས་ཕྲན་རྣམས། །སེམས་སྡེ་མ་བུ་བཅོ་བརྒྱད་ཨ་རོ་ལུགས། །འདི་རྣམས་ཨ་རོའི་ཆོས་སྐོར་ཡིན་པར་གྲགས།།” ཞེས་«བེ་བུམ་ཆེ་ཆུང་གཉིས་»དང༌། «ཐེག་ཆེན་རྣལ་འབྱོར་» «སྤོང་སྒྲོན་དད་སྐྱེད་སྒྲོན་མེ་» «མན་ངག་ཅོག་བཞག» ཅེས་གཞུང་གི་མཚན་ལྔ་དང་། ཡང་རྣམ་ཐར་དེ་ཉིད་[73]ལས་“སློབ་དཔོན་ཨ་རོ་ཡེ་ཤེས་འབྱུང་གནས་ཀྱི། །མན་ངག་གདབ་སྤུངས་གཉིས་ཀྱི་དམར་ཁྲིད་དང༌།།” ཞེས་གཞུང་གཉིས་ཡོད་པར་འཁོད། གཞན་ཡང་ཀརྨ་པ་སྐུ་ཕྲེང་བརྒྱད་པ་མི་བསྐྱོད་རྡོ་རྗེ་(1507-1554 CE)ཡི་«ཨེ་ཝཾ་ཕྱག་རྒྱ་»[74]ལས། “གཞན་ཡང་ལྟ་སྟངས་ལ་སྟེང་ལྷའི་ལྟ་སྟངས་བྱ་བ་ཉི་ཟླའི་ཐད་ཀྱི་ནམ་མཁའ་ཙམ་དུ་བལྟས་སྙིང་གར་བསྡུ་བ་དང༌། འོག་ཀླུའི་ལྟ་སྟངས་བྱ་བ་ས་གཞི་ལ་ཐུག་གི་བར་ལྟ་སྟངས་བྱས་ནས་འཇོག་པ་དང༌། བར་མིའི་ལྟ་སྟངས་བྱ་བ་མདུན་གྱི་སྟེང་འོག་བར་གསུམ་གྱི་ནམ་མཁའ་ལ་བལྟས་པས་ནམ་མཁའ་གསུམ་གར་ལྟ་སྟངས་ཀྱིས་བཅུན་པའོ། །ཚུལ་དེ་ལྟ་བུའི་ལྟ་སྟངས་དང་བཅས་ཏེ་སེམས་འཇོག ཐབས་ནི་བསམ་གཏན་ཐུན་འཇོག་ནས་བཤད་པ་ལྟར་མིན་ལ། ལྷ་ཀླུ་མིའི་ལྟ་སྟངས་དེ་དང་མཐུན་པར། ཨ་རོ་ཡེ་ཤེས་འབྱུང་གནས་ཀྱིས། ཚངས་པ་ཆེན་པོའི་གཙུག་རྒྱན་དང༌། །ས་འོག་སྤྱོད་པའི་ཏིང་ངེ་འཛིན། །ཞེས་བྱ་བར་གསུངས་ཏེ། ཚངས་པ་ཆེན་པོའི་གཙུག་རྒྱན་གྱི་ཏིང་ངེ་འཛིན་དང༌། ལྷ་མིའི་ལྟ་སྟངས་ཀྱིས་བྱིང་རྒོད་སེལ་བ། ས་འོག་སྤྱོད་པའི་ཏིང་ངེ་འཛིན་དང་ཀླུའི་ལྟ་སྟངས་ཀྱིས་ནི་གཉིད་རྨུགས་སེལ་བར་བྱེད་པ་ཡིན་ནོ།།” ཞེས་རྫོགས་པ་ཆེན་པོའི་ཐོད་རྒལ་གྱི་གཟིགས་སྟངས་ཏིང་ངེ་འཛིན་གྱི་རྣམ་གྲངས་འདིའི་ཁུངས་གཞུང་ཞིག་ཡོད་ངེས། འདི་དང་འདིས་མཚོན་པའི་ད་དུང་གཞུང་ལུགས་མང་པོ་ཡོད་སྲིད་པས་ཞིབ་འཇུག་བྱ་རྒྱུ་མང་པོ་ཡོད་ངེས།

ཅ༽ དེ་བཞིན་དུ་«སྤོང་སྒྲོན་དད་སྐྱེད་སྒྲོན་མེ་»[75]ཞེས་པའང་གོང་དུ་སྨོས་པ་ལས་གཞན་དངོས་སུ་མཇལ་རྒྱུ་མ་རྙེད།

ཆ༽ དེ་བཞིན་དུ་«གདབ་སྤུངས་གཉིས་ཀྱི་དམར་ཁྲིད་»[76]ཅེས་པའང་གོང་སྨོས་ལས་འཚོལ་ཞིབ་བྱས་ཀྱང་མཇལ་རྒྱུ་མ་རྙེད།

ཇ༽ གཞན་ཡང་ཕྱི་སྐོར་དང་། ནང་སྐོར། གསང་སྐོར། གཟེར་ཀའི་སྐོར། སྡེ་སྐོར། སྤྲུལ་པའི་སྐོར་ཏེ་སྐོར་ཚོ་ཆེན་མོ་དྲུག་ཡོད་པའང་གསུངས་ཏེ། «ཀློང་ཆེན་ཆོས་འབྱུང་»[77]ལས། “གཞན་ཡང་གཉགས་ཛྙཱན་ཀུ་མཱ་རས། ཨ་རོ་ཡེ་ཤེས་འབྱུང་གནས་ལ། རིན་ཆེན་འཕགས་ལམ་བཀོད་པའི་རྒྱུད་དང་། ཡེ་ཤེས་འཁོར་ལོ་གསལ་བ་སྙིང་རྒྱུད་དང་། རྫོགས་པ་ཆེན་པོ་ཉི་མའི་སྙིང་པོའི་རྒྱུད། ཡེ་ཤེས་གསང་བ་སྒྲོན་མའི་རྒྱུད་ལ་སོགས་པ་བཤད་པས། དེའི་ལུགས་ལ་ཁམས་ལུགས་ཞེས་གྲགས་སོ། །ཁམས་ལུགས་ཨ་རོའི་སྐོར་ལ། ཆོས་སྡེ་དྲུག་སྟེ། དེ་ལ་ཨ་རོ་ཕྱི་སྐོར་ནང་སྐོར་གསང་སྐོར། གཟེར་ཀའི་སྐོར། སྡེ་སྐོར། སྤྲུལ་པའི་སྐོར་དང་དྲུག་གོ །དེ་ལ་ཕྱི་སྐོར་ནི། ཐེག་ཆེན་རྣལ་འབྱོར་ལ་སོགས་པའོ། །ནང་སྐོར་ནི། མདོ་ལུང་མདོ་རྩ་མདོ་འགྲེལ་པ་ལ་སོགས་པ་བཻ་རོ་ཙ་ནའི་ཆོས་རྣམས་སོ། །གསང་སྐོར་ནི། རིན་པོ་ཆེ་གདབ་སྤུང་གི་སྐོར་དང་། ཐུན་བདུན་མ་ལ་སོགས་པའོ། །གཟེར་ཁ་ལ་ཆེ་འབྲིང་ཆུང་གསུམ་མོ། །སྡེ་སྐོར་ལ་སྡེ་སྐོར་བཞི་བཅུ་ཞེ་གཉིས་ལ་སོགས་པའོ། །སྤྲུལ་སྐོར་ནི།[78] ཨ་རོ་སྤྲུལ་པའི་སྐུ་རུ་བྱོན་པའི་ཚུལ་དང་བཅས་པའི་གདམས་ངག་རྣམས་སོ། །དེ་རྣམས་ནི་ཨ་རོའི་སྐོར་གྱི་དབྱེ་བའོ།།” ཞེས་ཨ་རོས་མཛད་པའི་གཞུང་བཞི་བཅུ་ཞེ་དགུ་མཚན་དང་གྲངས་དངོས་སུ་སྨོས་ཤིང་མདོ་ལུང་མདོ་རྩ་འགྲེལ་ཞེས་རྩ་འགྲེལ་གཉིས་བཻ་རོ་ཙ་ནའི་སེམས་སྡེའི་སྐོར་གྱི་དགོངས་འགྲེལ་ཡིན་ནམ་སྙམ། གཟེར་ཁ་ལ་ཆེ་འབྲིང་ཆུང་གསུམ་པོ་སེམས་སྡེའི་ལྟ་བའི་སྐོར་ཡིན་ནམ་སྙམ། གང་ལྟར་དངོས་སུ་མཇལ་བའི་སྐལ་བ་མ་བྱུང་བས་གཞུང་གི་བརྗོད་དོན་གང་ཡིན་མི་ཤེས།

གཞན་ཡང་དགག་ཕྱོགས་ལས་བྱུང་བ། ཉ༽ སེམས་ཕྱོགས་ལྔའི་འགྲེལ་པ་«སེམས་ཉམས་ཆེ་ཆུང་»ཞེས་པའི་གཞུང་མཛད་པ་གསལ་ཏེ། འགོས་ལོ་ཙཱ་བ་ཁུག་པ་ལྷས་བཙས་ཀྱི་«སྔགས་ལོག་སུན་འབྱིན་»[79]ལས། “ཨ་རོ་ཡེ་འབྱུང་གིས་བྱས་པའི་སེམས་ཕྱོགས་ལྔའི་[80]འགྲེལ་པ་སེམས་ཉམས་ཆེ་ཆུང་དང་། དར་ཆེན་རྗེ་དཔལ་གྱི་གྲགས་པས་བྱས་པའི་ཆོས་ལ་དགོངས་འདུས་དང་། ཀུན་འདུས་དང་རྒྱལ་པོའི་ཆོས་ལྔ་སྟེ་དྲི་མ་ཅན་ཡིན་ནོ།།” ཞེས་པ་བཞིན་འཇམ་མགོན་ཨ་མྱེས་ཞབས་ངག་དབང་ཀུན་དགའ་བསོད་ནམས་[81](1597-1660 CE) «དྲིས་ལན་ཡིད་ཀྱི་མུན་སེལ་»[82]ལས་འགོས་ཀྱི་འདོད་པ་བཀོད། ཡིན་ཡང་དྲིས་ལན་ལས་ཨ་རོའི་སེམས་ཕྱོགས་ལྔ་འགྲེལ་པ་དང་སེམས་ཉམས་ཆེ་ཆུ་ཞེས་འགྲེལ་པ་བདུན་[83]ཡོད་པར་གསལ། འགོས་གཞུང་ལས་སེམས་ཕྱོགས་ལྔའི་འགྲེལ་པ་ཆེ་ཆུང་གཉིས་ཏེ་འགྲེལ་པ་གཉིས་ཡིན་པ་ལྟ་བུར་སྣང་ཡང་ད་དུང་ཞིབ་དཔྱད་དགོས། འདི་ལ་སོག་བཟློག་པ་བློ་གྲོས་རྒྱལ་མཚན་(1552 – 1624 CE)གྱི་«ངེས་དོན་འབྲུག་སྒྲ་»[84]ལས་འགོས་ཀྱི་བཀའ་ཤོག་ལ་ལན་གྱི་ནང་འགྲེལ་པ་གཉིས་ཀྱི་སྐོར་གང་ཡང་མ་གསུངས། གཞུང་ལུགས་ཆེན་མོ་འདི་དག་ལས་«བྱེ་བྲག་ཏུ་འབྱེད་པ་»མ་གཏོགས་གཞན་རྣམས་ཁོ་བོར་དངོས་སུ་མཇལ་རྒྱུ་མ་རྙེད།

ཉ སེམས་སྡེ་ཁམས་ལུགས་པ།

དེ་ལྟར་ཨོ་རྒྱན་སངས་རྒྱས་གཉིས་པ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་(Padmasambhāva पद्मसम्भव)[85]ཀྱི་རིང་ལུགས་ལ་སྡེ་གསུམ་ཀློང་དགུས་གྲུབ་མཐའ་སྐྱོང་བ་ལས་འདིར་ཕྱི་སེམས་སྡེའི་དགོངས་པ་འགྲེལ་བར་ལུགས་སྲོལ་ཆེན་པོ་གསུམ་བྱུང་བའི་ཡ་གྱལ་ཁམས་ལུགས་[86]སུ་གྲགས་པ་ནི། ཁམས་ཀྱི་ཐམས་ཅད་མཁྱེན་པ་ཨ་རོ་ཡེ་ཤེས་འབྱུང་གནས་ཀྱིས་«ཡེ་ཤེས་གསང་བ་སྒྲོན་མའི་རྒྱུད་» སོགས་རྒྱུད་སྡེ་རྣམས་ལ་བརྟེན་ནས་སེམས་སྡེ་དགོངས་པ་བཀྲལ་བའི་སྲོལ་འཛིན་པ་ཆེན་མོ་འདི་ལ་ཁམས་ལུགས་སུ་གྲགས་ཏེ། «གུར་བཀྲའི་ཆོས་འབྱུང་»[87]ལས། “རྫོགས་ཆེན་ཁམས་ལུགས་སུ་གྲགས་པ་ནི།”ཞེས་པ་ནས་“ཡང་ཨ་རོ་ཉིད་ཀྱི་བརྒྱུད་པ་ནི། སྦ་སྒོམ་གྱིས་གཙང་རོང་གི་དམ་པ་འཛིན་སྒོམ། དེས་ཡར་འབྲོག་གི་བ་ར་སྒོམ་ཆེན། དེས་ཡུལ་ཆོས་ཀྱི་ཇོ་མོ་མྱང་མོ་། དེས་སྐྱི་མཁར་བའི་ལྷ་རྗེ་ལྷ་ཁང་པ། དེས་དབུས་པ་སྟོན་ཤཱཀྱ། དེས་ཞིག་པོ་བདུད་རྩི་ལ་གནང་ནས་བརྒྱུད་པ་མང་དུ་འཕེལ་ལོ། །གཞན་ཡང་ཅོག་རོ་ནས་ཡ་ཟི་བོན་སྟོན་དང་། དེ་ཉིད་ལ་རོང་ཟོམ་ཆེན་པོས་གསན་པའི་བརྒྱུད་པའང་ཡོད་དོ།།” ཞེས་ཨ་རོའི་མཛད་རྣམ་དང་བརྒྱུད་རིམ་བཅས་གསུངས། དེ་ཡང་ཁམས་ལུགས་ཞེས་པའི་དོན་ནི་གཉགས་ཛྙཱ་ན་ཀུ་མཱ་རས། ཨ་རོ་ཡེ་ཤེས་འབྱུང་གནས་ལ་བརྒྱུད། དེས་གློང་ཐང་སྒྲོན་མར་ནས་«རིན་ཆེན་འཕགས་ལམ་བཀོད་པའི་རྒྱུད་»[88]དང་། «ཡེ་ཤེས་འཁོར་ལོ་གསལ་བ་སྙིང་རྒྱུད།»[89]«རྫོགས་པ་ཆེན་པོ་ཉི་མའི་སྙིང་པོའི་རྒྱུད།»[90]«ཡེ་ཤེས་གསང་བ་སྒྲོན་མའི་རྒྱུད་»[91]ལ་སོགས་སེམས་ཕྱོགས་རྫོགས་པ་ཆེན་པོའི་རྒྱུད་དང་རྒྱུད་འགྲེལ་རྣམས་ཀྱི་བཤད་པ་མཛད་དེ་རྫོགས་པ་ཆེན་པོའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་སྟེ་«ཀློང་ཆེན་ཆོས་འབྱུང་»[92]ལས། “གཞན་ཡང་གཉགས་ཛྙཱ་ན་ཀུ་མཱ་རས། ཨ་རོ་ཡེ་ཤེས་འབྱུང་གནས་ལ་”ཞེས་པ་ནས་“དེའི་ལུགས་ལ་ཁམས་ལུགས་ཞེས་གྲགས་སོ།།” ཞེས་གསུངས་ཤིང་འདི་ལ་སེམས་སྡེ་ཨ་རོ་ལུགས་སུའང་གྲགས་ཏེ། ཀཿཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོ་(1880 – 1925 CE) «ཡིད་ཀྱི་མེ་ལོང་»[93]ལས། “སེམས་སྡེ་ཨ་རོ་ལུགས། ཉང་ལུགས། ཁམས་ལུགས་རྣམས་ཀྱི་ཁྲིད་དང་། ཡེ་ཤེས་གསང་སྒྲོན་གྱི་རྒྱུད་འགྲེལ་དང་། སློབ་དཔོན་དགའ་རབ་རྡོ་རྗེས་མཛད་པའི་བསམ་གཏན་ཉམས་ཀྱི་སྒྲོན་མ་དང་འགྲེལ་པ་སོགས་ཡིག་སྣ་མང་ངོ་།།” ཞེས་པ་ནས་“ཨ་རོ་ལུགས་ཀྱི་རྒྱུད་རྣམས་དང་།”ཞེས་སེམས་སྡེའི་དགོངས་པ་བཀྲལ་བར་ལུགས་སྲོལ་ཆེན་པོ་གསུམ་བྱུང་བའི་ཡ་གྱལ་ཡིན་པར་གསུངས།

ཏ ཨ་རོའི་སྙན་བརྒྱུད།

༡༽ ཞིག་པོའི་སྙན་བརྒྱུད།

དེ་ལྟར་སྤྱིར་སྙན་བརྒྱུད་ཅེས་པ་ནི་བླ་མའི་ཞལ་ལས་སྙན་ནས་སྙན་དུ་བརྒྱུད་རིམ་བར་མ་ཆད་པར་བརྒྱུད་པ་ལ་སྙན་བརྒྱུད་དུ་གྲགས་ཤིང་འདིར་ཨ་རོའི་ཞལ་ལས་སློབ་མ་རྣམས་ཀྱི་སྙན་ནས་སྙན་དུ་མན་ངག་དབང་ཁྲིད་བཤད་པ་སོགས་བརྒྱུད་དེ་སློབ་བརྒྱུད་སོ་སོའི་ཐུན་མིན་གྱི་རྒྱུན་འཛིན་སྤེལ་གསུམ་མཛད་ཅིང་མན་ངག་བཤད་བཀའི་གཞུང་ལུགས་བཅས་བྱུང་རིམ་ལ་ཨ་རོའི་སྙན་བརྒྱུད་ལུགས་ཞེས་བྱ། དེ་ཡང་ཨ་རོ་ཡིས་སེམས་སྡེ་དགོངས་པ་བཀྲལ་བ་རྣམས་སྙན་བརྒྱུད་ཚུལ་དུ་བྱུང་བ་ལས་ཨ་རོ་ཞིག་པོའི་སྙན་བརྒྱུད་ཀྱི་གཞུང་རྣམས་ཨ་རོ་ཡེ་ཤེས་འབྱུང་གནས་ཀྱིས་དངོས་སུ་མཛད་པ་མ་ཡིན་ཡང་སྤྲུལ་སྐུ་ཞིག་པོ་བདུད་རྩི་(1149-1199 CE)[94] ཡིས་དུས་རབས་བཅུ་གཉིས་པའི་ནང་སྙན་བརྒྱུད་འདི་བརྒྱུད་སྤེལ་མཛད་དེ། དབུས་པ་རྟ་སྟོན་ཇོ་བོ་ཡེ་ཤེས་[95](1163-1230 CE)[96] སོགས་ཀྱིས་འགྲེལ་པ་མཛད་ནས་ཨ་རོ་ལུགས་ཀྱི་རྫོགས་ཆེན་གྲགས། འདིའི་གཞུང་ལུགས་སྐོར་ལ་«བསྔོ་ཆོག་»[97] «དམ་ཆོས་ཡང་སྙིང་ལྔ་པ།» [98] «དམ་ཆོས་ཡང་སྙིང་»[99]«གཞི་ལམ་འབྲས་གསུམ་»[100] «ཞལ་གདམས་»[101] «རྫོགས་ཆེན་གྱི་མན་ངག»[102] «བླ་མ་དྲུག་གི་གདམས་ངག »[103]«སློབ་དཔོན་བཞིའི་གདམ་ངག་»[104]«ཞལ་གདམས་»[105] «དགུ་ངོས་བཟུང་»[106] «ཤིག་གི་བསྟན་བཅོས་»[107] «སྔོན་འགྲོའི་ཆོས་སྤྱོད་»[108] «གསལ་བའི་སྒྲོན་མེ་»[109] «སྔོན་འགྲོ་»[110]«སེམས་གནས་»[111]ཞེས་པ་སོགས་ཨ་རོ་ཡེ་ཤེས་འབྱུང་གནས་ཀྱི་སྙན་བརྒྱུད་སྤྲུལ་སྐུ་ཞིག་པོ་བདུད་རྩིའི་གསུང་སྒྲོས་དབུས་པ་རྟ་སྟོན་ཇོ་བོ་ཡེ་ཤེས་[112]ཀྱིས་ཡིག་ཆ་རྟ་རིན་ཆེན་དཔལ་གྱི་ཕྱག་དཔེ་ལས་བཤུས་པའི་དཔེ་དཀོན་ཆོས་ཚན་སོ་བརྒྱད་[113]ཙམ་བཞུགས། འདིའི་དབང་ལུང་ཁྲིད་སོགས་ཀྱི་བརྒྱུད་ཚུལ་དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་(1910 –1991 CE)གྱི་«གསན་ཡིག་སྐོར་»[114]ལས་ཅུང་གསལ་རྒྱས་སུ་བྱུང་བས་དེང་སང་བར་དུ་དབང་ལུང་ཁྲིད་སོགས་ཀྱི་བརྒྱུད་པ་མ་ཉམས་པར་བཞུགས།

༢༽ གཡག་སྡེའི་སྙན་བརྒྱུད།

གཞན་ཡང་ཨ་རོ་གཡག་སྡེའི་སྙན་བརྒྱུད་ནི། གཡག་སྡེ་པཎ་ཆེན་བརྩོན་འགྲུས་དར་རྒྱས་(1299–1378 CE)[115]ཀྱིས་ཨ་རོའི་«ཅོག་བཞག་ཆེན་མོ་»ལ་བརྟེན་ནས་རྫོགས་པ་ཆེན་མོའི་སེམས་སྡེའི་དགོངས་པ་བཀྲལ་བར་མཛད་པས་ཨ་རོའི་སྙན་བརྒྱུད་གཡག་སྡེའི་ལུགས་སུ་གྲགས་། དེ་ཡང་གནས་མདོ་ཀརྨ་ཆགས་མེད་(1613–1678 CE)ཀྱི་«ཐུགས་རྗེ་ཆེན་པོའི་དམར་ཁྲིད་»[116]ལས། “རྫོགས་ཆེན་ཨ་རོ་སྙན་བརྒྱུད་གཡག་སྡེ་པཎ་ཆེན་གྱི་ལུགས་ལས་”ཞེས་ངོ་སྤྲོད་ཚུལ་དང་བརྒྱུད་པ་བཅས་ལུང་འདྲེན་མཛད་པ་ཙམ་ལས་གཡག་སྡེའི་གཞུང་དངོས་འཚོལ་ཞིབ་བྱས་ཀྱང་མཇལ་བའི་སྐལ་བ་མ་བྱུང་།

༣༽ ནམ་མཁའ་རྡོ་རྗེའི་སྙན་བརྒྱུད།

གཞན་ཡང་ཨ་རོ་ནམ་མཁའ་རྡོ་རྗེའི་སྙན་བརྒྱུད་ནི། ཐམས་ཅད་མཁྱེན་པ་ཨ་རོའི་ཞལ་ནས་སྙན་དུ་བརྒྱུད་དེ་ཀཿཐོག་མཁས་གྲུབ་ནམ་མཁའ་རྡོ་རྗེའི་[117]བར་དུ་འོད་གསལ་རྫོགས་པ་ཆེན་པོ་སེམས་སྡེའི་ལྟ་གྲུབ་འཛིན་པ་ལ་བྱ་སྟེ། ཁོང་གིས་«ཨ་རོ་སྙན་བརྒྱུད་ཀྱི་མན་ངག་»[118]ཅེས་པའི་གཞུང་མཛད་ཅིང་། བརྗོད་བྱའི་ཡང་སྙིང་བླ་མ་བརྒྱུད་པའི་རིམ་པ་དང་། གདམས་པ་དངོས། ཉམས་ལེན་སྤྱིའི་ཆིངས་བཅས་རིམ་པ་གསུམ་གྱིས་གཏན་ལ་ཕབ། དེ་ཡང་ཐོག་མར་སེམས་སྡེའི་བླ་མ་བརྒྱུད་པའི་རིམ་པ་གསུངས་ནས། སྐྱབས་འགྲོ་ལས་བརྩམས་ཏེ་སྔོན་འགྲོ་བློ་སྦྱོང་གི་ཁྲིད། དེ་ནས་རྣལ་འབྱོར་ཀུ་སུ་ལུའི་འཇོག་སྒོམ་དང་། མཁས་པ་པཎྜི་ཏའི་དཔྱད་སྒོམ་གཉིས་ཀྱིས་དངོས་གཞི་ལྟ་སྒོམ་ལམ་གྱི་ཁྲིད། དེ་ནས་འཆི་བ་མི་རྟག་པ་ནས་ཅི་སྣང་ཆོས་ཉིད་ཀྱི་ཀློང་དུ་ཤར་ཞིང་ཀློང་དུ་ཟད་པའི་རྗེས་ཉམས་ལེན་སྤྱིའི་ཆིངས་གསུམ་གྱིས་གཏན་ལ་ཕབ་ཡོད། གཞུང་འདི་ལ་དཔགས་ན་སེམས་སྡེ་སྒོམ་ལུགས་སུ་བཤད་པ་ཡིན་པས་གོང་གཉིས་དང་མི་འདྲ་སྙམ། སྤྱིར་ན་ནམ་མཁའ་རྡོ་རྗེས་སེམས་སྡེ་སྒོམ་ལུགས་གཅིག་པུ་མ་ཡིན་ཏེ། ལྟ་ཐོག་ནས་སྒོམ་པ་འཚོལ་བས་སེམས་སྡེའི་ལྟ་གྲུབ་འཛིན་པའང་ཡིན་ཏེ། ཀཿཐོག་མཁན་པོ་འཇམ་དབྱངས་རྒྱལ་མཚན་(1929-2001 CE)གྱི་«ཟུང་འཇུག་གྲུབ་པའི་ལམ་བཟང་»[119]ལས། ཀཿཐོག་མཁས་གྲུབ་ནམ་མཁའ་རྡོ་རྗེའི་ «སེམས་སྡེའི་པྲ་ཁྲིད་གསལ་བྱེད་སྒྲོན་མེ་» ཡི་ངོ་སྤྲོད་དུ། “བརྒྱུད་པ་དེ་ལས་བྱུང་བའི་མན་ངག་ཁྱད་པར་ཅན་སློབ་དཔོན་དགའ་རབ་རྡོ་རྗེའི་བསམ་གཏན་ཉམས་ཀྱི་སྒྲོན་མ་སོགས་ཀྱི་དགོངས་པ་སེམས་ཀློང་མན་ངག་གཅིག་ཏུ་དྲིལ་བའི་གདམས་ཟབ་ཀཿཐོག་པ་བདེ་གཤེགས་སྤོབས་པ་མཐའ་ཡས་ཀྱི་བཞེད་པ་སྣང་བ་སེམས་མཐར་སོང་བའི་སེམས་སྡེ་ཞེས་སེམས་ཕྱོགས་རྒྱ་མཚོའི་དགོངས་པའི་ཡང་བཅུད་དེ། དེ་ཡང་རང་བཞིན་སྐྱེ་མེད། རོལ་པ་འགགས་མེད། མཚན་ཉིད་དབྱེར་མེད། ངོ་བོ་རང་གྲོལ་གྱི་གཏན་ཚིགས་བཞིས་གཏན་ལ་ཕབ་”[120]ཅེས་སྤྱི་ཆིངས་བཞིས་སེམས་སྡེའི་ལྟ་བ་གཏན་ལ་ཕབ་ཡོད་ཚུལ་གསུངས།

༤༽ ཞྭ་དམར་གྱི་སྙན་བརྒྱུད།

གཞན་ཡང་ཨ་རོ་ཞྭ་དམར་གྱི་སྙན་བརྒྱུད་ནི། ཞྭ་དམར་གཉིས་པ་མཁའ་སྤྱོད་དབང་པོ་(1350 – 1405 CE)ཡི་«སྙིང་པོའི་བདེ་ཁྲིད་»[121]ཅེས་པ་འདིས་སྦྱོར་དངོས་རྗེས་གསུམ་གྱི་ཏིང་ངེ་འཛིན་གྱི་སྒོ་ནས་ལྟ་སྒོམ་ངོ་སྤྲོད་རྒྱས་པར་གསུངས་ཤིང་དེའི་བརྒྱུད་པ་ཡང་“སྙན་བརྒྱུད་རིན་པོ་ཆེའི་ཁྲིད་ཀྱི་མན་ངག་མཁའ་དབྱིངས་སྙིང་པོའི་བདེ་ཁྲིད་ཅེས་དཔལ་མཁའ་སྤྱོད་པས་ཆུ་བོ་གངྒཱ་གསེར་ལྡན་དང་ཉེ་བའི་ལྗོངས་སུ་བྲིས་པའོ། །རྣམ་པར་སྣང་མཛད། གཞོན་ནུ་ཡེ་ཤེས། ཨ་རོ་ཡེ་ཤེས་འབྱུང་གནས། བསོད་ནམས་སྙིང་པོ། དཔལ་ལྡན་དུས་གསུམ་ཤེས་བྱ་ཀུན་མཁྱེན་རིན་ཆེན་ཞེས་བྱ་བ་ནི་ཉེ་བརྒྱུད་དོ། །གཞན་ནི་སྣ་ཚོགས་སོ།།” ཞེས་[122]པ་དང་། «བྱང་སེམས་སྙིང་པོའི་པྲ་ཁྲིད་» [123]ཅེས་ཞྭ་དམར་གཉིས་པ་མཁའ་སྤྱོད་དབང་པོས་གཞུང་ལུགས་ཆེན་མོ་གཉིས་མཛད་ནས་ཨ་རོའི་ལུགས་ཀྱི་རྫོགས་ཆེན་སེམས་སྡེའི་དགོངས་པ་གསལ་བར་བཀྲལ་ཏེ་ཨ་རོའི་སྙན་བརྒྱུད་ཞྭ་དམར་ལུགས་སུ་གྲགས། དེ་བཞིན་དུ་ཞྭ་དམར་མཁའ་སྤྱོད་དབང་པོའི་«བཀའ་རྒྱུད་གསེར་ཕྲེང་»[124]ལས། གཡུང་སྟོན་རྡོ་རྗེ་དཔལ་བཟང་གི་རྣམ་ཐར་ནང་ཨ་རོའི་ལོ་རྒྱུས་དང་བརྒྱུད་རིམ་ཅུང་ཙམ་གསལ།

ཏ ཨ་རོས་རྫོགས་པ་ཆེན་པོའི་དགོངས་པ་འགྲེལ་ཚུལ།

དེ་ལྟར་ཐམས་ཅད་མཁྱེན་པ་ཨ་རོ་ཡེ་ཤེས་འབྱུང་གནས་ཀྱིས་འོད་གསལ་རྫོགས་པ་ཆེན་པོའི་དགོངས་པ་འགྲེལ་ཚུལ་ནི། «ཀློང་ཆེན་ཆོས་འབྱུང་»[125] ལས་བྱུང་བ་ལྟར་ཨོ་རྒྱན་སངས་རྒྱས་གཉིས་པའི་ཞལ་སློབ་བཀའ་ཡི་ཆུ་བོ་བཞི་འདུས་གཉགས་ཛྙཱ་ན་ཀུ་མཱ་ར་ཡི་རྫོགས་པ་ཆེན་པོའི་སེམས་སྡེའི་བརྒྱུད་པ་ལ་ཁམས་ལུགས་དང་། མྱང་ལུགས། རོང་ལུགས་ཞེས་གསུམ་དུ་བྱུང་བ་ལས། དང་པོ་ཁམས་ལུགས་སུ་གྲགས་པ་ཨ་རོ་ཡེ་ཤེས་འབྱུང་གནས་ཀྱིས་འོད་གསལ་རྫོགས་པ་ཆེན་པོའི་དགོངས་པ་ཕྱི་སྐོར་དང་། ནང་སྐོར། གསང་སྐོར། གཟེར་ཀའི་སྐོར། སྡེ་སྐོར། སྤྲུལ་པའི་སྐོར་བཅས་སྐོར་ཚོ་ཆེན་མོ་དྲུག་གིས་གདུལ་བྱའི་ཁམས་དབང་མོས་པ་དང་མཐུན་པའི་ཐེག་པའི་སྤྱི་ཆིངས་ནས་འོད་གསལ་རྫོགས་པ་ཆེན་པོའི་མན་ངག་དམར་ཁྲིད་བར་དུ་གཏན་ལ་ཕབ་པར་མཛད།

ཐ སློབ་ཁྲིད་ཀྱི་ཐབས་ལམ།

༡༽ སྨིན་གྲོལ་བྱེད་པའི་ཐབས་ཚུལ།

དེ་ལྟར་ཨ་རོ་ཡེ་ཤེས་འབྱུང་གནས་ཀྱིས་སློབ་བུ་རྣམས་ལ་ཁམས་དབང་མོས་པ་དང་མཐུན་པར་སློབ་ཁྲིད་གནང་ཚུལ། «ལོ་རྒྱུས་»[126]ལས། “དེ་ནས་སློབ་བུ་གང་དང་གང་ལ་གདམས་ངག་གང་དང་གང་གནང་བ་དང་རྒྱུད་པའི་ཐེམ་ཡིག་གི་ལོ་རྒྱུས་ནི། སློབ་དཔོན་ཆེན་པོ་ཨ་རོ་ཡེ་ཤེས་འབྱུང་གནས་ཀྱིས་དང་པོ་ཡ་ཟི་བོན་སྟོན་ལ་རྒྱལ་ཐབས་སྤྱི་བླུགས་ཀྱི་དབང་ལ་སོགས་པ་དང་པོ་རིག་པ་རྩལ་གྱི་དབང་བསྐུར་ནས། དེའི་ངང་ལ་རིག་པ་བཙན་གྱིས་གཞག་པའི་མན་ངག་གནང༌། དེ་ནས་རྣམ་རྟོག་རྩད་ནས་གཅོད་པ་སྤུ་གྲི་ལྟ་བུའི་མན་ངག་གནང༌། དེ་ནས་རང་བྱུང་གི་ཡེ་ཤེས་མ་ཤར་བ་ཤར་བར་བྱེད་པའི་མན་ངག་གནང༌། དེ་ནས་རྟོགས་པར་བྱེད་པ་ལྟ་བའི་གདམས་ངག་གནང༌། དེ་ནས་ཡེ་ཤེས་ངོས་བཟུང་གནང༌། དེ་ནས་བྱང་ཆུབ་སེམས་གཅོག་གཞག་མ་གནང༌། དེ་ནས་རིན་པོ་ཆེ་ཉམས་ཀྱི་མན་ངག་གནང་ངོ༌། །དེ་ནས་དེ་དག་གི་དཀའ་བ་གཅོད་པར་བྱེད་པ་ལ་དྲི་ལན་བརྒྱད་ཀྱི་གདམ་ངག་དང༌། ཚུལ་བདུན་གྱི་སྒོ་ནས་རྟོགས་པར་བྱེད་པ་དང༌། རིན་པོ་ཆེ་དཀའ་གཅོད་ཀྱི་གདམས་པ་དང༌། རིན་པོ་ཆེ་གཞུང་སྲོང་གི་གདམས་པ་དང༌། རིན་པོ་ཆེ་ཡང་ཞུན་གྱི་གདམས་པ་དང༌། བར་དོའི་གདམས་པ་རྣམས་གནང་བ་ལགས་སོ།།” ཞེས་དང་སྨིན་གྲོལ་གྱི་གོ་རིམ་དང་མཐུན་པར་གསུངས་ཤིང་། གཞན་ཡང་“གདམས་པ་སྐོར་ཆུང་གཅིག་ལ། ཡེ་ཤེས་འཁོར་ལོས་འཇུག་པའི་སྒོ་བསྟན། སངས་རྒྱས་བཞིའི་མན་ངག་གིས་ཆོས་ཉིད་ལམ་དུ་བཀྱེར་བའི་རིམ་པ་བསྟན། ཡེ་ཤེས་བཞིའི་མན་ངག་གིས་ལྟ་བ་བསྟན། ཡེ་ཤེས་སེམས་ལས་བྱུང་བའི་མན་ངག་གིས་སེམས་ཀྱི་ཡོན་ཏན་བསྟན། ངེས་པའི་ཞུས་ལན་རིག་པའི་བསམ་གཏན་གྱིས་ཐེ་ཚོམ་གྱི་གེགས་བསལ། བྱང་སེམས་རྐྱེན་དབང་དུ་མི་གཏོང་བའི་མན་ངག་གིས་སྡུག་བསྔལ་ཆོས་ཉིད་དུ་བསྟན། རིན་པོ་ཐོག་བབས་ཀྱི་མན་ངག་གིས་ཚེ་འདི་ལ་སངས་རྒྱས་ཀྱི་དགོངས་པ་བསྟན།” ཅེས་དམ་པ་ཁོང་གི་སློབ་ཁྲིད་ཀྱི་ཐབས་ལམ་ནི་དེང་གི་རྟོག་འགྲོས་ཙམ་ལ་མགོ་འཁོར་དུ་འཇུག་པ་མ་ཡིན་པར་སེམས་ཅན་གྱི་རྒྱུད་སྨིན་གྲོལ་མྱུར་འགྲུབ་ཀྱིས་ཡ་ཟི་བོན་སྟོན་སོགས་ལ་རྒྱལ་ཐབས་སྤྱི་བླུགས་ཀྱི་དབང་དང་། རིག་པ་རྩལ་གྱི་དབང་བསྐུར་ནས། རིག་པ་བཙན་གྱིས་བཞག་པའི་མན་ངག་སོགས་མན་ངག་ཉི་ཤུ་ཡིས་རྫོགས་པ་ཆེན་པོའི་དགོངས་དོན་རྣམས་སྐར་ཕྲན་བཞིན་དུ་མ་འདྲེས་ཤིང་ཆུ་བོ་བཞིན་དུ་རྒྱུན་མ་ཆད་པར་གནས་པར་མཛད།

༢༽ ཐེག་རིམ་ལམ་ལ་འགོད་པའི་ཐབས་ཚུལ།

གཞན་ཡང་“རྔོག་ལེགས་པའི་ཤེས་རབ་ལ་གདམས་པ་ཇི་ལྟར་གནང་བ་ནི། རྔོག་ལེགས་པའི་སྒྲོན་མ་ལ་གདམས་ངག་དང་སྦྱར་ནས་ཐོག་ཏུ་སྤུངས་པ་ཕྱི་ཚུལ་ལོ། །ནང་ཚུལ་དུ་འཁོར་བར་འཇུག་ལྡོག་གིས་སྣང་སྲིད་འཁོར་འདས་ཀྱི་ཆོས་གཏན་ལ་ཕབ། རིན་པོ་ཆེ་གནད་ཀྱི་སྒྲོན་མས་གང་ཟག་གཅིག་འཚང་རྒྱ་བའི་ཆོས་སུ་བསྟན། རིན་པོ་ཆེ་རང་དབང་གི་ཐུགས་ཀྱི་མན་ངག་གིས་མན་ངག་དཀའ་ཚོམས་ཀྱི་འཕྲང་བསྟན། ས་ཟིན་པ་གསུམ་གྱིས་སྐུ་གསུམ་ངོ་སྤྲད། མན་ངག་ལྕེ་རྡོར་གྱིས་ལ་བཟླ། ཡིག་ཕྲན་སུམ་ཅུ་རྩ་གཉིས་ཀྱིས་རྟོགས་པའི་གདེང་བསྐྱེད་པའོ།།”[127]ཞེས་[128]གཞུང་ལུགས་ཁྲིད་པའི་ཐབས་ལམ་དྲུག་གིས་འཆད་ཁྲིད་མཛད།

༣༽ ལྟ་གྲུབ་རྒྱུན་སྲིང་བའི་ཐབས་ཚུལ།

ཡང་“དྲུམ་[129]ཤིང་ཤེས་རབ་སྨོན་ལམ་[130]ལ་ཇི་ལྟར་གདམས་པའི་ལོ་རྒྱུས་ནི། དང་པོ་སྟོང་ཐུན་བཅོ་བརྒྱད་ཀྱི་གདམས་ངག་གནང༌། སྣང་སྲིད་ཇི་ལྟར་བྱུང་བ་ལ་སྣང་སྲིད་འབྱུང་ལུགས་ཀྱི་སྡེ་སྐོར་གནང༌། གྲུབ་མཐའ་གཏན་ལ་འབེབས་པ་ལ་སྣང་བ་བཅུ་བདུན་གྱི་སྡེ་སྐོར་གནང༌། འཁྲུལ་པ་གཏན་ལ་འབེབས་པ་ལ་ཚད་མ་བརྒྱད་ཀྱི་སྡེ་སྐོར་གནང༌། སེམས་དང་འབྱུང་བ་ཐ་མི་དད་པ་བསྒྲུབ་པ་ལ་འབྱུང་བ་དྲུག་རྩིས་ཀྱི་སྡེ་སྐོར་གནང༌། ལྟ་སྒོམ་སྤྱོད་པ་གསུམ་གཏན་ལ་འབེབས་པ་ལ་དཔེ་དགོངས་དྲུག་གི་སྡེ་སྐོར་གནང་བའོ། །ལྔ་བསྡུས་ཀྱི་སྡེ་སྐོར་ལྔ་ལ། སྦུབས་ལྔ་དང༌། ཀུན་གཞིའི་ལྔའི་སྡེ་ལུས་ལྔ་དང༌། བར་དོ་ལྔའི་སྡེ་སྐོར་དང༌། སེམས་ཉམས་ལྔ་དང༌། རྒྱས་གདབ་ལྔའི་སྡེ་སྐོར་གནང༌། བཞི་བསྡུས་ཀྱི་སྡེ་སྐོར་ལ། སྒྲོན་མ་བཞི་དང༌། བསོད་བཞིའི་སྡེ་སྐོར་གནང༌། གསུམ་བསྡུས་ཀྱི་སྡེ་སྐོར་ལ། སྒོ་གསུམ་གཏན་ལ་དབབ་པ་དང༌། བཅའ་ཐབས་རྣམ་པ་གསུམ་དང༌། སྐུ་གསུམ་གྱི་སྡེ་སྐོར་བསྟན། གཉིས་བསྡུས་ཀྱི་སྡེ་སྐོར་ལ། སྐད་གཅིག་མ་གཉིས་དང༌། སེམས་དང་སྙིང་པོ་དབྱེ་བ་དང༌། སྙིང་པོ་སྣང་ཚུལ་གྱི་སྡེ་སྐོར་དང༌། དངོས་སྣང་དབྱེ་བའི་སྡེ་སྐོར་དང༌། ཕྲ་མོའི་གདམས་པ་ཉི་ཤུ་རྩ་གཅིག་གནས་པ་ལགས་སོ།།”[131] ཞེས་གྲུམ་ཤིང་ཤེས་རབ་སྨོན་ལམ་ལ་སྡེ་སྐོར་བཅུ་དྲུག་སོགས་ཀྱིས་འཆད་ཁྲིད་མཛད།

༤༽ གཞི་ལམ་འབྲས་གསུམ་གྱི་རྨང་གཞི་འདིང་བའི་ཐབས་ཚུལ།

གཞན་ཡང་“ཅོག་རོ་ཟངས་ཀ་མཛོད་ཁུར་ལ་ཇི་ལྟར་གདམས་པའི་ལོ་རྒྱུས་ནི། གཞི་ལམ་འབྲས་བུ་གཏན་ལ་འབེབས་པ་ལ་གཞིའི་དཔེ་ཆུང་བདུན། ལམ་གྱི་དཔེ་ཆུང་བདུན། འབྲས་བུའི་དཔེ་ཆུང་བདུན་གནང༌། འཁྲུལ་བ་གཏན་ལ་འབེབས་པ་ལ་འཁྲུལ་བ་རྩད་གཅོད་གདམས་པ་གནང༌། དགོངས་པ་འཕྲང་གི་གནད་སྟོན་པ་ལ་དཀའ་ཚོམས་བཅུ་བཞིའི་དགོངས་པ་བསྟན། ལྟ་བ་འཇུག་སྒོ་ཉམས་གསུམ་དུ་སྟོན་པ་ལ་ཚིག་དོན་གསལ་བའི་དགོངས་པ་བསྟན། ལྟ་བ་མཉམ་གཞག་སྤྱོད་པ་གསུམ་གྱིས་གཏན་ལ་འབེབས་པ་ལ་གཟེར་ཀ་གནད་བྱུང་གི་གདམས་པ་བསྟན། ལྟ་སྒོམ་སྤྱོད་པ་འབྲས་བུ་བཞི་གཏན་ལ་འབེབས་པ་ལ་ཡི་གེ་མེད་པའི་སྙན་བརྒྱུད་བསྟན། བསྒོམ་དུ་ཡོད་པར་འདོད་པ་ལ་གཟེར་དམིགས་དྲུག་པ་བསྟན། བསྒོམ་དུ་མེད་པར་འདོད་པ་ལ་འཕྲུལ་ཡི་གེ་བཞི་སྐོར་བསྟན། ལམ་བར་དོ་གཅོད་པ་ལ་བར་དོ་བཞིའི་གདམས་པ་བསྟན། ཆོས་ཉིད་བརྡ་ཡིས་མཚོན་པ་ལ་གྱད་ཁམས་འཕྲུལ་གྱི་ལྡེ་མིག་བསྟན། འཁོར་བ་འཇུག་ལྡོག་གི་གནད་སྟོན་པ་ལ་གསང་ཚུལ་ཉི་མའི་སྒྲོན་མ་བསྟན། ཉོན་མོངས་པའི་སྒྲིབ་པ་གཅོད་པ་ལ་རིག་པ་རྐྱང་འདེད་ཀྱི་གདམས་ངག་བསྟན། ཤེས་བྱའི་སྒྲིབ་པ་གཅོད་པ་ལ་ལྟ་བའི་ལྡེ་མིག་ལ་སོགས་པ་བསྟན་པ་ལགས་སོ།།” ཞེས་ཅོག་རོ་ཟངས་ཀ་མཛོད་ཁུར་ལ་གཞི་ལམ་འབྲས་བུ་བཅོ་ལྔས་འཆད་ཁྲིད་མཛད་ཅིང་། འདི་དག་ནི་གདུལ་བྱའི་ཁམས་དབང་མོས་པ་སོ་སོའི་བྱེ་བྲག་ལ་དམིགས་ཏེ་འཆད་ཁྲིད་གནང་ཚུལ་གསལ་པོ་བྱུང་།

༥༽ ལྟ་སྒོམ་སྤྱོད་གསུམ་གྱི་དགོངས་པ་འགྲེལ་བའི་ཐབས་ཚུལ།

གཞན་ཡང་ཐུན་མོང་སྤྱི་ལ་འཆད་ཁྲིད་གནང་ཚུལ་ནི་«ལོ་རྒྱུས་»[132]ལས། “སྤྱིར་ཡི་གེ་རིགས་ཀྱི་གདམས་པ་སྡེ་ཚན་རྣམ་པ་བཞིར་འདུས་ཏེ། རྒྱ་ཆེ་བ་སེམས་སྡེའི་སྐོར་དང༌། ཉམས་སུ་ལེན་པ་བསམ་གཏན་གྱི་སྡེ་དང༌། ཟབ་པ་ལྡེ་མིག་སྐོར་དང༌། དཀའ་བ་གཅོད་པ་སྒྲོན་མའི་སྐོར་རོ།།” ཞེས་དགོངས་འགྲེལ་གྱི་བསྟན་བཅོས་སྐོར་ཚོ་ཆེན་པོ་གསུམ་དུ་ཕྱེ་ནས་མཛད་ཅིང་དེའི་སྟེང་ནས་ལྟ་སྒོམ་སྤྱོད་གསུམ་དགོངས་དོན་འཆད་ཁྲིད་མཛད་དེ་རང་གིས་མདོ་སྔགས་ཀྱི་གནད་གསང་མ་ལུས་པ་ཐུགས་སུ་ཆུད་ཅིང་འགྲོ་བ་རྣམས་སྨིན་གྲོལ་ལ་བཀོད་དོ། །མདོར་ན་ཐུན་མོང་དང་ཐུན་མིན་གྱི་གདུལ་བྱའི་ཁམས་དབང་མོས་པ་ལ་གཟིགས་ནས་བཀའ་ཁྲིད་སྣ་ཚོགས་གསུངས་ཤིང་། དེ་ཡང་འདི་ཐབས་ཚུལ་རེ་རེ་བཞིན་དུ་བསྟན་བཅོས་ཀྱི་དགོངས་འགྲེལ་ཆེན་པོ་རེ་ཡིན་མི་སྲིད་པའང་མ་ཡིན་ལ། «ལོ་རྒྱུས་»ནང་འདི་ལྟར་བྱུང་ཡང་དེ་བཞིན་དུ་དོན་དངོས་སྟེང་ཡིན་མིན་དུས་ཚིགས་ལ་བཅལ་ནས་ཞིབ་སྡུར་བྱེད་རྒྱུའང་ཧ་ཅང་མང་བར་སྣང་། གཅིག་བྱས་ན་ཐབས་ཚུལ་འདི་དག་ཨ་རོས་གསུངས་ཤིང་སློབ་བརྒྱུད་རྣམས་ཀྱིས་རིམ་པར་སྤེལ་བ་ཞིག་ཀྱང་ཡིན་སྲིད། གང་ལྟར་ཐབས་ཚུལ་འདི་དག་ལ་ཞིབ་དཔྱོད་བྱེད་དགོས་ཤིང་བྱས་ན་ཞིབ་འཇུག་གི་གྲུབ་དོན་ཡང་རིན་བྲལ་བདེན་དོན་རྙེད་ངེས་ཡིན་སྙམ་དུ་ཡིད་ཆེས་ཀྱང་སྐྱེ།

ད ཆོས་ཉིད་མཉམ་པ་ཉིད་ཀྱི་ངང་དུ་སངས་རྒྱས་ཚུལ།

དེ་ལྟར་མཐར་སྐྱེས་བུ་ཆེན་པོ་ཁོང་སྐུ་གཤེགས་ཚུལ་མཐོང་སྣང་མི་འདྲ་བ་འབྱུང་སྟེ། «ལོ་རྒྱུས་»[133]ལས་གསུངས་དོན། སྐུ་གང་དུ་གཤེགས་ཤིང་ཇི་ལྟར་གཤེགས་པའི་ཚུལ་ནི། སློབ་དཔོན་ཉིད་ཀྱིས། གྲུམ་ཤིང་[134]དང་རྔོག་ལེགས་པའི་ཤེས་རབ་[135]ལ་ང་འདི་ནས་ཤི་འཕོས་ཏེ་རབ་དགའི་འཇིག་རྟེན་གྱི་ཁམས་སུ་ད་ལྟའི་ཀུན་རྫོབ་ཀྱི་མིང་འདི་ཉིད་ཉེ་བའི་བཟུང་སྟེ་ཡེ་ཤེས་འབྱུང་གནས་འོད་[136]ཅེས་བྱ་བར་འཚང་རྒྱ་བར་འགྱུར་གསུངས། གཞན་ཡང་ཁམས་ཀྱི་ལེང་ཏ་ཕུག་ཏུ་ཕུང་པོ་ལྷག་མ་མེད་པར་ཀུན་ཏུ་བཟང་པོའི་ངང་དུ་སངས་རྒྱས་པ་ཡིན་ཞེས་ཡ་ཟི་བོན་སྟོན་ལ་སོགས་པ་ཁམས་ཀྱི་སློབ་མ་རྣམས་ཀྱིས་གསུངས། ཟངས་ཀ་མཛོད་ཁུར་གྱི་ངའི་འཕྲེན་གྱི་བྲག་ཕུག་ཏུ་རྡོ་རྗེ་སེམས་དཔའ་དང་གཉིས་སུ་མེད་པར་སངས་རྒྱས་ནས་ད་ལྟ་ཡང་སྤྲུལ་པས་སེམས་ཅན་གྱི་དོན་སྣ་ཚོགས་མཛད་དེ་བཞུགས་གསུངས། མདོར་ན་སློབ་མ་རྣམས་ཀྱིས་གཟིགས་སྣང་མི་འདྲ་བ་བྱུང་རུང་རྒྱུད་ཐ་དད་མེད་པ་ལ་སྤྲུལ་པ་སོ་སོར་སྣང་བ་ཡིན་པས་གང་དུ་མཐོང་ཡང་འགལ་བ་མེད་ཅིང་། དོན་ལ་ཆོས་ཉིད་མཉམ་པ་ཉིད་ཀྱི་ངང་དུ་སངས་རྒྱས་པ་ཡིན་པར་བཞེད། རུ་སྙན་ཆེན་བཞིན་དུ་རིག་འཛིན་གྱི་ས་ལ་དངོས་སུ་སྣང་བ་ཡང་མ་ལགས། རུ་པད་མ་བཞིན་དུ་ཕུང་པོ་ལྷག་མ་དང་བཅས་པ་ཡང་མ་ཡིན་ཞེས་མཐོང་སྣང་མི་འདྲ་བ་བྱུང་བ་དོན་ལ་མི་འགལ་བའི་ཚུལ་བསྟན།

སླར་སྨྲས་པ།

དེ་ལྟར་ཨ་རོ་ལུགས་ཞེས་སྲོལ་འབྱེད་ཡེ་ཤེས་འབྱུང་གནས་ཀྱི།།
རྣམ་ཐར་གཞུང་ལུགས་བརྒྱུད་རིམ་འགྲེལ་ཚུལ་རྣམ་གཞག་བཞི་པོ་རུ།།
དུམ་བུ་བཅུ་གཅིག་ལམ་ནས་གླེང་སློང་བྱས་པའི་དགེ་བ་འདིས།།
ཐམས་ཅད་མཁྱེན་པའི་དགོངས་དོན་རྟོགས་ཤིང་རྒྱལ་བསྟན་ཡུན་གནས་ཤོག།

ཅེས་པ་ཡིག་རྙིང་འགའ་ཞིག་གིས་རྐྱེན་བྱས་ཏེ་འདིའི་སྐོར་གླེང་རྒྱུར་ཤིན་ཏུ་ནས་གལ་ཆེ་བར་མཐོང་སྟེ་བོད་རབ་རྒྱན་ཆུ་ཕོ་སྟག ཐ་སྐར་ཟླ་བའི་ཚེས་ཉི་ཤུ་རྩ་གཉིས་རྒྱལ་བ་ལྷ་ལས་འབབ་པའི་དུས་བཟང་ཁྱད་པར་ཅན་ལ་དབུ་བཙུགས་ནས་སྨིན་དྲུག་ཟླ་བའི་ཚེས་ཉི་ཤུ་རྩ་བརྒྱད་ཀྱི་བར་ཡུལ་གྱར་པ་འཆི་མེད་རིག་འཛིན་གྱིས་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི་དྲུང་ཡིག་གི་ལས་ཀའི་དབང་གིས་བྲེལ་ཟིང་ངང་བྲིས་ཏེ་ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༢༨ ལ་གྲུབ་པ་དེར་ཕྱི་ལོ་ ༢༠༢༣ ཟླ་ ༠༩ ཚེས་ ༡༦ རེ་གཟའ་སྤེན་པའི་ཉིན་ནས་དབྱར་གྱི་གུང་སེང་དང་སྟབས་བསྟུན་ནས་སླར་ཡང་བསྐྱར་ཞིབ་ཀྱིས་ཚེས་ ༢༤ ལ་ཡབ་རྗེ་གྲུབ་དབང་བླ་མའི་གདན་ས་ཆེན་མོ་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་དུ་རང་ཤག་སྡེ་གསུམ་ཀློང་དགུའི་ཆོས་མཛོད་ཁང་དུ་དགེ་ལེགས་ངང་གྲུབ།


[1]  ཉག་རོང་བཀའ་མ། སེམས་སྡེའི་དགོངས་འགྲེལ་སྐོར། པོད་ཏེ་པ་ ༩༩། ཨ་རོ་ཡེ་ཤེས་འབྱུང་གནས། «ཨ་རོ་ཡེ་ཤེས་འབྱུང་གནས་ཀྱི་ལོ་རྒྱུས།»(ཤོག་གྲངས་ ༢ བ ༦)ལོ་རྒྱུས་འདི་ཧ་ཅང་གིས་རྙོག་འཛིང་ཅན་ཞིག་ཡིན་རུང་དཔྱད་གཞིའི་རྒྱུ་ཆ་འདིའི་སྟེང་ནས་དགོས་མཁོ་ཅན་མང་དུ་རྙེད་སྲིད་པས་འདིར་འགོད་དོ།།

[2]  ལོ་ཆེན་བཻ་རོ་ཙ་ན་ནི་སྤུར་རྒྱལ་སོ་དགུ་པ་ཁྲི་སྲོང་ལྡེ་བཙན་(742-797 CE)སྐབས་ཀྱི་ལོ་ཙཱ་བ་ཡིན།

[3]  འདི་ལ་“གཉགས་”དང་། “ཉགས་” “སྙགས་”སོགས་འབྲི་ཚུལ་མང་དུ་བྱུང་རུང་གཞུང་ཚིག་རྣམས་མ་བཅོས་པར་བཞག་ཡོད། གཉགས་ཞེས་པ་ནི་རུས་རྒྱུད་ཀྱི་མིང་ཡིན།

[4]  [BDRC: W7972] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཉང་རལ་ཉི་མ་འོད་ཟེར། «ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།»(སྔ་འགྱུར་རྙིང་མའི་གྲུབ་མཐའ་བྱུང་ཚུལ། pp. 491n7)

[5] སྲོང་བཙན་དཔེ་མཛོད། འབྲི་གུང་ཆེ་ཚང་བསྟན་འཛིན་འཕྲིན་ལས་ལྷུན་གྲུབ། «ཏུན་ཧོང་བོད་ཀྱི་ཡིག་རྙིང་ལས་བྱུང་བ། བོད་བཙན་པོའི་རྒྱལ་རབས་»(ཤོག་གྲངས་ PP. 403n4.)

[6] མི་རིགས་དཔེ་སྐྲུན་ཁང་། ལྷ་མཆོག་རྒྱལ་དང་ཡུལ་ལྷ་ཐར་གྱིས་སྒྲིག་རྩོམ་བྱས། «དུས་རབས་རིམ་བྱུང་གི་གངས་ལྗོངས་ལོ་ཙཱ་བ་དང་འཕགས་ཡུལ་པཎྜིཏའི་རྣམ་ཐར་ཕྱོགས་བསྒྲིགས་»(ཤོག་གྲངས་ PP. 271b10)ལ་ཁོང་གི་རྣམ་ཐར་བཞུགས།

[7] «དུས་རབས་རིམ་བྱུང་གི་གངས་ལྗོངས་ལོ་ཙཱ་བ་དང་འཕགས་ཡུལ་པཎྜི་ཏའི་རྣམ་ཐར་ཕྱོགས་བསྒྲིགས་»(ཤོག་གྲངས་ PP. 148b23)ལ་ཁོང་གི་རྣམ་ཐར་བཞུགས།

[8] སྲོང་བཙན་དཔེ་མཛོད། འབྲི་གུང་ཆེ་ཚང་བསྟན་འཛིན་འཕྲིན་ལས་ལྷུན་གྲུབ། «ཏུན་ཧོང་བོད་ཀྱི་ཡིག་རྙིང་ལས་བྱུང་བ། བོད་བཙན་པོའི་རྒྱལ་རབས་» (སངས་རྒྱས་ཀྱི་བསྟན་པའི་རྩ་བ་ཚུགས་པ། ཤོག་གྲངས་ PP. 429n20.)ལས། “དེ་བཞིན་སྐབས་དེར་སད་མི་བདུན། (༦༩༤)མཁན་ཆེན་ཞི་བ་འཚོའི་དྲུང་དུ་རབ་ཏུ་བྱུང་བ་ཡང་། བོད་དུ་རབ་བྱུང་གི་སྡེ་ཐོག་མ་དེ་ཡིན་”ཞེས་ཕྱི་ལོ་(694)ལོར་མཁན་ཆེན་གྱིས་རབ་བྱུང་གི་སྡོམ་པ་ཐོག་མར་གནང་བར་གསུངས་ཀྱང་དེ་ནི་ཡིག་ནོར་ཡིན་ནམ་སྙམ་སྟེ། ཁྲི་སྲོང་ལྡེའུ་བཙན་(742-797 CE)སྐུ་མ་འཁྲུངས་གོང་ལོ་བཞི་བཅུ་ཞེ་བརྒྱད་(48)ནས་མཁན་ཆེན་བོད་དུ་བྱོན་ནས་རབ་བྱུང་བསྒྲུབས་པའི་ཕྱིར། དེས་ན་ཕྱི་ལོ་(794)ཡིན་སྙམ་སྟེ་ཆོས་རྒྱལ་སྐུ་མ་གཤེགས་པའི་གོང་དུ་ལོ་གསུམ་པར་རབ་བྱུང་གི་སྡོམ་པ་ཐོག་མ་གནང་བ་ཡིན་ན་དེ་དུས་གཉགས་ཛྙཱ་ན་ཀུ་མ་ར་ཉུང་མཐའ་ལའང་དགུང་ལོ་བཅུའམ་ཉི་ཤུ་ཡིན་དགོས། གལ་སྲིད་ཕྱི་ལོ་(794)འདི་ལོར་སྡོམ་པ་གནང་བ་ཡིན་ན་བསམ་ཡས་བཞེངས་ལོ་ཕྱི་ལོ་(762) ནས་མཁན་ཆེན་བོད་དུ་ཕེབས་ཡོད་པས་བོད་དུ་མཁན་ཆེན་མི་ལོ་སུམ་ཅུ་སོ་གཉིས་ལྷག་བཞུགས་ཡོད་པར་ཤེས། གཅིག་བྱས་ན་ཆོས་རྒྱལ་དགུང་ལོ་ཉེར་གཉིས་པ་ཕྱི་ལོ་(764)ལོར་མཁན་ཆེན་གྱིས་སྡོམ་པ་གསར་དུ་གནང་བ་ཡིན་སྲིད་ཅིང་གཞུང་གི་འགྲོས་ལ་བལྟས་ནའང་འདི་ཡིན་པ་ལྟ་བུར་མངོན།

[9]  སྤྱིར་ཁོང་གི་འཁྲུངས་འདས་དང་རབ་ཏུ་བྱུང་བའི་དུས་སོགས་ལའང་བོད་ཀྱི་ཡིག་ཚང་རྣམས་སུ་ཡ་མ་བརླ་ཡིས་བཤད་པ་མང་དུ་སྣང་ཡང་། འཁྲུངས་ལོར་གཙོ་ཆེ་བ་གསུམ་སྟེ། ཕྱི་ལོ་(832 CE) དང་(892 CE) (952 CE)བཅས་ཡིན་ཞིང་དགུང་ལོ་གྱ་བཞིར་བཞུགས་པ་ཕལ་མོ་ཆེ་མཐུན་པར་སྣང་།

[10] དམ་ཆོས་འདུལ་བའི་ཕྱག་བཞེས་ལྟར་བསྙེན་རྫོགས་ཀྱི་སྡོམ་པ་འབོག་མཁན་ཞིག་ལ་ལོ་གྲངས་སོགས་ཀྱི་ཁྲིམས་སྒྲིག་དག་ལས་ཤེས།

[11]  ལོ་རྒྱུས་ཡིག་ཆ་རྣམས་ལས་བྱུང་བར་གཞིགས་ཏེ་གླེང་སློང་ཙམ་དུ་བཤད་པ་ལས་ད་དུང་དན་རྟགས་ཅན་གྱི་འཁྲུངས་འདས་ལོ་ཚིགས་འདི་ཡིན་ཞེས་པ་མིན་ནོ།།

[12] འབྲས་སྤུངས་དགའ་ལྡན་ཕོ་བྲང་གི་ཤིང་པར། པོད་ཙ་པ་ ༡༧། གསུང་འབུམ། རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ་(1617-1682)«སྐུ་གསུང་ཐུགས་རྟེན་གསར་བཞེངས་རིན་པོ་ཆེའི་མཆོད་རྫས་ཁང་བཟང་གི་དཀར་ཆག་དང་ཐམ་ཕུ་དེབ་ཁྲིམས་ཡིག་འགོ་རྒྱངས་སྡེ་བཞིའི་སྒོ་འཕར་ཕྱེ་བའི་སྐལ་བཟང་» (རིགས་ཀུན་ཁྱབ་བདག་སྤྲུལ་སྐུ་རིག་འཛིན་ཆེན་པོ་ཆོས་རྒྱལ་གཏེར་བདག་གླིང་པས་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་ངེས་དོན་དགའ་བའི་ཚལ་གྱི་བསྟི་གནས་གྲ་ཕྱི་ཐར་པ་གླིང་དུ་དྲི་གཙང་ཁང་ཤག་སྐོར་སྐུ་གསུང་ཐུགས་རྟེན་དང་བཅས་པ་ལེགས་པར་བསྐྲུན་པའི་དཀར་ཆག་ངོ་མཚར་རྒྱ་མཚོ། ཤོག་གྲངས་ ༢༢༥ ན ༦)ལས། “ཨ་རོ་ཡེ་ཤེས་འབྱུང་གནས་ཀྱི་སློབ་མ། ཅོག་རོ་ཟངས་དཀར་མཛོད་ཕུར། དེས་རྔོག་ལེགས་པའི་ཤེས་རབ། དེས་དགེ་སློང་ཆོས་ཀྱིས་ཤེས་རབ། པོ་ཏོ་བ་རིན་ཆེན་གསལ། དེའི་སློབ་མ་གྲྭ་པ་བྲག་དཀར་བ་སོགས་ཆེས་མང་བས་རྫོགས་ཆེན་སྙན་བརྒྱུད་ལ་ཐོས་བསམ་སྒོམ་གསུམ་མཛད།” ཅེས་ཅོག་རོ་ཟངས་དཀར་རྔོག་ལེགས་པའི་ཤེས་རབ་(1059-1109 CE)ཀྱི་བླ་མ་ཡིན་པར་གསུངས་ཀྱང་འདི་དག་ལ་དོགས་གཞི་དང་དཔྱད་གཞི་ཤིན་ཏུ་ནས་ཆེ།

[13] སྔ་འགྱུར་རྙིང་མའི་ཞིབ་འཇུག་ལྟེ་གནས་ཁང་། མཁན་པོ་བཀྲ་ཤིས་རྡོ་རྗེ་དང་། མཁན་པོ་ཨོ་རྒྱན་རིག་འཛིན། མཁན་པོ་དཔལ་བཟང་དར་རྒྱས། སློབ་དཔོན་མ་ཀརྨ་དབྱངས་ཅན་བཞིའི་ཞིབ་འཇུག་ཆེད་དེབ་«སྣང་བ་ལྷར་སྒྲུབ་པའི་ཚུལ་ལ་བརྟག་པ་»(རོང་ཟོམ་ཆོས་ཀྱི་བཟང་པོའི་མཛད་རྣམ། རོང་ཟོམ་དང་འབྲེལ་བའི་མི་སྣ། ཤོག་གྲངས་ PP. 54b15) ལས་ཡ་ཟི་བོན་སྟོན་དང་། དེ་བཞིན་དུ་ PP. 55n15)ལས་རིམ་པར་ཅོག་རོ་ཟངས་དཀར་མཛོད་ཁུར། PP. 56b10)ལས་རྫོགས་ཆེན་ཁམས་ལུགས་ཨ་རོའི་ལོ་རྒྱུས་«དེབ་སྔོན་»དང་། «མཁས་པའི་དགའ་སྟོན་»སོགས་ཡིག་ཆར་རྗེས་འདེད་ཙམ་ལས་དཔྱད་ཞིབ་གང་ཡང་མི་སྣང་།

[14] ཞིབ་འཇུག་ཆེད་དེབ་«སྣང་བ་ལྷར་སྒྲུབ་པའི་ཚུལ་ལ་བརྟག་པ་» (རོང་ཟོམ་ཆོས་ཀྱི་བཟང་པོའི་མཛད་རྣམ། རོང་ཟོམ་དང་འབྲེལ་བའི་མི་སྣ། ཤོག་གྲངས་ PP. 18b16)ལས་བྱུང་བའི་ལོ་ཚིགས་དེ་ཏག་ཏག་ཡིན་ན་ཨ་རོ་དང་རོང་ཟོམ་བར་མི་ཐོག་གཅིག་ལས་མེད་པས་ད་དུང་དོགས་སེལ་དང་ཞིབ་དཔྱད་བྱ་རྒྱུ་མང་།

[15] སྔ་འགྱུར་རྙིང་མའི་ཞིབ་འཇུག་ལྟེ་གནས་ཁང་། མཁན་པོ་བཀྲ་ཤིས་རྡོ་རྗེ་དང་། མཁན་པོ་ཨོ་རྒྱན་རིག་འཛིན། མཁན་པོ་དཔལ་བཟང་དར་རྒྱས། སློབ་དཔོན་མ་ཀརྨ་དབྱངས་ཅན་བཞིའི་ཞིབ་འཇུག་ཆེད་དེབ་«སྣང་བ་ལྷར་སྒྲུབ་པའི་ཚུལ་ལ་བརྟག་པ་» (རོང་ཟོམ་ཆོས་ཀྱི་བཟང་པོའི་མཛད་རྣམ། རོང་ཟོམ་དང་འབྲེལ་བའི་མི་སྣ། ཤོག་གྲངས་ PP. 54b15).(PP. 55n15).(PP. 56b10).

[16] ལྡི་ལི་པར་མ། བོད་ཀྱི་གཙུག་ལག་གཅེས་བཏུས་པོད་ཕྲེང་ ༣༢། མཁས་པ་ལྡེའུ། «རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ་» (ཤོག་གྲངས་ PP 205n9)ཆོས་འབྱུང་འདི་ཕྱི་ལོ་ ༡༩༨༧ ཟླ་ ༠༦ པའི་ནང་བོད་ལྗོངས་ཤིན་ཧྭ་དཔར་འདེབས་བཟོ་གྲྭ་ནས་དཔར་པའི་གླེང་བརྗོད་དུ་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱིས་ཕྱི་ལོ་ ༡༩༨༧ ལོའི་ཟླ་ ༠༣ ཚེས་ ༢༠ ཉིན་བྲིས་པ་དང་། དེ་བཞིན་དུ་ཕྱི་ལོ་ ༢༠༡༣ ལྡི་ལིར་བོད་ཀྱི་གཙུག་ལག་གཅེས་བཏུས་པོད་ཕྲེང་ ༣༢ པ་དཔར་པའི་སྔོན་གླེང་ངོ་སྤྲོད་གླང་རི་བ་ལྷ་རམས་ཐུབ་བསྟན་སྦྱིན་པས་ཕྱི་ལོ་ ༢༠༡༣ ལོར་བྲིས་པར་ལས་ཆོས་འབྱུང་འདིའི་ལོ་རྒྱུས་བྱུང་རིམ་རྣམས་གསལ།

[17] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཉང་རལ་ཉི་མ་འོད་ཟེར། «ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་» (སྔ་འགྱུར་རྙིང་མའི་གྲུབ་མཐའ་བྱུང་ཚུལ། PP. 491n7)ཆོས་འབྱུང་འདིའི་ལོ་རྒྱུས་མཛད་པ་པོའི་རྣམ་ཐར་བཅས་ཉན་ཤུལ་མཁྱེན་རབ་འོད་གསལ་གྱིས་བྲིས་པ་ཞིག་དཔེ་དེབ་འདིའི་སྔོན་གླེང་དུ་(ཤོག་གྲངས་ PP. 1-11)བར་དུ་བཞུགས།

[18] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། རྒྱལ་སྲས་ཐུགས་མཆོག་རྩལ། «ཆོས་འབྱུང་རིན་པོ་ཆེའི་གཏེར་མཛོད་བསྟན་པ་གསལ་བར་བྱེད་པའི་ཉི་འོད་»(སྔ་འགྱུར་དུ་གྲགས་པའི་རྙིང་མའི་བབས་ཚུལ། ཤོག་གྲངས་ PP. 393n18)ཆོས་འབྱུང་འདི་ཕྱི་ལོ་ 1991 ཟླ་ 06 པའི་ནང་བོད་ལྗོངས་ཤིན་ཧྭ་དཔར་འདེབས་བཟོ་གྲྭ་ནས་དཔར་པའི་གླེང་བརྗོད་དང་དཔེ་སྐྲུན་གསལ་བཤད་དུ་བུ་བྱུང་དབང་འདུས་ཀྱིས་ཕྱི་ལོ་ 1991 ལོའི་ཟླ་ 06 ལ་བྲིས་པ་དང་། དེ་བཞིན་དུ་མཁན་པོ་ཆོས་འཕེལ་ནོར་བུ་དང་། མཁན་པོ་སྐལ་བཟང་དོན་གྲུབ། སློབ་དཔོན་ཨོ་རྒྱན་ཕུན་ཚོགས། སློབ་དཔོན་མ་པདྨ་ཆོས་སྐྱིད་བཞིའི་ཞིབ་འཇུག་ཆེད་དེབ་«བི་མ་ལ་མི་ཏྲའི་མཛད་རྗེས་ཉུལ་བ་» (བི་མ་ལ་མི་ཏྲའི་རྣམ་ཐར་ལ་དཔྱད་པ། ༡། ཤོག་གྲངས་ PP. 71n19)སྐབས་ཀྱི་ཞབས་མཆན་བཞི་པའི་ནང་ཆོས་འབྱུང་སུས་མཛད་མིན་དང་ལོ་རྒྱུས་བྱུང་རིམ་རྣམས་ལ་དཔྱད་ཞིབ་ལྡན་པའི་ངོ་སྤྲོད་བཞུགས།

[19] ཀུན་བདེ་གླིང་བླ་བྲང་གི་ཤིང་པར། འགོས་ལོ་གཞོན་ནུ་དཔལ། «དེབ་ཐེར་སྔོན་པོ་»(དུམ་བུ་གསུམ་པ་གསང་སྔགས་སྔ་འགྱུར་གྱི་སྐབས་ལས། རོང་ཟོམ་ཆོས་ཀྱི་བཟང་པོའི་ལོ་རྒྱུས་ཀྱི་སྐབས། ཤོག་གྲངས་ ༣༠ བ ༣)

[20]  ལྷོ་བྲག་གཞིས་ཁའི་ཤིང་པར། དཔའ་བོ་གཙུག་ལག་ཕྲེང་བ། «ཆོས་འབྱུང་མཁས་པའི་དགའ་སྟོན་» (བཀའ་གདམས་ཆོས་བྱུང་ལེའུ་ ༦། ཤོག་གྲངས་ ༣༣ བ ༦)

[21] ཁོང་གི་རྣམ་ཐར། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། བསྟན་འཛིན་ཀུན་བཟང་ལུང་རྟོགས་བསྟན་པའི་ཉི་མ། «སྔ་འགྱུར་རྫོགས་ཆེན་ཆོས་འབྱུང་ཆེན་མོ་» (མཁས་མཆོག་གུ་རུ་བཀྲ་ཤིས་ ༢༧། ཤོག་གྲངས་ PP. 553n10)ལས་བྱུང་དོན། “རྫོགས་ཆེན་གསུམ་པ་ངེས་དོན་བསྟན་འཛིན་བཟང་པོ་དང་ཉི་སྤྲུལ་གཉིས་པ་པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱི་ཞལ་སློབ་མཁས་མཆོག་གུ་རུ་བཀྲ་ཤིས་ནི། བོད་རབ་བྱུང་བཅུ་གསུམ་པའི་མགོར་གངས་ཅན་བོད་ཀྱི་ཤར་ཕྱོགས་མདོ་ཁམས་སྒང་དྲུག་གི་ནང་གསེས་འབྲི་རྫ་ཟལ་མོ་སྒང་གི་ཆར་གཏོགས་འཛིང་སྟག་མོ་སྒང་དུ་སྐུ་འཁྲུངས། སྐུ་གཞོན་དུས་ནས་རབ་ཏུ་བྱུང་བའི་མཚན་ལ་ངག་དབང་བློ་གྲོས་སུ་གསོལ། ཐུབ་བསྟན་སྟག་མོ་སྒང་སྐལ་བཟང་ཕུན་ཚོགས་གླིང་དུ་ཚོགས་ཞུགས་མཛད་ནས་ཡི་གེ་འབྲི་ཀློག་ལ་སློབ་སྦྱོང་གནང༌།” ཞེས་སོགས་ལས་འཁྲུངས་འདས་ལོ་ཚིགས་མི་གསལ་ལ་མ་རྙེད་ཀྱང་དུས་རབས་བཅོ་བརྒྱད་ཀྱི་སྨད་དང་བཅུ་དགུ་པའི་དཀྱུས་བར་དུ་བྱོན་པའི་སྔ་འགྱུར་བའི་མཁས་པ་ཞིག་ཡིན་ཏེ། མཁན་པོ་ཆོས་འཕེལ་ནོར་བུ་དང་། མཁན་པོ་སྐལ་བཟང་དོན་གྲུབ། སློབ་དཔོན་ཨོ་རྒྱན་ཕུན་ཚོགས། སློབ་དཔོན་མ་པདྨ་ཆོས་སྐྱིད་བཞིའི་ཞིབ་འཇུག་ཆེད་དེབ་«བི་མ་ལ་མི་ཏྲའི་མཛད་རྗེས་ཉུལ་བ་» (བི་མ་ལ་མི་ཏྲའི་རྣམ་ཐར་ལ་དཔྱད་པ་ ༡། ཤོག་གྲངས་ PP. 19n22)སྐབས་ཀྱི་ཞབས་མཆན་ལྔ་པའི་ནང་ཆོས་འབྱུང་མཛད་པའི་ལོ་ཚིགས་ལ་དཔྱད་ཞིབ་སྐབས་སུ་གསལ།

[22] མཚོ་སྔོན་མི་རིགས་པར་འདེབས་བཟོ་གྲྭ། སྟག་སྒང་མཁས་མཆོག་ངག་དབང་བློ་གྲོས། «བསྟན་པའི་སྙིང་པོ་གསང་ཆེན་སྔ་འགྱུར་ངེས་དོན་ཟབ་མོའི་ཆོས་ཀྱི་བྱུང་བ་གསལ་བར་བྱེད་པའི་ལེགས་བཤད་མཁས་པ་དགའ་བྱེད་ངོ་མཚར་གཏམ་གྱི་རོལ་མཚོ་» (སྤྱི་དོན་གསུམ་པ། གསང་ཆེན་རྙིང་མའི་བཀའ་མའི་ཕྱོགས་ལས་དངོས་གྲུབ་བརྙེས་ཤིང་བཤད་སྒྲུབ་ཀྱི་བྱ་བ་བྱེད་པའི་སྐྱེས་བུ་དམ་པ་རྣམས་བྱོན་ཚུལ་བརྗོད་པ་ལས། ཨ་རོའི་ལུགས་སུ་གྲགས་པའི་སེམས་སྡེའི་བརྒྱུད་ཚུལ། ཤོག་གྲངས་ PP. 199n12)ཆོས་འབྱུང་འདིའི་ངོ་སྤྲོད་ཕྱི་ལོ་ ༡༩༨༩ ལོར་དཔེ་སྐྲུན་གསལ་བཤད་ནང་གསལ།

[23] ཁོང་གི་འཁྲུངས་འདས་མི་གསལ་ཡང་གྲུབ་ཆེན་ནཱ་རོ་པའི་(1012~1016-1100 CE)སློབ་མ་ཡིན་པས་མར་པ་ཆོས་ཀྱི་བློ་གྲོས་(1012-1097 CE)དང་དུས་མཉམ་ཡིན་ཞིང་འཁོན་དཀོན་མཆོག་རྒྱལ་པོ་(1034-1102 CE)ཡི་བླ་མ་ཡིན་པར་དཔགས་ན་དུས་རབས་བཅུ་གཅིག་པར་བྱོན་པའི་གང་ཟག་ཅིག་ཡིན།

[24] ཨ་མཆོག་དགོན་དགའ་ལྡན་ཆོས་འཁོར་གླིང་གི་ཤིང་པར། འགོས་ལོ་ཙཱ་བ་ཁུག་པ་ལྷས་བཙས། «འགོས་ཁུག་པ་ལྷས་བཙས་ཀྱི་སྔགས་ལོག་སུན་འབྱིན་» ཤོག་གྲངས་ ༡༡ བ ༢) “ཨ་རོ་ཡི་འབྱུང་གིས་བྱས་པའི་སེམས་ཕྱོགས་ལྔའི་འགྲེལ་པ་སེམས་ཉམས་ཆེ་ཆུང་དང་། དར་ཆེན་རྗེ་དཔལ་གྱི་གྲགས་པས་བྱས་པའི་ཆོས་ལ་དགོངས་འདུས་དང་། ཀུན་འདུས་དང་རྒྱལ་པོའི་ཆོས་ལྔ་སྟེ་དྲི་མ་ཅན་ཡིན་ནོ།།” ཞེས་སེམས་ཕྱོགས་རྫོགས་པ་ཆེན་མོའི་འགྲེལ་པ་གཉིས་ཡོད་ཀྱང་དྲི་མ་ཅན་ཡིན་པར་བཤད། ད་ཡོད་སྔགས་ལོག་སུན་འབྱིན་འདི་ལ་དོགས་པ་མང་པོ་ཡོད་པས་འགོས་ལོ་ཡིས་མཛད་པ་ཡིན་མིན་ལ་དཔྱད་གཞི་ཤིན་ཏུ་ཆེ་བ་མཐོང་། འདིར་“ཨ་རོ་ཡི་འབྱུང་”ཞེས་པ་དང་ཡང་བྲིས་མ་འགའ་རེའི་ནང་“མ་རོ་ཡེ་འབྱུང་”ཞེས་ཡི་དང་མ་ནི་ནོར་བ་ཡིན་ནོ།།

[25] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། འགོས་ལོ་གཞོན་ནུ་དཔལ། «དེབ་ཐེར་སྔོན་པོ་» (རོང་ཟོམ་ཆོས་ཀྱི་བཟང་པོའི་ལོ་རྒྱུས་ཀྱི་སྐབས། ཤོག་གྲངས་ PP. 211n4)

[26] ལྡན་མ་དང་། འདན་མ། ཀློང་ཐང་། གླང་ཐང་། གློང་ཐང་སོགས་འབྲི་ཚུལ་མང་ཡང་ཡིག་ཆ་ཕལ་ཆེར་འདན་མ་དང་། ཀློང་ཐང་བྱུང་བས་དེ་བཞིན་དུ་བྲིས།

[27] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། འགོས་ལོ་གཞོན་ནུ་དཔལ། «དེབ་ཐེར་སྔོན་པོ་» (རོང་ཟོམ་ཆོས་ཀྱི་བཟང་པོའི་ལོ་རྒྱུས་ཀྱི་སྐབས། ཤོག་གྲངས་ PP. 211n4)

[28] ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། སྟག་སྒང་མཁས་མཆོག་གུ་རུ་བཀྲ་ཤིས། «བསྟན་པའི་སྙིང་པོ་གསང་ཆེན་སྔ་འགྱུར་ངེས་དོན་ཟབ་མོའི་ཆོས་ཀྱི་བྱུང་བ་གསལ་བར་བྱེད་པའི་ལེགས་བཤད་མཁས་པ་དགའ་བྱེད་ངོ་མཚར་གཏམ་གྱི་རོལ་མཚོ་» (ཤོག་གྲངས་ PP.199b11)

[29] ཁམས་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་། ཞེ་ཆེན་རྒྱལ་ཚབ་འགྱུར་མེད་པདྨ་རྣམ་རྒྱལ། གསུང་འབུམ། དཔེ་དེབ་ ༩། «སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་བྱུང་བ་བརྗོད་པའི་གཏམ་མདོར་བསྡུས་ལེགས་བཤད་པདྨ་དཀར་པོའི་རྫིང་བུ་»(ཤོག་གྲངས་ PP.147n6)ལས། “ཡང་ཁམས་ཀྱི་གླང་ཐང་སྒྲོལ་མ་བྱོན་པའི་མཁས་པ་ཆེན་པོ་ཨ་རོ་ཡེ་ཤེས་འབྱུང་གནས་”ཞེས་གསུངས།

[30] [BDRC: W1KG877]. བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ། «གངས་ལྗོངས་རྒྱལ་བསྟན་ཡོངས་རྫོགས་ཀྱི་ཕྱི་མོ་སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་པ་རིན་པོ་ཆེའི་ཇི་ལྟར་བྱུང་བའི་ཚུལ་དག་ཅིང་གསལ་བར་བརྗོད་པ་ལྷ་དབང་གཡུལ་ལས་རྒྱལ་བའི་རྔ་བོ་ཆེའི་སྒྲ་དབྱངས་»(རྒྱ་ཆེ་བ་རིང་བརྒྱུད་བཀའ་མ་མདོ་སྒྱུ་སེམས་གསུམ་གྱི་བསྟན་པའི་བབ་ཚུལ་བཤད་པའི་སྐབས་ ༥། ཤོག་གྲངས་ PP.316b2)

[31] མི་རིགས་དཔེ་སྐྲུན་ཁང་། སྔགས་མང་དཔེ་ཚོགས་སྐོར་ཐེངས་གཉིས་པའི་དཔེ་དེབ་ ༨། ཤཱཀྱའི་བཙུན་པ་ནམ་མཁར་སྤྱོད་པ། «དཔལ་རྡོ་རྗེ་ཕུར་པའི་ཆོས་ཀྱི་བྱུང་ཚུལ་ལོ་རྒྱུས་ངོ་མཚར་རྒྱ་མཚོའི་རྦ་རླབས་» (ཤོག་གྲངས་ PP.20b18)

[32] ཁོང་ནི་ཀློང་ཐང་བཤད་གྲྭའི་བསྟན་པའི་བདག་པོ་དང་མཁས་གྲུབ་གཉིས་ལྡན་ཞིག་ཡིན་པས། ཁུ་རྔོག་འབྲོམ་གསུམ་གྱི་ཡ་གྱལ་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་(1004-1064 CE)བཤད་གྲྭ་འདིར་བཞུགས་ནས་སེ་བཙུན་ཆེན་པོར་བསྟེན་ཏེ་མི་ལོ་ཉི་ཤུའི་བར་གཞུང་ལུགས་མང་པོར་སྦྱངས།

[33] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། འགོས་ལོ་ཙཱ་བ་གཞོན་ནུ་དཔལ། «དེབ་ཐེར་སྔོན་པོ་»(གཅོད་ཡུལ་དང་ཁ་རག་པའི་སྐབས་ལས། ཁ་རག་པའི་སྐབས། pp. 1163n1)

[34] སྟག་སྒང་མཁས་མཆོག་གུ་རུ་བཀྲ་ཤིས།«བསྟན་པའི་སྙིང་པོ་གསང་ཆེན་སྔ་འགྱུར་ངེས་དོན་ཟབ་མོའི་ཆོས་ཀྱི་བྱུང་བ་གསལ་བར་བྱེད་པའི་ལེགས་བཤད་མཁས་པ་དགའ་བྱེད་ངོ་མཚར་གཏམ་གྱི་རོལ་མཚོ་»(pp.199b11)

[35]  «བསྟན་པའི་སྙིང་པོ་གསང་ཆེན་སྔ་འགྱུར་ངེས་དོན་ཟབ་མོའི་ཆོས་ཀྱི་བྱུང་བ་གསལ་བར་བྱེད་པའི་ལེགས་བཤད་མཁས་པ་དགའ་བྱེད་ངོ་མཚར་གཏམ་གྱི་རོལ་མཚོ་»(pp.199b11)

[36]  «ལོ་རྒྱུས་» (ཤོག་གྲངས་ ༣ བ ༥)

[37]  «ལོ་རྒྱུས་» (ཤོག་གྲངས་ ༥ ན ༦)

[38]  «ལོ་རྒྱུས་» (ཤོག་གྲངས་ ༡ བ ༤)

[39]  «ལོ་རྒྱུས་» (ཤོག་གྲངས་ ༥ བ ༡)

[40] གཉགས་ཛྙཱ་ན་ཀུ་མ་ར་ནི། ཕྱི་ལོའི་དུས་རབས་བརྒྱད་པའི་དུས་སྟོད་ཙམ་དུ་ཡར་ཀླུང་ཤེལ་པར་ཡབ་གཉགས་རྟག་སྒྲ་ལྷ་སྣང་དང་། ཡུམ་སྲུ་བཟའ་སྒྲོན་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་མཁན་པོ་ཞི་བ་འཚོ་(Śāntarakṣita शान्तरक्षित 725-788)ལས་རབ་ཏུ་བྱུང་སྟེ་བསྙེན་རྫོགས་མཛད། སློབ་དཔོན་པདྨ་འབྱུང་གནས་དང་། བི་མ་མི་ཏྲ། པ་གོར་བེེ་རོ་ཙ་ན། གཡུ་སྒྲ་སྙིང་པོ་བཅས་ལ་བསྟེན་ནས་དཀྱུས་བཤད་གཞུང་གི་ཆུ་བོ་དང་། སྙན་བརྒྱུད་གདམས་ངག་གི་ཆུ་བོ། བྱིན་རླབས་དབང་གི་ཆུ་བོ། ཕྱག་བཞེས་འཕྲིན་སྒྲུབ་ཀྱི་ཆུ་བོ་བཅས་བཀའི་ཆུ་བོ་བཞི་འདུས་ཤིང་སྔ་འགྱུར་གྱི་བསྟན་པ་དང་པོ་ཁོང་ལ་བབས། ཡར་འབྲོག་དང་ཀོང་པོ་སོགས་སུ་ཕེབས་ནས་སྒྲུབ་པ་ཉམས་ལེན་ལ་བརྩོན་པ་མཛད་ཅིང་སོག་པོ་དཔལ་གྱི་ཡེ་ཤེས་དང་། གྲ་དཔལ་གྱི་སྙིང་པོ། ལྷ་ལུང་དཔལ་གྱི་རྡོ་རྗེ། འོ་བྲན་དཔལ་གྱི་གཞོན་ནུ། སྙན་དཔལ་དབྱངས། མཚུར་ནག་ཡེ་ཤེས་དཔལ། ཐང་བཟང་དཔལ་གྱི་རྡོ་རྗེ་བཅས་སློབ་མར་སྐྱོང་བ་ལོ་རྒྱུས་སུ་བྱུང་།

[41] «ལོ་རྒྱུས་» (ཤོག་གྲངས་ ༥ ན ༦)ལས། “བླ་ཆེན་དགོངས་པ་རབ་གསལ་ཉིད་ཀྱི་སྤྱན་སྔར་རབ་ཏུ་བྱུང་སྟེ་བསྙེན་པར་རྫོགས་པ་མཛད་ནས་མིང་ཡང་དགེ་སློང་ཡེ་ཤེས་འབྱུང་གནས་ཞེས་བཏགས་སོ།།” མཚན་འདི་བླ་ཆེན་གྱིས་རབ་བྱུང་གི་མཚན་གནང་བར་གསལ།

[42]  «ལོ་རྒྱུས་» (ཤོག་གྲངས་ ༡ བ ༤)

[43] «ལོ་རྒྱུས་» (ཤོག་གྲངས་ ༡ བ ༥)“དེ་ཡང་དང་པོ་རྒྱ་གར་ཤར་ཕྱོགས་སུ་བྲམ་ཟེ་མགྱོགས་བྱེད་ཅེས་བྱ་བའི་བུར་སྐྱེས་ཏེ། དེའི་དུས་སུ་ཐེག་པ་ཆེན་པོའི་ཆོས་ལ་ནན་ཏན་བྱས་པས་ཆོས་ལ་ངེས་པར་སེམས་པའི་བཟོད་པ་བྱ་བ་ཐོབ་སྟེ། དེའི་དུས་སུ་ལམ་སྣ་ཟིན་པ་ཡིན་གསུངས། དེ་ནས་ཚེ་འཕོས་ནས་སུམ་ཅུ་རྩ་གསུམ་གྱི་གནས་སུ་ལྷའི་བུ་ཀུན་དགའ་སྙིང་པོ་བྱ་བར་སྐྱེས་ཏེ། དེའི་དུས་སུ་ང་ལྷའི་ལོངས་སྤྱོད་ལ་མ་ཆགས་པར་ལྷའི་དབང་པོ་ལ་ཆོས་ཉན་ཅིང་ལྷའི་བསམ་གཏན་ལ་མཉམ་པར་འཇོག་པ་བྱས་པ་ཡིན་གསུང༌། དེ་ནས་ཤི་འཕོས་ནས་རྒྱ་གར་དུ་བྲམ་ཟེ་སྣོན་པོ་བྱ་བའི་བུ་དགེ་སློང་མཐའ་གྲོལ་གཞོན་ནུ་བྱ་བར་སྐྱེས་ཏེ། རྒྱ་གར་གྱི་མཁས་པ་རྣམས་ལས་སྡེ་སྣོད་ཀྱི་ཆོས་མ་ལུས་པ་མཉན་ཞིང་ཤེས་རབ་ཀྱིས་དེ་དག་གི་དོན་རྟོགས་ཤིང་ཁོང་དུ་ཆུད་པ་ཡིན་གསུངས། དེ་ནས་ཤི་འཕོས་ནས་འགར་དགེ་ལོད་ཅེས་བྱ་བའི་བུ་དགེ་སློང་སྲིན་བུ་ཉ་ཞེས་བྱ་བར་སྐྱེས་ཏེ། དེའི་དུས་སུ་སློབ་དཔོན་པདྨ་སམྦྷ་བ་བསམ་ཡས་སུ་བྱོན་ནས་བཞུགས་པ་དང་མཇལ་ཏེ་གསང་སྔགས་ཟབ་མོའི་ཆོས་ཉན་ཞིང་དེའི་དོན་རང་གཅིག་པུར་བསྡད་ནས་བསམ་གཏན་ཉམས་སུ་ལེན་པ་འབའ་ཞིག་ལ་བརྩོན་པར་བྱས་པ་ཡིན་གསུང༌། དེ་ནས་ཤི་འཕོས་ནས་མདོ་ཁམས་སུ་ཕ་ཨ་རོ་ཉག་པོ་དང༌། མ་སོག་མོ་དཔལ་སྒྲོན་བྱ་བའི་བུ་ཨ་རོ་ཡེ་ཤེས་འབྱུང་གནས་ཞེས་བྱ་བར་སྐྱེས་པ་འདི་ཉིད་ཡིན་གསུངས་སོ།།” ཞེས་གསུངས།

[44] སྲོང་བཙན་དཔེ་མཛོད། འབྲི་གུང་ཆེ་ཚང་བསྟན་འཛིན་འཕྲིན་ལས་ལྷུན་གྲུབ། «ཏུན་ཧོང་བོད་ཀྱི་ཡིག་རྙིང་ལས་བྱུང་བ། བོད་བཙན་པོའི་རྒྱལ་རབས་» (སངས་རྒྱས་ཀྱི་བསྟན་པའི་རྩ་བ་ཚུགས་པ། ཤོག་གྲངས་ PP. 429n12.)ལས། “དེ་ནས་ཆུ་སྟག་སྤྱི་ལོ་ ༧༦༢ ལོར། བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གི་རྨང་བཏིང་།” “མེ་རྟ་སྤྱི་ལོ་ ༧༦༦ ལོར་བསམ་ཡས་མི་འགྱུར་གཙུག་ལག་ཁང་ལེགས་པར་གྲུབ་པར་གསུངས་ཤིང་”ཞེས་ཕྱི་ལོ་(763-766 CE)ལ་ཨོ་རྒྱན་སངས་རྒྱས་གཉིས་པ་བསམ་ཡས་སུ་ཕེབས་ཏེ་གཙུག་ལག་ཁང་གསར་བཞེངས་མཛད། དེ་དུས་ཨ་རོའི་སྐུ་སྐྱེ་སྔོན་མ་འགར་དགེ་ལོད་ཀྱི་བུ་དགེ་སློང་སྲིན་བུ་ཉ་ཡིན་ཞིང་སློབ་དཔོན་ཆེན་པོའི་སྐུ་མདུན་ནས་ཐོས་བསམ་སྒོམ་སྒྲུབ་མཛད་པའི་ཚུལ་གསལ། འདི་ནས་བསམ་གཞིག་བྱེད་དགོས་པ་ཞིག་ལ་བསམ་ཡས་གསར་བཞེངས་བྱེད་པའི་དུས་རིམ་དང་། མཁན་ཆེན་གྱིས་སད་མི་བདུན་ལ་སྡོམ་པ་གསར་དུ་གནང་བ། ཨ་རོ་དང་དེའི་སློབ་མའི་བར་གྱི་དུས་ཚིགས་ལ་དངོས་སྟོབས་རིགས་པས་རྗེས་འདེད་བྱས་ཏེ་དན་རྟགས་ཀྱིས་བདེན་པ་འགུགས་དགོས་པ་དེ་ཡིན།

[45] དེ་ཡང་ཁམས་སུ་འཁྲུངས་ན་ཁམས་ཀྱི་ས་ཆ་གང་ལ་འཁྲུངས་པ་ཡིན་ཞེ་ན། ཁམས་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་། ཞེ་ཆེན་རྒྱལ་ཚབ་འགྱུར་མེད་པདྨ་རྣམ་རྒྱལ་གྱི་«སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་བྱུང་བ་བརྗོད་པའི་གཏམ་མདོར་བསྡུས་ལེགས་བཤད་པདྨ་དཀར་པོའི་རྫིང་བུ་» (ཤོག་གྲངས་ PP.147n6)ལས། “ཡང་ཁམས་ཀྱི་གླང་ཐང་སྒྲོལ་མ་བྱོན་པའི་མཁས་པ་ཆེན་པོ་ཨ་རོ་ཡེ་ཤེས་འབྱུང་གནས་”ཞེས་པ་དང་། བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་«གངས་ལྗོངས་རྒྱལ་བསྟན་ཡོངས་རྫོགས་ཀྱི་ཕྱི་མོ་སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་པ་རིན་པོ་ཆེའི་ཇི་ལྟར་བྱུང་བའི་ཚུལ་དག་ཅིང་གསལ་བར་བརྗོད་པ་ལྷ་དབང་གཡུལ་ལས་རྒྱལ་བའི་རྔ་བོ་ཆེའི་སྒྲ་དབྱངས་» (རྒྱ་ཆེ་བ་རིང་བརྒྱུད་བཀའ་མ་མདོ་སྒྱུ་སེམས་གསུམ་གྱི་བསྟན་པའི་བབ་ཚུལ་བཤད་པའི་སྐབས་ཏེ་ ༥། ཤོག་གྲངས། ༢༢༩ བ ༤)ལས་“ཡང་ཀློང་ཐང་སྒྲོལ་མར་ཨ་རོ་ཡེ་ཤེས་འབྱུང་གནས་ཞེས་བྱ་བའི་གྲུབ་པའི་སྐྱེས་བུ་ཞིག་བྱུང་སྟེ།” ཞེས་གསུངས།

[46]  «ལོ་རྒྱུས་» (ཤོག་གྲངས་ ༢ བ ༦)

[47] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། རྒྱལ་ཚབ་གྲགས་པ་དོན་གྲུབ་(1546-1613 CE) «བྱང་ཆུབ་ལམ་སྒྲོན་གྱི་འགྲེལ་བ་མར་གྱི་ཉིང་ཁུ་» (བོད་དུ་བསྟན་པ་བྱུང་ཚུལ་ ༣། pp16n17)“དེ་ནས་མཁན་པོ་བླ་ཆེན་པོ་དེས་ཡང་གོང་ཡེ་ཤེས་གཡུང་དྲུང་ལ་བསྟན་པ་གཏད་ནས་ཁོ་རང་དན་ཏིག་གི་དགོན་པར་གཤེགས། ཡང་གོང་གིས་ཀྱང་དྲུམ་ཡེ་ཤེས་རྒྱལ་མཚན་ལ་བསྟན་པ་གཏད་ནས་ཁོང་རང་དམར་ཟངས་ཀྱི་བྲག་ལ་གཤེགས་ཏེ།” ཞེས་བླ་ཆེན་པོའི་སློབ་མ་གྲགས་ཆེན་བཅུའི་ནང་ཚན་ཞིག་ཡིན་པར་གསལ།

[48] འདི་དེང་སང་ཨན་ཆུང་གནམ་རྫོང་ནི་བོད་ཆོལ་ཁ་གསུམ་དུ་ཕྱེ་བའི་མདོ་སྨད་རྟའི་ཆོལ་ཁ་ཡི་ཡ་གྱལ་ཏེ་གཅན་ཚའི་ཡུལ་དུ་ཡོད་ཅིང་། དེང་གི་སྲིད་འཛིན་ཁྱབ་ཁོངས་ཀྱི་དབྱེ་ཚུལ་ལྟར་ན། མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་གཅན་ཚ་རྫོང་གི་ཁམས་ར་གྲོང་བརྡལ་གྱི་ཁོངས་སུ་ཡོད་ལ། གཅན་ཚ་རྫོང་མཁར་ནས་ནུབ་བྱང་གི་ཕྱོགས་སུ་ཧ་ལམ་སྤྱི་ལེ་དྲུག་ཅུ་ལྷག་གི་མཚམས་སུ་ཡོད། ཏུན་ཧོང་ཡིག་རྙིང་དུ་ཨན་ཅུང་དང་ཨན་ཆུང་ཞེས་བྲིས་ཡོད་པ་དང་། «པདྨ་བཀའ་ཐང་»དུ་ཨན་ཆུང་ཞེས་བྲིས་ཡོད་ལ། ལྡེའུ་ཇོ་སྲས་ཀྱིས་མཛད་པའི་«ལྡེའུ་ཆོས་འབྱུང་»དུ་མདོ་སྨད་ཡན་ཆུང་རྣམ་རྫོང་ཞེས་ཡན་ཆུང་བྲིས་ཡོད་པ་དང་། མཁས་པ་ལྡེའུས་མཛད་པའི་«རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ་»རུ། མདོ་སྨད་ཨན་ཆུང་རྣམ་རྫོང་ཞེས་བརྗོད་ཡོད་པ་བཅས་ལ་བརྟགས་ནས་ཡན་ཆུང་དང་། ཨན་ཅུང་ངམ་ཨན་ཆུང་ཞེས་འབྲི་ཚུལ་གཉིས་སུ་བྱུང་། ཡིན་ཡང་ཡུལ་ལུང་དང་དགོན་འདི་ཉིད་ཡིན་མིན་ད་དུང་དཔྱད་དགོས།

[49] དགོན་འདིའི་ལོ་རྒྱུས་མ་རྙེད།

[50]  «ལོ་རྒྱུས་» (ཤོག་གྲངས་ ༣ ན ༦)

[51]  «ལོ་རྒྱུས་» (ཤོག་གྲངས་ ༥ བ ༦)

[52]  «ལོ་རྒྱུས་» (ཤོག་གྲངས་ ༨ བ ༡)

[53]  «ལོ་རྒྱུས་» (ཤོག་གྲངས་ ༨ བ ༢)

[54] ཨ་འཛོམ་དགོན་གྱི་ཤིང་པར། མཛོད་བདུན། ཀློང་ཆེན་རབ་འབྱམས་(1308-1363 CE) «ཐེག་པ་མཐའ་དག་གི་དོན་གསལ་བར་བྱེད་པ་གྲུབ་པའི་མཐའ་རིན་པོ་ཆེའི་མཛོད་» (ཆོས་ཐམས་ཅད་རྫོགས་པར་གཏན་ལ་ཕབ་པའི་ལེའུ་ ༧། ཤོག་གྲངས་ ༡༧༩ ན ༤)“དོན་གསུམ་པ་རྣམ་གྲངས་ངེས་པར་བྱ་བ་ལ་གཉིས་ལས། སོ་སོར་བཤད་པ་ནི་སེམས་སྡེའི་རྒྱུད་ལ། བོད་དུ་འགྱུར་བ་ལ་སེམས་སྨད་བཅོ་བརྒྱད་དུ་གྲགས་པའི་སྔ་འགྱུར་ལྔ་ནི། རིག་པའི་ཁུ་བྱུག རྩལ་ཆེན་སྤྲུག་པ། ཁྱུང་ཆེན་ལྡིང་བ། རྡོ་ལ་གསེར་ཞུན། མི་ནུབ་པའི་རྒྱལ་མཚན་ནམ་མཁའ་ཆེའོ། །དེ་དག་བཻ་རོ་ཙ་ནས་བསྒྱུར་བའོ། །བི་མ་ལ། ཀུ་མཱ་ར་གཡུ་སྒྲ་གསུམ་གྱིས་བསྒྱུར་བའི་ཕྱི་འགྱུར་བཅུ་གསུམ་ནི། རྩེ་མོ་བྱུང་རྒྱལ། ནམ་མཁའི་རྒྱལ་པོ། བདེ་བ་འཕྲུལ་བཀོད། རྫོགས་པ་སྤྱི་ཆིངས། བྱང་ཆུབ་སེམས་ཏིག བདེ་བ་རབ་འབྱམས། སྲོག་གི་འཁོར་ལོ། ཐིག་ལེ་དྲུག་པ། རྫོགས་པ་སྤྱི་སྤྱོད། ཡིད་བཞིན་ནོར་བུ། ཀུན་འདུས་རིག་པ། རྗེ་བཙུན་དམ་པ། སྒོམ་པ་དོན་གྲུབ་བོ།།” ཞེས་བཅོ་བརྒྱད་པོ་འདི་དག་ལ་འགྲེལ་པ་མཛད་པ་ཡིན་ཡང་ཀུན་མཁྱེན་བླ་མས་འགྲེལ་པ་ཡོད་མེད་གང་ཡང་མ་གསུངས་པས་དེའི་སྐབས་སུ་མེད་པའམ་མཇལ་རྒྱུ་མ་བྱུང་བ་གང་ཡིན་དཔྱད་དགོས། འདི་དག་ལོ་རྒྱུས་དང་གཞུང་གི་སྤྱི་སྡོམ་ལྟ་བུ་ཞིག་དཔལ་སྤུངས་དགོན་པའི་ཤིང་པར། གདམས་ངག་མཛོད། པོད་ཀ་པ་ ༡། «རྫོགས་པ་ཆེན་པོའི་སེམས་སྡེའི་རྒྱུད་ལུང་གི་རྩ་བ་གཅེས་པར་བཏུས་པ་» ཤོག་གྲངས་ ༡ ན ༡ ནས་ ༡༣ བ ༣)བར་དུ་བཞུགས།

[55] ཉག་རོང་བཀའ་མ། གཉན་ཆེན་དཔལ་དབྱངས། «ཐུགས་ཀྱི་སྒྲོན་མ་» ཤོག་གྲངས་ ༡ ན ༡ ནས་ ༡༨ བ ༣ བར། «ལྟ་བ་ཡང་དག་སྒྲོན་མ་» ཤོག་གྲངས་ ༡༨ བ ༣ ནས་ ༢༠ ན ༢ བར། «མཐའ་ཡི་མུན་སེལ་སྒྲོན་མ་» ཤོག་གྲངས་ ༢༠ ན ༢ ནས་ ༢༠ བ ༥ བར། «ཐབས་ཤེས་སྒྲོན་མ་» ཤོག་གྲངས་ ༢༠ བ ༥ ནས་ ༢༡ བ ༥ བར། «ལྟ་བ་རིན་ཆེན་སྒྲོན་མ་སྟེ་སྒྲོན་མ་» ཤོག་གྲངས་ ༢༡ བ ༥ ནས་ ༢༣ ན ༣ བར། «རྣལ་འབྱོར་སྤྱོད་པའི་ལུགས་ངེས་དོན་ལ་ཇི་བཞིན་བསྒོམ་ཐབས་» ཤོག་གྲངས་ ༢༣ ན ༣ ནས་ ༢༣ བ ༥ བར། ཞེས་དུས་རབས་བརྒྱད་པའི་སྨད་ཙམ་ལ་བྱོན་པའི་གཉན་ཆེན་དཔལ་དབྱངས་ཀྱིས་མཛད་པའི་གཞུང་ལུགས་སྒྲོན་མ་དྲུག་ལ་དགོངས་འགྲེལ་མཛད་ཅིང་འདིའི་སྐོར་ཡིག་ཆ་རྣམས་སུ་ལུང་འདྲེན་སོགས་གང་ཡང་མཇལ་རྒྱུ་མེད་པས་ག་དུས་ནས་བོར་བརླག་ཏུ་སོང་བ་ཡིན་མི་ཤེས།

[56]  «ལོ་རྒྱུས་» (ཤོག་གྲངས་ ༨ བ ༥)

[57]  «ལོ་རྒྱུས་» (ཤོག་གྲངས་ ༩ ན ༡)

[58]  «ལོ་རྒྱུས་» (ཤོག་གྲངས་ ༨ བ ༣)

[59]  «ལོ་རྒྱུས་» (ཤོག་གྲངས་ ༥ བ ༦)

[60] པོད་ཀོ་པ་ ༡༢༡། ཨ་རོ་ཡེ་ཤེས་འབྱུང་གནས། «ཐེག་པ་ཆེན་པོའི་རྣལ་འབྱོར་ལ་འཇུག་པའི་ཐབས་བྱེ་བྲག་ཏུ་འབྱེད་པ་» (ཤོག་གྲངས་ ༡ ན ༡–༡༨ བ ༤)གཞུང་འདིའི་རྩ་འགྲེལ་གཉིས་ཆར་ཁོ་བོས་ཞིབ་མཇལ་བྱ་རྒྱུའི་སྐལ་བ་བཟང་པོ་ཐོབ།

[61] ཉག་རོང་བཀའ་མ། པོད་དོ་པ་ ༡༣༡། བརྒལ་ལན། ཀློང་ཆེན་རབ་འབྱམས། «རྫོགས་པ་ཆེན་པོ་གསང་སྔགས་རྙིང་མ་ལ། ལོག་རྟོག་འཁྲུལ་པའི་འཁྲུལ་འཇོམས་དང་། རྫོགས་ཆེན་དཀའ་གནད་སྦས་པ་ཡི། སྒོ་འབྱེད་ལྡེ་མིག་ཆེན་པོ་ཡོད་» ཤོག་གྲངས་ ༤༥ བ ༡)ལས། “བཀའ་གདམས་པའི་བླ་མ་རྣམས་ཀྱང་རྫོགས་ཆེན་སྙན་བརྒྱུད་ལ་ཐུགས་དམ་མཛད་པ་ཆེས་མང་སྟེ། ཨ་རོ་ཡེ་ཤེས་འབྱུང་གནས་ཞེས་བྱ་བ་མདོ་སྡེ་དཀོན་མཆོག་སྤྲིན་ནས་དགེ་སློང་མཐའ་གྲོལ་གཞོན་ནུ་ཞེས་ལུང་བསྟན་པའི་སྐྱེས་ཆེན་དེ་ལ་ཐུགས་ཀྱི་སྲས་བཞི་ཡོད་པའི་གཅིག་ཅོག་རོ་བཟང་དཀར་མཛོད་ཁུར། དེས་རྔོག་ལེགས་པའི་ཤེས་རབ། དེས་དགེ་སློང་ཆོས་ཀྱི་ཤེས་རབ། གཞན་ཡང་བཀའ་གདམས་པའི་སྤོ་ཏོ་བ། དེའི་སློབ་མ་གྲྭ་པ་བྲག་དཀར་བ་ལ་སོགས་པ་ཆེས་མང་བ་རྣམས་ཀྱིས་རྫོགས་ཆེན་སྙན་བརྒྱུད་ལ་ཐོས་བསམ་སྒོམ་གསུམ་མཛད་པ་འབའ་ཞིག་ཡིན་ཞིང༌། ཇོ་བོ་རྗེ་ལ་སྙེ་ཐང་དུ་བོད་སྟོན་རྣམས་ཀྱིས་དང་པོ་བོད་དུ་བརྩམས་པའི་བསྟན་བཅོས་འགའ་གཟིགས་ཕུལ་བས་གཞན་ལ་མཉེས་ཚོར་མ་མཛད། ཨ་རོ་ཡེ་ཤེས་འབྱུང་གནས་ཀྱིས་མཛད་པའི་ཐེག་ཆེན་རྣལ་འབྱོར་བྱ་བའི་བསྟན་བཅོས་ལ་མཉེས་ཏེ། ཚིག་སྙན་དང་གདམས་ངག་ཆེ། ལས་འབྲས་ཞིབ་དོན་ཟབ་ལ་རྒྱ་ཆེ་བ་འདུག་གསུངས་སོ། །དེས་ན་བཀའ་གདམས་པའི་དམ་པ་རྣམས་ཀྱང་དྲི་མ་ཅན་དུ་མ་བསྒྱུར་ཅིག” ཅེས་པའི་གཞུང་འདི་རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ་ཁྲོད་དུའང་བཞུགས་ཤིང་གཞུང་ཚིག་འགའ་རེ་མི་འདྲ་བ་འབྱུང་།

[62] འབྲས་སྤུངས་དགའ་ལྡན་ཕོ་བྲང་གི་ཤིང་པར། པོད་ཙ་པ་ ༡༧། གསུང་འབུམ། རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ། «སྐུ་གསུང་ཐུགས་རྟེན་གསར་བཞེངས་རིན་པོ་ཆེའི་མཆོད་རྫས་ཁང་བཟང་གི་དཀར་ཆག་དང་ཐམ་ཕུ་དེབ་ཁྲིམས་ཡིག་འགོ་རྒྱངས་སྡེ་བཞིའི་སྒོ་འཕར་ཕྱེ་བའི་སྐལ་བཟང་» (རིགས་ཀུན་ཁྱབ་བདག་སྤྲུལ་སྐུ་རིག་འཛིན་ཆེན་པོ་ཆོས་རྒྱལ་གཏེར་བདག་གླིང་པས་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་ངེས་དོན་དགའ་བའི་ཚལ་གྱི་བསྟི་གནས་གྲ་ཕྱི་ཐར་པ་གླིང་དུ་དྲི་གཙང་ཁང་ཤག་སྐོར་སྐུ་གསུང་ཐུགས་རྟེན་དང་བཅས་པ་ལེགས་པར་བསྐྲུན་པའི་དཀར་ཆག་ངོ་མཚར་རྒྱ་མཚོ། ཤོག་གྲངས་ ༢༢༥ ན་ ༦)

[63] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། གསུང་འབུམ། སྨད་ཆ། ཀཿཐོག་རིག་འཛིན་ཚེ་དབང་ནོར་བུ། «རྒྱལ་བའི་བསྟན་པ་རིན་པོ་ཆེ་བྱང་ཕྱོགས་སུ་འབྱུང་བའི་རྩ་ལག་བོད་རྗེ་ལྷ་བཙན་པོའི་གདུང་རབས་ཚིག་ཉུང་དོན་གསལ་ཡིད་ཀྱི་མེ་ལོང་» (ཤོག་གྲངས་ PP. 59n25)

[64] [BDRC: W22389]. གསུང་འབུམ། པོད་ག་པ་ ༣། བསོད་ནམས་ཆོས་འགྲུབ། «ཐེག་ཆེན་རྣལ་འབྱོར་གྱི་ཚུལ་ལ་འཇུག་པའི་མན་ངག་གི་འགྲེལ་པ་རྒྱལ་སྲས་ལམ་བཟང་» ཤོག་གྲངས་ ༡ ན ༡ ནས་ ༡༢༠ བ ༥ པའི་བར་དུ་བཞུགས། 

[65] ཨ་འཛོམ་ཤིང་པར། ཡ་བཞི། བླ་མ་ཡང་ཏིག པོད་ཨེ་པ། ཀློང་ཆེན་རབ་འབྱམས། «ལོ་རྒྱུས་རིན་པོ་ཆེའི་ཕྲེང་བ་» (ཤོག་གྲངས་ ༢༤ བ ༢)

[66]  «བསྟན་པའི་སྙིང་པོ་གསང་ཆེན་སྔ་འགྱུར་ངེས་དོན་ཟབ་མོའི་ཆོས་ཀྱི་བྱུང་བ་གསལ་བར་བྱེད་པའི་ལེགས་བཤད་མཁས་པ་དགའ་བྱེད་ངོ་མཚར་གཏམ་གྱི་རོལ་མཚོ་» (PP.210b11)

[67] [BDRC: W1KG877].བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ། «གངས་ལྗོངས་རྒྱལ་བསྟན་ཡོངས་རྫོགས་ཀྱི་ཕྱི་མོ་སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་པ་རིན་པོ་ཆེའི་ཇི་ལྟར་བྱུང་བའི་ཚུལ་དག་ཅིང་གསལ་བར་བརྗོད་པ་ལྷ་དབང་གཡུལ་ལས་རྒྱལ་བའི་རྔ་བོ་ཆེའི་སྒྲ་དབྱངས་» (བོད་དུ་གསང་སྔགས་ནང་རྒྱུད་སྡེ་གསུམ་གྱི་བསྟན་པའི་བབ་ཚུལ་སྤྱི་དང་ཁྱད་པར་མན་ངག་སྙིང་ཐིག་ཆེན་མོའི་ལོ་རྒྱུས་གཙོ་བོར་བཤད་པའི་སྐབས་ ༤། PP. 158n18)

[68] གནས་མདོ་དཔེ་རྙིང་ཉམས་གསོ་ཁང་། གསུང་འབུམ་ལས། པོད་ཡི་ ༥༤། མཁས་གྲུབ་ཀརྨ་ཆགས་མེད། «ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་ལས་ཆོས་ཐུན་བཅོ་ལྔ་པ་ཉམས་ལེན་གྱི་ཁྲིད།» (ཤོག་གྲངས་ ༡༡ ན ༤)

[69] གཡག་སྡེ་པཎ་ཆེན་བརྩོན་གྲུས་དར་རྒྱས་(1299-1378 CE)

[70] ཁམས་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་། ཞེ་ཆེན་རྒྱལ་ཚབ་འགྱུར་མེད་པདྨ་རྣམ་རྒྱལ། གསུང་འབུམ། དཔེ་དེབ་ ༩། «སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་བྱུང་བ་བརྗོད་པའི་གཏམ་མདོར་བསྡུས་ལེགས་བཤད་པདྨ་དཀར་པོའི་རྫིང་བུ་» (PP.343n16)

[71] ཉག་རོང་བཀའ་མ། པོད་ཟེ་པ་ ༡༡༢། ཀཿཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོ་(1880-1925 CE)«རྫོགས་པ་ཆེན་པོའི་ཁྱད་པར་ཉུང་ངུ་རྣམ་གསལ་ཡིད་ཀྱི་མེ་ལོང་» ཤོག་གྲངས་ ༥ བ ༦)ལས། “སེམས་ཞེས་པས་སྣང་ཚུལ་ཅིར་ཡང་མིན་པའི་དོན་དང་། རང་བཞིན་རིག་པ་ཞེས་པ་ཡིན་ཚུལ་ཅིར་ཡང་མིན་པའི་དོན་ནོ། །རང་རང་སོ་སོའི་ངང་དུ་རང་གྲོལ་ཞེས་པས། ཐེག་པ་རིམ་པ་བརྒྱད་ཀྱི་ལྟ་བ་དང་གྲུབ་མཐའམ། ཡང་ན་བློ་རྣམ་པར་རྟོག་པའི་འཆིང་བ་རང་སར་གྲོལ་བ་ཡིན་ཅིང་། འདིར་སེམས་རིག་གི་ཤན་འབྱེད་ཡིན་ན་མན་ངག་སྡེ་པའི་ལུགས་ཡིན་མི་དགོས་ཏེ། སེམས་ཀློང་གི་ལུགས་ལའང་སེམས་རིག་ཤན་འབྱེད་ཡོད་པའི་ཕྱིར། འོན་ཀྱང་ཁྱད་གཞི་སེམས་ཞེས་པ་འགྱུ་བྱེད་ཀྱི་རེ་དོགས་ཕྲ་བ་ལ་ངོས་བཟུང་ཞིང་། རིག་པ་ཞེས་པ་མ་བཅོས་པའི་རང་གཤིས་དྲུང་པོ་ལ་འཇོག་པས། དེ་ངོས་གཟུང་རྒྱུ་ལ་ཁྱད་པར་མེད་ཀྱང་། ངོས་འཛིན་ལུགས་ལ། དང་པོ་ནས་ཤེས་ཉམས་གནས་པའི་ཉམས་སྐྱེས་རིམ་གྱིས་སེམས་གཏན་ལ་ཕབ་ནས། མཐར་རྟོགས་པའི་ཡེ་ཤེས་རིག་པ་རང་སར་གྲོལ་བ་ལ་འཇོག་པར་བྱས་ཏེ་གཏན་ལ་འབེབས་པ་ནི་སེམས་སྡེའི་ལུགས་དང༌། སྣང་ཉམས་གནས་པའི་གནས་ཐོག་ཏུ་སེམས་གཏན་ལ་ཕབ་ནས། དེ་རྟོགས་པའི་ཡེ་ཤེས་རིག་པ་རང་སར་གྲོལ་བ་ལམ་དུ་བྱས་ནས་གཏན་ལ་འབེབས་པ་ཀློང་སྡེའི་ལུགས་དང་། རྣམ་རྟོག་སྐྱེས་པའི་རྩལ་རྫོགས་སུ་གཞུང་ནས་རྣམ་རྟོག་ཡལ་མཚམས་སེམས་རིག་པའི་ངང་དུ་རང་སར་གྲོལ་གདེང་དུ་བྱས་ནས་རིག་པ་ཉམས་ལས་འདས་པའི་སྐད་ཅིག་མ་རྗེན་ཅེར་དུ་ངོས་བཟུང་བ་མན་ངག་གི་སྡེའི་ཁྱད་པར་ཏེ། སྔ་མ་གཉིས་ཀྱིས་ཉམས་ལ་རྩིས་པོ་ཆེ་བྱེད་པས་ཉམས་མི་བརྟན་པ་དང་། ཕྱི་མ་མན་ངག་གི་སྡེ་པས་ཉམས་ན་བུན་འདྲ་བ་ཡལ་ནས་འགྲོ་ཕྱིར་རྟོགས་པའི་ཡེ་ཤེས་ལ་འཕོ་འགྱུར་མེད་པས་དང་པོ་ནས་རྟོགས་པར་ཤར་དུ་འགྲོ་བས་ཉམས་ཀྱི་འཕྲང་ལ་འགྲིམ་མི་དགོས་པའི་ཁྱད་ཆོས་ཡོད་ཅིང་། འདི་གཉིས་ཀ་ལས་དང་པོའི་ལྟ་སྒོམ་གྱི་ངེས་ཤེས་ལ་བརྟན་མི་བརྟན་དང་། ལྟ་སྒོམ་གྱི་འཛིན་པ་ཕྲ་མོའི་རེ་དོགས་ཡོད་མེད་ཀྱི་ཁྱད་ཆེན་པོ་ཡོད་དོ།།” ཞེས་པ་འདི་ཡང་ཨ་རོ་ཡི་གནས་ལུགས་ངོ་སྤྲོད་ཚུལ་དང་མཐུན་པར་སྣང་།

[72] [BDRC: W2PD17526]. ཞྭ་དམར་སྐུ་ཕྲེང་གཉིས་པ་མཁའ་སྤྱོད་དབང་པོ། «བཀའ་རྒྱུད་རིན་པོ་ཆེའི་རྣམ་པར་ཐར་པ་རབ་གསལ་མཆོག་དུ་གྲུབ་པ་རྒྱན་གྱི་ཕྲེང་བ་» (དཔལ་གཡུང་སྟོན་ཆེན་པོ་རྡོ་རྗེ་དཔལ་པའི་རྣམ་པར་ཐར་པ། ཤོག་གྲངས་ ༣ ན ༢)

[73] «བཀའ་རྒྱུད་རིན་པོ་ཆེའི་རྣམ་པར་ཐར་པ་རབ་གསལ་མཆོག་ཏུ་གྲུབ་པ་རྒྱན་གྱི་ཕྲེང་བ་» (དཔལ་གཡུང་སྟོན་ཆེན་པོ་རྡོ་རྗེ་དཔལ་པའི་རྣམ་པར་ཐར་པ། ཤོག་གྲངས་ ༣ ན ༦)

[74] [BDRC: W23660].པོད་ཀ་པ་ ༡། དབུ་མེད་བྲིས་མ། ཀརྨ་པ་སྐུ་ཕྲེང་བརྒྱད་པ་མི་བསྐྱོད་རྡོ་རྗེ། «སྐུ་གསུམ་ངོ་སྤྲོད་ཀྱི་རྣམ་པར་བཤད་པ་མདོ་རྒྱུད་བསྟན་པ་མཐའ་དག་གི་ཨེ་ཝམ་ཕྱག་རྒྱ་» (ཤོག་གྲངས་ ༡༢༩ ན ༤)

[75] [BDRC: W2PD17526]. ཞྭ་དམར་སྐུ་ཕྲེང་གཉིས་པ་མཁའ་སྤྱོད་དབང་པོ། «བཀའ་རྒྱུད་རིན་པོ་ཆེའི་རྣམ་པར་ཐར་པ་རབ་གསལ་མཆོག་དུ་གྲུབ་པ་རྒྱན་གྱི་ཕྲེང་བ་» (དཔལ་གཡུང་སྟོན་ཆེན་པོ་རྡོ་རྗེ་དཔལ་པའི་རྣམ་པར་ཐར་པ། ཤོག་གྲངས་ ༣ ན ༢)

[76] «བཀའ་རྒྱུད་རིན་པོ་ཆེའི་རྣམ་པར་ཐར་པ་རབ་གསལ་མཆོག་དུ་གྲུབ་པ་རྒྱན་གྱི་ཕྲེང་བ་» (དཔལ་གཡུང་སྟོན་ཆེན་པོ་རྡོ་རྗེ་དཔལ་པའི་རྣམ་པར་ཐར་པ། ཤོག་གྲངས་ ༣ ན ༦)

[77] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། གངས་ཅན་རིག་མཛོད་ ༡༧། «ཆོས་འབྱུང་རིན་པོ་ཆེའི་གཏེར་མཛོད་བསྟན་པ་གསལ་བར་བྱེད་པའི་ཉི་འོད་» (སྔ་འགྱུར་དུ་གྲགས་པ་རྙིང་མའི་བབས་ཚུལ། PP.394n1)

[78] སྤྲུལ་སྐོར་ཞེས་པ་ནི་སྤྲུལ་སྐུ་ཞིག་པོ་བདུད་རྩི་(1149–1199 CE)ཡི་སྙན་བརྒྱུད་སྐོར་ལ་གོ་དགོས་ཡིན་སྙམ།

[79] ཨ་མཆོག་དགོན་དགའ་ལྡན་ཆོས་འཁོར་གླིང་གི་ཤིང་པར། འགོས་ལོ་ཙཱ་བ་ཁུག་པ་ལྷས་བཙས། «འགོས་ཁུག་པ་ལྷས་བཙས་ཀྱི་སྔགས་ལོག་སུན་འབྱིན་» ཤོག་གྲངས་ ༡༡ བ ༢)ད་ཡོད་གཞུང་འདི་ལ་དོགས་པ་མང་པོ་ཡོད་པས་འགོས་ཁུག་པ་ལྷས་བཙས་ཀྱིས་མཛད་པ་ཡིན་མིན་ལ་དཔྱད་ཞིབ་དགོས།

[80] སེམས་ཕྱོགས་ལྔ་ཞེས་པ་ནི་སེམས་སྨད་བཅོ་བརྒྱད་ཀྱི་ནང་གསེས་བཻ་རོ་ཙ་ནས་བསྒྱུར་པའི་སྔ་འགྱུར་ལྔ་སྟེ། «རིག་པའི་ཁུ་བྱུག་» «རྩལ་ཆེན་སྤྲུག་པ་» «ཁྱུང་ཆེན་ལྡིང་བ་» «རྡོ་ལ་གསེར་ཞུན་» «མི་ནུབ་པའི་རྒྱལ་མཚན་ནམ་མཁའ་ཆེ་» འདི་ལྔ་པོའི་འགྲེལ་པ་ཡིན་ནམ་སྙམ།

[81] ཁོང་ས་སྐྱའི་ཁྲི་ཆེན་ ༢༧ པ་ཡིན།

[82] ས་སྐྱ་རྒྱལ་ཡོངས་གསུང་རབ་སློབ་གཉེར་ཁང་། གསུང་འབུམ། པོད་ཤ་པ་ ༢༧། འཇམ་མགོན་ཨ་མྱེས་ཞབས་ངག་དབང་ཀུན་དགའ་བསོད་ནམས། «ཇོ་གདན་བླ་མ་མང་ཐོས་བཤེས་གཉེན་པས་དྲིས་ལན་ཡིད་ཀྱི་མུན་སེལ་» (ཤོག་གྲངས་ ༣༨ ན ༡)“ཨ་རོ་ཡེ་ཤེས་འབྱུང་གནས་ཀྱིས་བྱས་པའི་སེམས་ཕྱོགས་ལྔའི་འགྲེལ་པ་དང་། སེམས་ཉམས་ཆེ་ཆུང་དང་།” ཞེས་པ་སོགས་དྲི་མ་ཅན་ཡིན་པར་འཁོད།

[83] ཉག་རོང་བཀའ་མ། པོད་ཐོ་པ་ ༡༣༠། བརྒལ་ལན། སོག་བཟློག་པ་བློ་གྲོས་རྒྱལ་མཚན། «གསང་སྔགས་སྔ་འགྱུར་ལ་བོད་དུ་རྩོད་པ་སྔ་ཕྱིར་བྱུང་བའི་ལན་ངེས་དོན་འབྲུག་སྒྲ་» (ལོ་ཙཱ་བ་འགོས་ལྷས་བཙས་ཀྱི་བཀའ་ཤོག་གི་ལན། ཤོག་གྲངས་ ༡༤༠  ན ༡)ལས། “ཨ་རོ་ཡེ་ཤེས་འབྱུང་གནས་ཀྱིས་བྱས་པའི་སེམས་ཕྱོགས་ཀྱི་རྒྱུད་ལྔའི་འགྲེལ་པ་དང་། སེམས་ཉམས་ཆེ་ཆུང་དང་། དར་རྗེ་དཔལ་གྱི་གྲགས་པས་བྱས་པའི་ཆོས་ལ་དགོངས་འདུས་དང་། ཀུན་འདུས་དང་། རྒྱལ་པོའི་ཆོས་ལྔ་སྟེ་དྲི་མ་ཅན་ཡིན་ནོ།།” ཞེས་འགྲེལ་པ་སོ་སོ་ཡིན་པར་གསལ།

[84] ཉག་རོང་བཀའ་མ། པོད་ཐོ་པ་ ༡༣༠། བརྒན་ལན། སོག་བཟློག་པ་བློ་གྲོས་རྒྱལ་མཚན། «གསང་སྔགས་སྔ་འགྱུར་ལ་བོད་དུ་རྩོད་པ་སྔ་ཕྱིར་བྱུང་བའི་ལན་ངེས་དོན་འབྲུག་སྒྲ་» (ལོ་ཙཱ་བ་འགོས་ལྷས་བཙས་ཀྱི་བཀའ་ཤོག་གི་ལན། ཤོག་གྲངས་ ༡༤༠ ན ༡)ལས། “ཞེས་པ་དག་ལ་འགོག་ཏུ་མེད་པའི་རྒྱུ་མཚན་ནི་མེད་ཀྱང་སེམས་ཕྱོགས་ལ་དུས་དེར་ཁ་ཟེར་བ་མང་བས། བདེ་གཤེགས་ཟུར་པོ་ཆེ་ཡང་རང་གི་ཆོས་ལ་ཐེ་ཚོམ་འཁྲུངས། དེའི་སྐབས་ཤིག་ཏུ་མང་ཀར་ནས་འབྲོག་མི་ལོ་ཙཱ་བས་ཆོས་སྦྱིན་གྱི་གསེར་མང་པོ་ཁྱེར་ལ་ཤོག་བྱ་བའི་ཆབ་ཤོག་བྱུང་།”ཞེས་པ་ཨ་རོ་འགྲེལ་པ་དེ་དགེ་ཡོད་པར་བཀའ་ལན་མཛད་ཀྱང་འགྲེལ་པ་རྣམས་ཀྱི་ངོ་སྤྲོད་གང་ཡང་མ་མཛད་པ་ལ་གཞིགས་ན་སོག་བཟློག་པས་ཀྱང་འགྲེལ་པ་འདི་དག་དངོས་སུ་མཇལ་མེད་པ་ཡིན་ནམ་སྙམ། འགོས་ལོ་གཞོན་ནུ་དཔལ་(1392-1481 CE)གྱི་ཡིག་ཆར་འཁོད་དེ་སོག་བཟློག་པ་བློ་གྲོས་རྒྱལ་མཚན་(1552-1624 CE)གྱིས་དགག་ལན་མཛད་པའི་བར་ཉུང་མཐའང་མི་ལོ་བརྒྱ་ཙམ་སོང་ཡོད་པར་སྣང་སྟེ་འགོས་ལོ་གཤེགས་ཏེ་ལོ་དོན་གཅིག་རྗེས་སུ་སོག་བཟློག་པ་སྐུ་འཁྲུངས་པ་ཡིན།

[85] སྲོང་བཙན་དཔེ་མཛོད། འབྲི་གུང་ཆེ་ཚང་བསྟན་འཛིན་འཕྲིན་ལས་ལྷུན་གྲུབ། «ཏུན་ཧོང་བོད་ཀྱི་ཡིག་རྙིང་ལས་བྱུང་བ། བོད་བཙན་པོའི་རྒྱལ་རབས་» (སངས་རྒྱས་ཀྱི་བསྟན་པའི་རྩ་བ་ཚུགས་པ། ཤོག་གྲངས་ PP. 429n12.)ལས། “དེ་ནས་ཆུ་སྟག་སྤྱི་ལོ་ ༧༦༢ ལོར། བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གི་རྨང་བཏིང་།” “མེ་རྟ་སྤྱི་ལོ་ ༧༦༦ ལོར་བསམ་ཡས་མི་འགྱུར་གཙུག་ལག་ཁང་ལེགས་པར་གྲུབ་པར་གསུངས་ཤིང་”ཞེས་དུས་རབས་བརྒྱད་པའི་དཀྱིལ་ཙམ་ལ་མཚོ་འཁྲུངས་མ་ཧཱ་གུ་རུ་བོད་དུ་ཕེབས་ཡོད་པ་ཕལ་ཆེར་གཏན་འཁེལ།

[86] [BDRC: W30199]. ཁྲིད་ཆེན་བཅུ་གསུམ། པོད་ཀ་པ་ ༡། ཀཿཐོག་མཁན་པོ་འཇམ་དབྱངས་རྒྱལ་མཚན་(1929-2001 CE)«རྒྱལ་བ་ཀཿཐོག་པའི་ཁྲིད་ཆེན་བཅུ་གསུམ་གྱི་ལོ་རྒྱུས་མདོར་བསྡུས་ཟུང་འཇུག་གྲུབ་པའི་ལམ་བཟང་» (ཤོག་གྲངས་ ༢༩ ན ༤)ལས། “དེས་ན་སློབ་དཔོན་བཻ་རོ་ཙཱ་ནས་ཐོག་མར་མངའ་བདག་ཡབ་སྲས་དང་དེ་རྗེས་རོང་བྲག་ལ་མགོན་པོའི་དགོན་པར་གཡུ་སྒྲ་ལ་གསུངས། ཚ་བ་རོང་སྟག་རྩེ་མཁར་དུ་གསང་སྟོན་ཡེ་ཤེས་བླ་མ། སྟོང་ཁུང་རོང་གི་བྲག་དམར་དགོན་རྫོང་དུ་སྤང་དགོན་སངས་རྒྱས་མགོན་པོ་དབུས་སུ་གཉགས་ལོ་ཡེ་ཤེས་གཞོན་ནུ། ལི་ཡུལ་དུ་ལི་བཟའ་ཚུལ་ཁྲིམས་སྒྲོན་མ་སྟེ་རྫོགས་པ་ཆེན་པོའི་ཆོས་འཁོར་ལྔ་སྐོར་ཞེས་གྲགས། ཡང་སློབ་དཔོན་དེ་ལས་བླ་ཆེན་དགོངས་པ་རབ་གསལ་ལས་བརྒྱུད་པའི་སྐོར་ལ་ཁམས་ལུགས། ཨ་རོ་ཡེ་ཤེས་འབྱུང་གནས་ལ་བརྒྱུད་པའི་སྐོར་ལ་ཨ་རོ་ལུགས། ཉང་བན་ནས་བརྒྱུད་པའི་སྐོར་ལ་ཉང་ལུགས། རོང་བན་ནས་རོང་ཟོམ་ལ་བརྒྱུད་པའི་སྐོར་ལ་རོང་ལུགས། སྐོར་ཐུང་ཤེས་རབ་ཡེ་ཤེས་ནས་བརྒྱུད་པའི་སྐོར་ལ་སྐོར་ལུགས་ཞེས་གྲགས་པ་སོགས་མང་དུ་བཞུགས་པས་མཐའ་གཅིག་ཏུ་ཚད་གཟུང་དུ་མེད་དོ། །མདོར་ན་སློབ་དཔོན་བཻ་རོ་ཙཱ་ན་ལས་སྲས་ཀྱི་ཐུ་བོ་སློབ་དཔོན་གཡུ་སྒྲ་སྙིང་པོ་ལ་གསུངས་པའི་རྒྱུད་དང་མན་ངག་ཐམས་ཅད་མཆིམས་ཕུ་བྲག་དཀར་དུ་གཉགས་ལོ་ཡེ་ཤེས་གཞོན་ནུ་ལ་རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་མན་ངག་བཀའ་གཏད་རིག་པ་རྩལ་གྱི་དབང་དང་བཅས་པའི་བཀའ་ཡོངས་རྫོགས་ཀྱི་ཆུ་བོ་མ་ལུས་པ་བབས་པའོ།།” ཞེས་སེམས་སྡེའི་བརྒྱུད་པ་ལས་ཁམས་ལུགས་དང་ཨ་རོ་ལུགས་སོ་སོ་ཡིན་པར་གསུངས་ཀྱང་། གོང་དུ་ཀུན་མཁྱེན་ཀློང་ཆེན་པ་སོགས་ཀྱི་ཡིག་ཆ་དང་། [BDRC: W9140].པོད་ག་པ་ ༢། སྨིན་གླིང་ལོ་ཆེན་དྷརྨ་ཤྲཱི་(1654-1717/~1718 CE)ཡི་«རྗེ་བཙུན་བླ་མ་དམ་པ་གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་ནང་གི་རྟོགས་པ་བརྗོད་པ་ཡོན་ཏན་མཐའ་ཡས་རྣམ་པར་བཀོད་པའི་རོལ་མོ་» (སྐུ་སྐྱེད་རིམ་གྱིས་བསྲིངས་ཏེ་བསྟན་པ་ལ་ཞུགས་ནས་གསན་སྦྱོང་ཇི་ལྟར་མཛད་པའི་ཚུལ། ཤོག་གྲངས་ ༤༠ ན ༢)“སེམས་སྡེ་ཁམས་ལུགས་ཨ་རོ་སྙན་བརྒྱུད་ཀྱི་རིག་པའི་རྩལ་དབང་དང་ཁྲིད་བཀའ་ལུང་དང་བཅས་པ།”ཞེས་ཁམས་ལུགས་དང་ཨ་རོ་ལུགས་བརྒྱུད་རིམ་གཅིག་པ་ཞིག་དང་། ཡང་བླ་ཆེན་པོ་ནས་རིམ་པར་ཀཿཐོག་པ་དམ་པ་བདེ་གཤེགས་(1122-1192 CE)སོགས་སུ་བརྒྱུད་རིམ་ཞིག་ཀྱང་ཡོད་ལ་བརྒྱུད་རིམ་འདི་ཨ་རོ་ལ་མ་བརྒྱུད་པས་ཨ་རོ་ལུགས་དང་ཁམས་ལུགས་སོ་སོའི་ལུགས་སུ་གསུངས་པའང་འབྱུང་།

[87]  «བསྟན་པའི་སྙིང་པོ་གསང་ཆེན་སྔ་འགྱུར་ངེས་དོན་ཟབ་མོའི་ཆོས་ཀྱི་བྱུང་བ་གསལ་བར་བྱེད་པའི་ལེགས་བཤད་མཁས་པ་དགའ་བྱེད་ངོ་མཚར་གཏམ་གྱི་རོལ་མཚོ་» (PP.199b11)

[88] སྔ་འགྱུར་རྒྱུད་འབུམ་ཕྱོགས་བསྒྲིགས། པོད་ཇ་པ་ ༧། «རིན་པོ་ཆེ་འཕགས་ལམ་བཀོད་པའི་རྒྱུད་» (ལེའུ་ ༡༠ ཤོག་གྲངས་ ༡༦༨ ན ༡ ནས་ ༡༧༩ བ ༣)

[89] སྔ་འགྱུར་རྒྱུད་འབུམ་ཕྱོགས་བསྒྲིགས། པོད་ཛི་པ་ ༣༧། «ཡེ་ཤེས་འཁོར་ལོ་གསང་བའི་རྒྱུད་» (ལེའུ་ ༡༠ ཤོག་གྲངས་ ༡ ན ༡ ནས་ ༩ ན ༥)

[90] རྒྱུད་འདི་ངོས་འཛིན་མ་ཐུབ།

[91] སྔ་འགྱུར་རྒྱུད་འབུམ་ཕྱོགས་བསྒྲིགས། པོད་ཇ་པ་ ༧། «ཡེ་ཤེས་གསང་བའི་སྒྲོན་མ་རིན་པོ་ཆེ་མན་ངག་གི་རྒྱུད་» (ལེའུ་ ༡༦ ཤོག་གྲངས་ ༢༤༣ བ ༡ ནས་ ༢༥༥ ན ༦)

[92] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། གངས་ཅན་རིག་མཛོད་ ༡༧། «ཆོས་འབྱུང་རིན་པོ་ཆེའི་གཏེར་མཛོད་བསྟན་པ་གསལ་བར་བྱེད་པའི་ཉི་འོད་» (སྔ་འགྱུར་དུ་གྲགས་པ་རྙིང་མའི་བབས་ཚུལ། PP.394n18)

[93] ཉག་རོང་བཀའ་མ། པོད་ཟེ་པ་ ༡༡༢། ཨོ་རྒྱན་བསྟན་འཛིན། «རྫོགས་པ་ཆེན་པོའི་ཁྱད་པར་ཉུང་ངུ་རྣམ་གསལ་ཡིད་ཀྱི་མེ་ལོང་» ཤོག་གྲངས་ ༤ བ ༤)

[94] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ཀོ་ཞུལ་གྲགས་པ་འབྱུང་གནས་དང་རྒྱལ་བ་བློ་བཟང་མཁས་གྲུབ་གཉིས་ཀྱིས་བརྩམས། «གངས་ཅན་མཁས་གྲུབ་རིམ་བྱོན་མིང་མཛོད་» (ཞ་སྡེ། pp. 1475n14)སོགས་ལོ་རྒྱུས་རྣམས་སུ་གསལ་པོ་འབྱུང་། ཐུགས་ཀྱི་སྲས་ཞིག་པོ་བདུད་རྩི་ནི། ཡབ་སངས་རྒྱས་དྭགས་ཆུང་དང་། ཡུམ་ཇོ་མོ་ཝང་མོ་གཉིས་ཀྱི་སྲས་སུ་གཟད་ཀྱི་ལྷ་གདོང་དགོན་པར་ས་སྦྲུལ་ལ་འཁྲུངས་ཤིང་ཉང་རལ་ཉི་མ་འᨖད་ཟེར་(1124-1192 CE)གྱི་དངོས་སློབ་ཡིན། [BDRC: W1KG10294]. དཔེ་དེབ་ ༣། མཁས་བཙུན་བཟང་པོ་(1920-2009 CE) «རྒྱ་བོད་མཁས་གྲུབ་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས།» (བོད་དུ་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་མཆེད་བརྒྱད་ལས། སྔ་འགྱུར་གསང་ཆེན་རྙིང་མ་པའི་བླ་མ་བརྒྱུད་པ་རྗེས་འབྲངས་དང་བཅས་པའི་རྣམ་ཐར་ངོ་མཚར་རྒྱ་མཚོ། སྟོད་ཆ། ཞིག་པོ་བདུད་རྩི། ཤོག་གྲངས་ PP. 345n1)ལས་ཞིག་པོ་བདུད་རྩིའི་རྣམ་ཐར་བཞུགས།

[95] ཁོང་གི་མཚན་འབྲི་ཚུལ་ཡིག་ཆ་རྣམས་སུ་རྟ་སྟོན་ཇོ་བོ་ཡེ་ཤེས། རྟ་སྟོན་ཇོ་ཡེ། ཇོ་བོ་ཡེ་ཤེས། དབུས་པ་རྟ་ཡེ་ཞེས་སོགས་འབྱུང་།

[96] «གངས་ཅན་མཁས་གྲུབ་རིམ་བྱོན་མིང་མཛོད་» (ཏ་སྡེ། pp. 722b17)སོགས་ལོ་རྒྱུས་རྣམས་སུ་གསལ་པོ་འབྱུང་།

[97] ཉག་རོང་བཀའ་མ། པོད་ཏེ་པ་ ༩༩། དབུས་པ་རྟ་སྟོན་ཇོ་བོ་ཡེ་ཤེས། «བསྔོ་བའི་ཆོ་ག་དོན་བཞི་པ་» ཤོག་གྲངས་ ༡ ན ༡ ནས་ ༧ བ ༤)འདིས་བླ་མའི་གསུང་གཞིར་བྱས་ཏེ་ཡོན་སྤྱད་པ། ཡོན་སྦྱང་བ། ཡོན་བཤད་པ། ཡོན་བསྔོ་བཅས་བཞིས་དགེ་བ་གང་བྱས་དོན་ཡོད་པ་དང་། མི་ཟད་པ། གོང་དུ་འཕེལ་ཕྱིར་བསྔོ་བའི་ལག་ལེན་བྱེད་ཚུལ་བསྟན།

[98] ཉག་རོང་བཀའ་མ། པོད་ཏེ་པ་ ༩༩། དབུས་པ་རྟ་སྟོན་ཇོ་བོ་ཡེ་ཤེས། «དམ་པ་ཆོས་ཀྱི་ཡང་སྙིང་དོན་གསལ་ལྔ་པ།» ཤོག་གྲངས་ ༡ ན ༡–༧ ན ༥)འདིས་གཞུང་ལས་“དེ་ལ་ངན་སོང་གསུམ་དུ་མི་སྐྱེ་བའི་གདམས་ངག་དང་། མཐོ་རིས་ལྷ་དང་མིའི་བདེ་སྐྱིད་ཐོབ་པའི་གདམས་ངག སངས་རྒྱས་རང་འོང་བའི་གདམས་ངག་”ཅེས་བླ་མས་གདམས་ངག་ལ་བཤད་པ་ཇི་ཙམ་བྱས་ཀྱང་ཉམས་སུ་ལེན་ཚུལ་གསུམ་པོ་འདིར་འདུ་བ་གསུངས་པ་བཞིན་མན་ངག་ནོར་བུ་འཇུག་སྒོ་གསུམ་གྱི་དོན་བླ་མའི་གསུང་ལ་བདེ་བར་གཤེགས་པའི་ལུང་གིས་བརྒྱན་ནས་གཏན་ལ་ཕབ།

[99] ཉག་རོང་བཀའ་མ། དབུས་པ་རྟ་སྟོན་ཇོ་བོ་ཡེ་ཤེས། «དམ་པ་ཆོས་ཀྱི་ཡང་སྙིང་དོན་གསལ་ལྔ་པ་» ཤོག་གྲངས་ ༡ ན ༡ ནས་ ༢༠ ན ༥)འདིས་ཆོས་ཀྱི་གནས་ལུགས། སེམས་ཅན་འཁྲུལ་ལུགས། འཁྲུལ་བ་བཟློག་པའི་ཐབས་གསུམ་བརྗོད་བྱར་བྱས་ཏེ་རྫོགས་པ་ཆེན་པོའི་དོན་གཏན་ལ་ཕབ།

[100] ཉག་རོང་བཀའ་མ། པོད་ཏེ་པ་ ༩༩། ཨ་རོ་ཡེ་ཤེས་འབྱུང་གནས། «རྫོགས་པ་ཆེན་པོའི་གཞི་ལམ་འབྲས་གསུམ་གྱི་སྙན་ཁུང་བརྒྱུད་པའི་མན་ངག» ཤོག་གྲངས་ ༡ ན ༡ ནས་ ༩ བ ༥)འདིས་རྫོགས་པ་ཆེན་པོའི་གཞི་ལམ་འབྲས་གསུམ་གསུངས།

[101] ཉག་རོང་བཀའ་མ། པོད་ཏེ་པ་ ༩༩། སྤྲུལ་སྐུ་ཞིག་པོ་བདུད་རྩི། «བླ་མ་དྲུག་གི་གདམས་ངག་བསྟན་པ་» ཤོག་གྲངས་ ༡ ན ༡ ནས་ ༣ ན ༦)འདིས་རྫོགས་ཆེན་པོའི་བརྡ་དོན་ནས་བཟུང་རྫོགས་པ་ཆེན་པོ་བཤད་དགོས་པའི་རྒྱུ་མཚན། དང་པོ་རང་ཤེས། བར་དུ་རང་ས་ཟིན། ཐ་མ་རང་དབང་ཐོབ་པའི་སྟེང་ནས་བསྟན།

[102] ཉག་རོང་བཀའ་མ། སྤྲུལ་སྐུ་ཞིག་པོ་བདུད་རྩི། «རྫོགས་པ་ཆེན་པོའི་མན་ངག་ནོད་ཚུལ་» ཤོག་གྲངས་ ༡ ན ༡ ནས་ ༣ ན ༢)འདིས་སྟོང་པ་བཙོན་དུ་བཟུང་བ་དང་། རིག་པ་གནད་ལ་དབབ་པ། རྣམ་རྟོག་འཕྲང་ནས་གདོན་པ་སྟེ་མན་ངག་གསུམ་གྱིས་རྫོགས་པ་ཆེན་པོའི་དོན་ངོ་སྤྲོད་གནང་། སྤྲུལ་སྐུ་ཞིག་པོ་བདུད་རྩིའི་གསུང་སྒྲོས་རྟ་ཇོ་ཡེས་ཀྱིས་ཡི་གེར་བཀོད།

[103] ཉག་རོང་བཀའ་མ། སྤྲུལ་སྐུ་ཞིག་པོ་བདུད་རྩི། «བླ་མ་དྲུག་གི་གདམས་ངག་བསྟན་པ་» ཤོག་གྲངས་ ༡ ན ༡ ནས་ ༣ ན ༣)འདིས་འཕགས་པ་བླ་མ་དགེ་བའི་བཤེས་གཉེན་དང་། གང་ཟག་བླ་མ། རང་རིག་པའི་བླ་མ། ཐབས་ལ་མཁས་པའི་བླ་མ། དགྲ་བླ་མ། ནད་བླ་མ་དགེ་བའི་བཤེས་གཉེན་དྲུག་གིས་གནས་ལུགས་རང་བྱུང་ཆོས་ཀྱི་སྐུ་ངོ་སྤྲོད་མཛད། 

[104] ཉག་རོང་བཀའ་མ། སྤྲུལ་སྐུ་ཞིག་པོ་བདུད་རྩི། «སློབ་དཔོན་བཞིའི་གདམས་ངག་» ཤོག་གྲངས་ ༣ ན ༣ ནས་ ༤ ན ༦)འདིས་སློབ་དཔོན་དགའ་རབ་རྡོ་རྗེའི་བཅོས་བསླད་མེད་པའི་གདམས་ངག་དང་། རྒྱལ་པོ་ཨིན་ཏྲ་བོ་དྷིའི་ཡེ་གེ་ཕྱེད་པ། པདྨ་འབྱུང་གནས་ཀྱི་རྒན་མོ་མཛུབ་ཚུགས། ཏེ་ལོ་པའི་བསམ་དུ་མེད་པ་བཞིས་རྫོགས་པ་ཆེན་པོའི་དོན་ངོ་སྤྲོད་བསྟན།

[105] ཉག་རོང་བཀའ་མ། ཨ་རོ་ཡེ་ཤེས་འབྱུང་གནས། «ཞལ་གདམས་» ཤོག་གྲངས་ ༤ ན ༦ ནས་ ༥ ན ༤)འདིས་ཆོས་ཀྱི་བདུད་རྩི་བཏུངས་ནས་ནད་སེལ་དགོས་པ་བཞིན་དུ་ཉམས་སུ་བླང་དགོས་ཚུལ་བསྟན། རོང་པ་ཆོས་བཟང་ནས་རིམ་པར་བརྒྱུད་དེ། སྤྲུལ་སྐུ་ཞིག་པོ་བདུད་རྩིའི་ཕྱག་ཏུ་བྱུང༌ཞིང་ཐུགས་སྲས་དབུས་པ་རྟ་སྟོན་ཇོ་བོ་ཡེ་ཤེས་ལ་གདམས། ཁོང་གིས་རྟའི་ཇོ་སྲས་བདག་ལ་གནང༌ཞེས་བྱུང་རིམ་དང་བཅས་གསལ།

[106] ཉག་རོང་བཀའ་མ། སྤྲུལ་སྐུ་ཞིག་པོ་བདུད་རྩི། «དཔེ་དགུས་སྐྱོན་དགུ་ངོས་བཟུང་བ་» ཤོག་གྲངས་ ༡ ན ༡ ནས་ ༣ བ ༢) འདིས་“བརྩོན་འགྲུས་ཕྱི་ཤོལ་དུས་ལས་པའི་སྐྱོན་སྤྲེའུ་ཤིང་ཐོག རང་གི་གདམ་ངག་ལ་ངེས་ཤེས་ཆུང་བའི་སྐྱོན་གྲུབ་པའི་སྣ། རང་གི་རྒྱུད་ལ་གཟོད་མ་ཐོབ་པའི་སྐྱོན་ཤའུ། ལྟ་བ་གཏིང་ཐུངས་པའི་སྐྱོན་རྭ་ཆོར། སྤྱོད་པ་ཚུལ་འཆོས་སུ་ཤོར་བའི་སྐྱོན་སྒེག་མོའི་རྒྱན། ཆོས་ཁ་ཆོས་སུ་ཤོར་བའི་སྐྱོན་བྱའི་ཆོས། རྩ་བ་བདག་འཛིན་མ་སྤོངས་པའི་སྐྱོན་ནད་པའི་བསྔས། ཆོས་པ་ནང་འཐབས་པའི་སྐྱོན་ཁྱི། སྦྱིན་པར་མ་མཐོང་པར་ཁ་ཕྱིར་བལྟས་པའི་སྐྱོན་ཤིག་ལྟ་བུའོ།།” ཞེས་དཔེ་དགུས་སྐྱོན་དགུ་པོ་གཏན་ལ་ཕབ། སྤྲུལ་སྐུ་ཞིག་པོ་བདུད་རྩིའི་གསུང་སྒྲོས་རྟ་ཇོ་ཡེས་ཀྱིས་ཡི་གེར་བཀོད།

[107] ཉག་རོང་བཀའ་མ། སྤྲུལ་སྐུ་ཞིག་པོ་བདུད་རྩི། «ཤིག་གི་བསྟན་བཅོས་» ཤོག་གྲངས་ ༣ བ ༢ ནས་ ༤ ན ༦)འདིས་ཤིག་གི་རྒྱུ་མ་བསྟན་པ་དང༌། སྐྱོན་བསྟན་པ་དང༌། འཇིག་རྟེན་པའི་སྤོང་ཚུལ་གྱིས་མི་སྤོང་བ་དང༌། འདས་པ་དང་སྦྱར་ཏེ་སྤོང་ཚུལ་བཞིས་བདག་གཞན་ཤིག་ལས་གྲོལ་ཚུལ་བསྟན། སྤྲུལ་སྐུ་ཞིག་པོ་བདུད་རྩིའི་གསུང་སྒྲོས་རྟ་ཇོ་ཡེས་ཀྱིས་ཡི་གེར་བཀོད།

[108] ཉག་རོང་བཀའ་མ། དབུས་པ་རྟ་སྟོན་ཇོ་བོ་ཡེ་ཤེས། «མཚུར་ཞིག་པོ་བདུད་རྩིའི་ཞལ་གདམས་སྔོན་འགྲོའི་ཆོས་སྤྱོད་ཀྱི་རིམ་པ་རྨད་དུ་བྱུང་བ་» ཤོག་གྲངས་ ༡ ན ༡ ནས་ ༨ ན ༦)འདིས་སྔོན་འགྲོ་དངོས་གཞི་མཇུག་གསུམ་གྱིས་ལྷ་ཐུགས་རྗེ་ཆེན་པོ་བསྒོམས་ནས་སྙིང་པོ་ཡི་གེ་དྲུག་མ་བཟླ་ཚུལ་བསྟན། སྤྲུལ་སྐུ་ཞིག་པོ་བདུད་རྩིའི་གསུང༌དབུས་པ་རྟ་སྟོན་ཇོ་བོ་ཡེ་ཤེས་ཀྱིས་བརྗེད་ཐོ་ཡི་གེར་བསྡེབས།

[109] ཉག་རོང་བཀའ་མ། དབུས་པ་རྟ་སྟོན་ཇོ་བོ་ཡེ་ཤེས། «མན་ངག་རིན་ཆེན་སྤུངས་པའི་ཁྲིད་ལུགས་གསལ་བའི་སྒྲོན་མེ་» ཤོག་གྲངས་ ༡ ན ༡ ནས་ ༤༧ ན ༤)འདིས་སློབ་བུ་ངེས་ཤེས་བསྐྱེད་པ་བརྒྱུད་པའི་ལོ་རྒྱུས་དང༌། ཉམས་སུ་བླངས་པ་གདམས་ངག་གི་རིམ་པ་གཉིས་ཀྱིས་ཨ་ཏི་རྫོགས་པ་ཆེན་པོའི་གཞི་ལམ་འབྲས་གསུམ་དང་། ལྟ་སྒོམ་སྤྱོད་གསུམ་གྱི་རྣམ་གཞག་རྒྱས་པར་གསུངས། དེ་ཡང་སློབ་དཔོན་ཨ་རོ་ཡེ་ཤེས་འབྱུང་གནས་ཀྱིས། ཐུགས་ཟིན་བཞིའི་ནང་ནས་ཁམས་ཀྱི་ཡ་ཟི་བོན་སྟོན་ལ་གདམས་ངག་ཐམས་ཅད་རྫོགས་པར་གནང༌། དེས་རོང་གི་བྲག་རྒྱབ་པ་སྦ་སྒོམ་བསོད་ནམས་སྙིང་པོར་གནང་ཞིང་དེས་རོང་སྟོད་པ་འཛི་བསྒོམ་ལ། དེས་དོ་རིའི་བ་རང་བསྒོམ་ཆེན་ལ། དེས་ཇོ་མོ་ཉང་མོ་བྱ་བ་ཁ་རག་ཉང་ཁོལ་བ་ལ་གནང་བར་གསུངས།

[110] ཉག་རོང་བཀའ་མ། «སྒོམ་ཁྲིད་དམ་རྫོགས་པ་ཆེན་པོའི་མན་ངག་ཇི་ལྟ་བ་བཞིན་དུ་རྟོགས་ཤིང་འཐོབ་པར་འདོད་པ་རྣམས་ཀྱི་སྔོན་དུ་འགྲོ་བའི་ཆོས་» ཤོག་གྲངས་ ༡ ན ༡ ནས་ ༣ ན ༦)འདིས་རྫོགས་པ་ཆེན་པོ་སྒོམ་གྱི་སྔོན་འགྲོའི་རིམ་པ་རྣམས་བསྟན།

[111] ཉག་རོང་བཀའ་མ། «རབ་འབྲིང་ཐ་གསུམ་མམ་དགུའི་སྒོ་ནས་སེམས་གནས་པའི་ཚད་བསྟན་པ་» ཤོག་གྲངས་ ༡ ན ༡ ནས་ ༣ ན ༦)འདིས་དབུགས། ལུས། སྒྲ། ཁམས། ཡུན། རྗེས་ཀྱི་ཤེས་པ། སྤྱོད་ལམ། ཉོན་མོངས་བཅས་ལ་དབང་པོ་རབ་འབྲིང་ཐ་མ་གསུམ་ཕྲུགས་རེས་སེམས་གནས་པའི་ཐབས་བསྟན།

[112] གྲུབ་ཆེན་ཨོ་རྒྱན་པ་རིན་ཆེན་དཔལ་(1230–1309 CE)འཁྲུངས་འདས་ལོ་ཚིགས་འདིས་སྔ་འགྱུར་བའི་མཁས་གྲུབ་ཆེན་མོ་དབུས་པ་རྟ་སྟོན་ཇོ་བོ་ཡེ་ཤེས་འཁྲུངས་འདས་ལོ་ཚིགས་གསལ་པོར་ཤེས་ཐུབ་སྟེ། ཁོང་དགུང་ལོ་དྲུག་ཅུ་རྩ་བརྒྱད་ ༦༨ བཞུགས་ཤིང་། ཨོ་རྒྱན་པ་སྐུ་འཁྲུངས་པའི་ལོར་སྐུ་གཤེགས་པ་ཡིན་པས་བོད་རབ་བྱུང་གསུམ་པའི་ཆུ་ལུག་ ༡༡༦༣ ལོར་རྟ་སྟོན་ཇོ་འབུམ་གྱི་སྲས་སུ་འཁྲུངས་ཤིང་བོད་རབ་བྱུང་བཞི་པའི་ལྕགས་སྟག་ཕྱི་ལོ་ ༡༢༣༠) ལོར་སྐུ་གཤེགས། ཞིག་པོ་བདུད་རྩིའི་འཁྲུངས་འདས་ལས་ཀྱང་ཤེས།

[113] ཆོས་ཚན་འདི་རྣམས་ཀཿཐོག་བཀའ་མའམ་བཀའ་མ་ཤིན་ཏུ་རྒྱས་པ། པོད་ཙི་པ་ ༡༠༧། «ཨ་རོ་ཡེ་ཤེས་འབྱུང་གནས་ཀྱི་སྙན་བརྒྱུད་སྤྲུལ་སྐུ་ཞིག་པོའི་གསུང་སྒྲོས་རྟ་སྟོན་ཇོ་བོ་ཡེ་ཤེས་ཀྱི་ཡིག་ཆ་རྟ་རིན་ཆེན་དཔལ་གྱི་ཕྱག་དཔེ་ལས་བཤུས་པའི་དཔེ་དཀོན་ཆོས་ཚན་སོ་བརྒྱད་» ཤོག་གྲངས་ ༡ ན ༡ ནས་ ༤༧༡ ན ༦)བར་དུ་བཞུགས་ཤིང་། ཉག་རོང་བཀའ་མའམ་སྔ་འགྱུར་བཀའ་མ་ཤིན་ཏུ་རྒྱས་པ། པོད་ཏེ་པ། ༩༩། ཤོག་གྲངས་ 177n1-444b6 བར་དུའང་བཞུགས་ཡོད།

[114] ​[BDRC: W21809]. གསུང་འབུམ། པོད་ཡ་པ་ ༡༠། དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་(1910-1991 CE) «གསན་ཡིག་སྐོར་» (སྔ་འགྱུར་བཀའ་མའི་ཐོབ་ཡིག ༥༠ ན ༥)

[115] [BDRC: W25268] ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། དཔེ་དེབ་ ༡། «གངས་ཅན་མཁས་དབང་རིམ་བྱོན་གྱི་རྣམ་ཐར་མདོར་བསྡུས་» (གཡག་སྡེ་པཎ་ཆེན་བརྩོན་འགྲུས་དར་རྒྱས་ཀྱི་རྣམ་ཐར་མདོར་བསྡུས། ཤོག་གྲངས་ ༨༧ ན་ ༤ ནས་ ༩༡ ན ༣)བར་དུ་བཞུགས་ཤིང་“ཁོང་གི་གསུང་ནི། རྣམ་ཐར་དང་། ཞལ་གདམས། སྙན་ངག་གི་ལམ་ནས་དྲངས་པའི་བསྟོད་པ་སྣ་ཚོགས། མགུར། དྲི་བ་དང་དྲི་ལན་སྣ་ཚོགས། ཆབ་ཤོག སྒྲུབ་ཐབས། བསྔོ་སྨོན་སོགས་ཆོས་ཚན་ཆིག་བརྒྱ་བདུན་ཅུ་(༡༧༠)ལྷག་ཡོད་པའི་པོ་ཏི་དབུ་མེད་བྲིས་མ་ཆེས་ལེགས་ཤིག་མི་རིགས་དཔེ་མཛོད་ཁང་དུ་བཞུགས་ཡོད་ཅིང་ཆོས་ཚན་ཚང་མ་ཚིག་ཉུང་ལ་དོན་གསལ་བ། སྙན་ཆ་ཕུན་སུམ་ཚོགས་པ། བརྡ་རྙིང་དང་མངོན་བརྗོད་ཡོངས་གྲགས་མིན་པ་ཉུང་བ། སུས་བལྟས་ཀྱང་གོ་སླ་བ་ཤ་སྟག་གོ།” ཞེས་ངོ་སྤྲོད་མཛད་ཀྱང་ [BDRC: W19837] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། དཔེ་དེབ་སྨད་ཆ་ ༣། «མི་རིགས་དཔེ་མཛོད་ཁང་གི་དཔེ་ཐོ་ལས་གསུང་འབུམ་སྐོར་གྱི་དཀར་ཆག་ཤེས་བྱའི་གཏེར་མཛོད་» (གཡག་སྡེ་པཎ་ཆེན་བརྩོན་འགྲུས་དར་རྒྱས་ཀྱི་གསུང་འབུམ་དཀར་ཆག་དང་ལོ་རྒྱུས་ཉུང་བསྡུས། ཤོག་གྲངས་ PP.305-306)བར་ཆོས་ཚན་ཉེར་གཉིས་ལས་དཀར་ཆག་ནང་འཁོད་ཅིང་དེའི་རྣམ་ཐར་ནང་ཆོས་ཚན་བརྒྱ་བདུན་ཅུ་(170)ཡོད་པ་བཤད། [BDRC: W1KG10294] དཔེ་དེབ་ ༡༡། མཁས་བཙུན་བཟང་པོ་(1920-2009 CE) «རྒྱ་བོད་མཁས་གྲུབ་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས།» (གཡག་སྡེ་པཎ་ཆེན། ཤོག་གྲངས་ PP. 347n17)ལས། “གཡུང་སྟོན་པ་ལ་ཡེ་ཤེས་གསང་རྫོགས་ཀྱི་རྒྱུད་གདམས་པ་དང་བཅས་པ། གསང་སྙིང་དབང་དང་བཅས་པ། ཨ་རོའི་གདམས་པ་སྤུངས་སྐོར་དང་བཅས་པ། མཁའ་འགྲོ་སྙིང་ཐིག་གི༌དབང་ཁྲིད་ལུང་དང་བཅས་པ། ཨ་རོའི་རྒྱུད་ཆུང་གི་ལུང༌། ཙ་མི་འགྱུར་གྱི་དུས་འཁོར་རྒྱུད་འགྲེལ་གྱི་ལུང་དབང་དང་བཅས་པ། གཤིན་རྗེ་གཤེད་ཀྱི་ལུང་། མདོ་དགོངས་འདུས། སེམས་སྡེ་མ་བུ་བཅོ་བརྒྱད་ལ་སོགས་པ་ཞུས།” ཞེས་པ་ལས་ཨ་རོའི་ཆོས་སྐོར་འགའ་གཡུང་སྟོན་ལས་གསན་ཡོད་པ་ལས་ཨ་རོའི་སྙན་བརྒྱུད་སྐོར་རྣམ་ཐར་རྣམས་སུ་མི་འབྱུང་།

[116] ཉེར་མཁོ་ཕྱོགས་བསྒྲིགས། གསུང་འབུམ་ལས། མཁས་གྲུབ་ཀརྨ་ཆགས་མེད། «ཐུགས་རྗེ་ཆེན་པོའི་དམར་ཁྲིད་ཕྱག་རྫོགས་ཟུང་འཇུག་ཐོས་པ་དོན་ལྡན་ལས་ཆོས་ཐུན་བཅོ་ལྔ་པ་ཉམས་ལེན་གྱི་ཁྲིད་» (ཤོག་གྲངས་ ༡༡ ན ༤)

[117] ཁོང་གི་འཁྲུངས་འདས་ལོ་ཚིགས་མི་གསལ་ཡང་། «སེམས་སྡེའི་པྲ་ཁྲིད་གསལ་བྱེད་སྒྲོན་མེ་»ཡི་མཛད་བྱང་དུ། “ཆུ་མོ་བྱའི་ལོ་ཟླ་བ་ལྔ་པའི་ཡར་ཚེས་ལ།” ཞེས་རབ་བྱུང་གསུམ་པའི་ཆུ་བྱ་སྟེ། ཕྱི་ལོ་ ༡༡༥༣ ལོ་ཡིན་དགོས་ཤིང་། དེ་ནས་ཡང་«སྙན་བརྒྱུད་ཀྱི་མན་ངག་»གི་མཛད་བྱང་དུ། “ཁྱིའི་ལོ་ཟླ་བ་ལྔ་པའི་ཚེས་ཉི་ཤུ་ལ།” ཞེས་རབ་བྱུང་གསུམ་པའི་ཤིང་ཁྱི་སྟེ། ཕྱི་ལོ་ ༡༡༥༤ ལོར་མཛད་པར་སྣང་ངོ་། །ཡང་«སྙན་བརྒྱུད་ཀྱི་མན་ངག་»གི་མཛད་བྱང་དུ། “བླ་མ་ཀུན་དགའ་རྡོ་རྗེའི་གསུང་གིས་བསྐུལ་ནས་”ཞེས་རྔོག་ཀུན་དགའ་རྡོ་རྗེ་ཡིན་ཟེར་བ་བྱུང་ཡང་ཁོང་(1157–1234 CE)གི་འཁྲུངས་འདས་ལོ་ཚིགས་ལ་གཞིགས་ན་ཀཿཐོག་མཁས་གྲུབ་ནམ་མཁའ་རྡོ་རྗེ་དགུང་ལོ་བཞིའི་སྐབས་ལ་རྔོག་ཀུན་དགའ་རྡོ་རྗེས་འགྲེལ་པ་མཛད་པར་བསྐུལ་ནས་འགྲེལ་པ་བྲིས་པ་ཞིག་ཡིན་དགོས་པས་འདིའི་ཐད་ནས་ད་དུང་དཔྱད་ཞིབ་དགོས།

[118] [BDRC: W30199]. ཁྲིད་ཆེན་བཅུ་གསུམ། པོད་ཀ་པ་ ༡། ཀཿཐོག་མཁས་གྲུབ་ནམ་མཁའ་རྡོ་རྗེ། «རྫོགས་པ་ཆེན་པོ་ཨ་རོ་སྙན་བརྒྱུད་ཀྱི་མན་ངག་ཉམས་སུ་བླང་བའི་རིམ་པ་» (ཤོག་གྲངས་ ༡ ན ༡ ནས་ ༡༠ ན ༣)བར་དུ་བཞུགས་ཤིང་། བླ་མ་ཀུན་དགའ་རྡོ་རྗེའི་གསུང་གིས་བསྐུལ་བ་ལ་བརྟེན་ནས་ཁྱིའི་ལོ་ཟླ་བ་ལྔ་པའི་ཚེས་ཉི་ཤུ་སྟེ་རབ་བྱུང་གསུམ་པའི་ཤིང་ཁྱི། ཕྱི་ལོ་ ༡༡༥༤ ལོར་མཛད། བརྗོད་དོན་སྙིང་པོ་ཨ་རོའི་ལུགས་ཀྱི་རྫོགས་པ་ཆེན་པོའི་སེམས་སྡེ་དགོངས་དོན་ཉམས་སུ་ལེན་ཚུལ་བླ་མ་བརྒྱུད་པའི་རིམ་པ་དང་། གདམས་པ་དངོས། ཉམས་ལེན་སྤྱིའི་ཆིངས་བཅས་རིམ་པ་གསུམ་གྱིས་བསྟན།

[119] [BDRC: W30199]. ཁྲིད་ཆེན་བཅུ་གསུམ། པོད་ཀ་པ་ ༡། ཀཿཐོག་མཁན་པོ་འཇམ་དབྱངས་རྒྱལ་མཚན། «རྒྱལ་བ་ཀཿཐོག་པའི་ཁྲིད་ཆེན་བཅུ་གསུམ་གྱི་ལོ་རྒྱུས་མདོར་བསྡུས་ཟུང་འཇུག་གྲུབ་པའི་ལམ་བཟང་» ཤོག་གྲངས་ ༥༣ བ་ ༥)ལས། “དང་པོ་ནི། འཁོར་འདས་གཉིས་སྣང་གི་ཡུལ་འདི་རྣམས་སྣང་ཙམ་ཉིད་ནས་རང་བཞིན་སྐྱེ་བ་མེད་དེ། སྣང་བ་སྣ་ཚོགས་སུ་ཤར་ཡང་ངོ་བོ་མ་བཅོས་པའི་ཕྱིར། སྣང་བས་སྟོང་པ་དང་། སྟོང་པས་སྟོང་པའི་གཏན་ཚིགས་སུ་གཞལ་ནས་ཕྱོགས་སུ་མ་ལྷུང་བ་གཉུག་མ་བབས་ཀྱི་གཤིས་ལུགས་རང་མཚོན་པའོ། །གཉིས་པ་ནི། གཉིས་སྣང་གི་ཆོས་འདི་རྣམས་རོལ་པ་འགག་པ་མེད་དེ། སྟོང་པ་ཆོས་ཉིད་ཀྱི་དབྱིངས་ལས་ཤར་བའི་རྟེན་འབྲེལ་ཡིན་པའི་ཕྱིར། བདེན་པར་མ་གྲུབ་པས་སྣ་ཚོགས་སུ་ཤར་དུ་རུང་ཞིང་། བདེན་གྲུབ་ཡིན་ན་སྐྱེ་བ་མི་འཐད་པའི་ཚུལ་དབུ་མ་ལས་ཀྱང་གསུངས་པ་དང༌། རྫོགས་པ་ཆེན་པོ་རང་ལུགས་ལ་ཡུལ་གཟུང་བ་དང་ཡུལ་ཅན་དེར་ཞེན་པའི་བདེན་འཛིན་རྣམ་རྟོག་དགག་མི་དགོས་ཏེ། རང་བཞིན་སྐྱེ་བ་མེད་པ་དང་། ཆོས་ཅན་བསྒྲུབ་མི་དགོས་ཏེ་རོལ་པ་འགག་པ་མེད་པའི་ཕྱིར། ཞེས་པས་སྤང་བླང་དགག་སྒྲུབ་བྲལ་བས་ཕན་ཚུན་ལྟོས་གྲུབ་ཀྱིས་སོ་སོར་ངོ་སྤྲོད་དུ་ཡོད་པའོ། །གསུམ་པ་ནི། གཉིས་སྣང་གི་ཆོས་འདི་རྣམས་མཚན་ཉིད་སྣང་སྟོང་སྐྱེ་འགག་དབྱེར་མེད་ཡིན་ཏེ་ཆོས་ཉིད་ཀྱི་བཞུགས་ཚུལ་ལ་ལྟོས་པ་མི་འགྲུབ་པའི་ཕྱིར། ཆོས་ཉིད་ནི་མ་བཅོས་པ་ཡིན་པ་དང༌། ལྟོས་པ་ནི་ཆོས་ཅན་གཉིས་སྣང་མི་ནུབ་པའི་མཚམས་དང༌། ལྟོས་མེད་ནི་ཆོས་ཉིད་གཉིས་སྣང་ནུབ་པའི་གནད་ཀྱིས་སོ། །འདིའི་གནད་ཀྱིས་ཆོས་ཐམས་ཅད་རྟེན་འབྲེལ་དང་། དེ་སྟོང་པ། དེའང་དབྱེར་མེད་པས་སྟོང་པ་རྟེན་འབྲེལ་དུ་ཤར་བའི་ཐ་སྙད་རུང་ཡང་། སྟོང་པ་མ་བཅོས་པའི་ཕྱིར་རྟེན་འབྲེལ་མིན་ཏེ། བུམ་སོགས་སྟེང་ནས་ལོགས་སུ་སྟོང་པ་མེད་ཀྱང་། བུམ་སོགས་མཐོང་བས་སྟོང་ཉིད་མི་མཐོང་། བུམ་སོགས་རྟེན་འབྲེལ་དང་། བུམ་སོགས་ཀྱི་རང་བཞིན་སྟོང་པ་ཡིན་པ་བཞིན། རང་བཞིན་བཅོས་མིན་དང་། འཁོར་འདས་གཉིས་མེད་སོགས་ཀྱི་བསྒྲུབ་ཚུལ་མང་དུ་གསུངས་མོད། རྫོགས་ཆེན་རང་ལུགས་ལ། ཐ་མལ་གྱི་ཤེས་པ་རིག་པ་སྐད་ཅིག་མའི་རང་ཐོག་ཏུ་ངོ་སྤྲད་དེ། དེའི་ངོ་བོ་རིག་སྟོང་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ཀྱི་ངང་སྐྱོང་བ་རང་རིག་མངོན་སུམ་གྱི་ཐོག་ཏུ་ལ་བཟླ་བ་དེ་འདྲ་ཡོད་པ་མ་ཡིན་ནོ། །དེའང་ཕྱག་རྒྱ་ཆེན་པོ་ལས་འོད་གསལ་གཉུག་མ་མ་བཅོས་པའི་ཡེ་ཤེས་ལ་འཇོག་ཐབས་ཙམ་མཐུན་ནའང་། ཉམས་ཞེན་གྱི་འགྲོས་ཆོད་པའི་རིག་པ་ལ། དག་མཉམ་ཆེན་པོའམ། དུ་མ་རོ་གཅིག མ་འདྲེས་ཡོངས་རྫོགས་སམ་དབྱིངས་ཡེ་དབྱེར་མེད་སོགས་ཐག་གཅིག་ཐོག་ཏུ་ཆོད་པའི་རང་བབས་ལྷུག་པའི་རྫོགས་ཚུལ་གྱི་རང་གཤིས་སྐྱོང་བ་འདིས་ཁྱད་པར་འཕགས་ཏེ། གཟུང་འཛིན་གྱི་ཡུལ་ལ་དུ་མ་རོ་མཉམ་གྱིས་རྒྱས་འདེབས་དགོས་པའི་སྐྱེ་འགག་གི་གྲངས་འདེད་དང་། སྐྱོན་ཡོན་གྱི་འཆིང་བ་རང་གྲོལ་མ་ཡིན་པ་རྣམ་རྟོག་ཆོས་སྐུ་སྒོམ་ནས་རྣམ་རྟོག་ལམ་སྒྱུར་དུ་འགྲོ་བའི་ཁྲིད་ཚུལ་སོགས་ཀྱི་ཕྱག་རྫོགས་ཀྱི་ཁྱད་པར་ཤེས་པར་བྱའོ།།” ཞེས་སྤྱིའི་ཆིངས་ཆེན་པོ་བཞིས་ངོ་སྤྲོད་གསལ་བར་མཛད།

[120] [BDRC: W30199].ཁྲིད་ཆེན་བཅུ་གསུམ། པོད་ཀ་པ་ ༡། ཀཿཐོག་མཁན་པོ་འཇམ་དབྱངས་རྒྱལ་མཚན། «རྒྱལ་བ་ཀཿཐོག་པའི་ཁྲིད་ཆེན་བཅུ་གསུམ་གྱི་ལོ་རྒྱུས་མདོར་བསྡུས་ཟུང་འཇུག་གྲུབ་པའི་ལམ་བཟང་» (ཤོག་གྲངས་ ༥༣ བ ༢)

[121] དཔལ་སྤུངས་དགོན་པའི་ཤིང་པར། པོད་ཀ་པ་ ༡། གདམས་ངག་མཛོད། ཞྭ་དམར་གཉིས་པ་མཁའ་སྤྱོད་དབང་པོ། «སྙན་བརྒྱུད་རིན་པོ་ཆེའི་ཁྲིད་ཀྱི་མན་ངག་མཁའ་དབྱིངས་སྙིང་པོའི་བདེ་ཁྲིད་» (ཤོག་གྲངས་ ༡ ན ༡ ནས་ ༦ ན ༢)འདིས་བསགས་དང་། སྦྱོང་བ། སྒྲུབ་པའི་ཏིང་ངེ་འཛིན་གསུམ་གྱིས་ཐོག་མའི་ཏིང་ངེ་འཛིན་དང་། ལྟ་བ་ཐབས་ཀྱིས་བཟུང་བ། ལྟ་བ་ཉམས་སུ་མྱོང་བ། ལྟ་བ་ལམ་དུ་སློང་བ། ལྟ་བ་ངོ་སྤྲོད་པ་བཞིས་བར་གྱི་ཏིང་འཛིན་དངོས་ཀྱི་རང་བཞིན་གསུངས། བསྲེ་བ་གསུམ་དང་མན་ངག་ཉི་ཤུས་མཐའི་ཏིང་ངེ་འཛིན་ཏེ་སྦྱོར་དངོས་རྗེས་གསུམ་གྱི་ཏིང་འཛིན་བསྟན་པའི་ལྟ་སྒོམ་ཁྱད་པར་ཅན་གྱི་བསྟན་པའི་གཞུང་ལུགས་ཟབ་མོ་ཞིག་ཡིན།

[122] དཔལ་སྤུངས་དགོན་པའི་ཤིང་པར། གདམས་ངག་མཛོད། པོད་ཚ་པ་ ༡༨། བརྒྱུད་ཡིག འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས་(1813–1899 CE) «སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱི་སྨིན་གྲོལ་སྙིང་པོ་ཕྱོགས་གཅིག་བསྡུས་པ་གདམས་ངག་རིན་པོ་ཆེའི་མཛོད་ཀྱི་དཀར་ཆག་བཀྲ་ཤིས་གྲགས་པའི་རྒྱ་མཚོ་» (ཤོག་གྲངས་ ༤༢ བ ༧)“རྫོགས་པ་ཆེན་པོ་སེམས་སྡེ་ཁམས་ལུགས་ཨ་རོ་སྙན་བརྒྱུད་ཀྱི་ཁྲིད་ཞྭ་དམར་མཁའ་སྤྱོད་དབང་པོས་མཛད་པའི་མཁའ་དབྱིངས་སྙིང་པོའི་བདེ་ཁྲིད་ཀྱི་ཁྲིད་ལུང་བརྒྱུད་པ་ནི། ཐུབ་དབང༌། ལྷའི་བུ་སེམས་ལྷག་ཅན། དགའ་རབ་རྡོ་རྗེ། ཤ་བ་རི་དབང་ཕྱུག འདི་དང་གསར་མ་ལ་གྲགས་པ་དང་མི་གཅིག མཻ་ཏྲི་པ། ཤྲཱི་ས་ཧ། བཻ་རོ་ཙ་ན། གཡུ་སྒྲ་སྙིང་པོ། གཉགས་ལོ་ཡེ་ཤེས་གཞོན་ནུ། སྤྲུལ་པའི་སྐུ་ཨ་རོ་ཡེ་ཤེས་འབྱུང་གནས་”ཞེས་པ་ནས་ “རྗེ་བླ་མ་ཀརྨ་བསྟན་པའི་ཉི་མའི་ཞལ་སྔ་ནས་བདག་ལའོ།།” ཞེས་རིང་བརྒྱུད་དང་། “ཉེ་བརྒྱུད་ནི། ཨ་རོ་ཡེ་འབྱུང༌། སྦ་སྒོམ་བསོད་ནམས་སྙིང་པོ། དུས་གསུམ་མཁྱེན་པ་སོགས་སོ།།” ཞེས་ཉེ་བརྒྱུད་དང་། གཞན་ཡང་“ཡང་ན། ཀུན་བཟང༌། རྡོར་སེམས། དགའ་རབ། ཤྲཱི་སི། བཻ་རོ། གཡུ་སྒྲ། ཡེ་ཤེས་འབྱུང་གནས། ཡ་ཟི་བོན་སྟོན། གྲུ་གུ་གློག་འབྱུང༌། སྦ་སྒོམ་བསོད་ནམས་སྙིང་པོ། དམ་པ་མཛེས་སྒོམ་ཞིག་པོ། རྟོགས་ལྡན་འབའ་ར་སྒོམ་ཆེན། ཇོ་མོ་ཉང་མོ། དམ་པ་ཤཱཀྱ་རྒྱལ། དེ་ལས་དབུས་སྟོན་ཤཱཀྱ་དང༌། དབུས་པ་ཞིག་པོ་གཉིས། གསུམ་ཀ་ལས་སྤྱི་མཁར་ལྷ་རྗེ་ལྷ་ཁང་པ་ཡོན་ཏན། ཞིག་པོ་བདུད་རྩི། རྟ་སྟོན་ཇོ་བོ་ཡེ་ཤེས། རྟ་སྟོན་གཟི་བརྗིད་གྲགས། གཡུང་སྟོན་རྡོ་རྗེ་དཔལ། རྒྱལ་དབང་རོལ་པའི་རྡོ་རྗེ། རྟོགས་ལྡན་མཁའ་སྤྱོད་དབང་པོ་མན་འདྲ།” ཞེས་པའི་བར་དུ་ཨ་རོའི་ལུགས་ཀྱི་རྫོགས་པ་ཆེན་པོའི་བརྒྱུད་རིམ་མ་ནུབ་པ་གསལ་པོར་གསུངས།

[123] དཔལ་སྤུངས་དགོན་པའི་ཤིང་པར། པོད་ཀ་པ་ ༡། གདམས་ངག་མཛོད། ཞྭ་དམར་གཉིས་པ་མཁའ་སྤྱོད་དབང་པོ། «སྙན་བརྒྱུད་རིན་པོ་ཆེ་བྱང་སེམས་སྙིང་པོའི་པྲ་ཁྲིད་» (ཤོག་གྲངས་ ༦ ན ༢ ནས་ ༨ བ ༦)བར་དུ་བཞུགས་ཤིང་། འདིས་དངོས་གཞི་པཎྜི་ཏའི་ལུགས་དང་། ཀུ་སུ་ལུའི་ལུགས་གཉིས་ལས་ཕྱི་མའི་དོན་ཐབས་དྲུག་གིས་སེམས་བཟུང་བའི་མན་ངག་བསྟན་པ་དང་། གཞི་སྙིང་པོའི་དོན། ལམ་རྟོགས་པའི་དོན། འབྲས་བུ་རྫོགས་པའི་དོན་གསུམ་གྱིས་སེམས་ལམ་དུ་བླང་ཚུལ་གཉིས་ཀྱིས་བརྗོད་བྱ་གཙོ་བོར་སྒོམ་པ་བསྟན།

[124] [BDRC: W2PD17526] དབུ་མེད་བྲིས་མ། ཞྭ་དམར་སྐུ་ཕྲེང་གཉིས་པ་མཁའ་སྤྱོད་དབང་པོ། བཀའ་བརྒྱུད་རིན་པོ་ཆེའི་རྣམ་པར་ཐར་པ་རབ་གསལ་མཆོག་དུ་གྲུབ་པ་རྒྱན་གྱི་ཕྲེང་བ། (དཔལ་གཡུང་སྟོན་ཆེན་པོ་རྡོ་རྗེ་དཔལ་པའི་རྣམ་པར་ཐར་པ། ཤོག་གྲངས་ ༣=381 ན ༢)ལས། “དེ་གཞན་ཨ་རོ་ཡེ་ཤེས་འབྱུང་གནས་ལ། །སྙགས་ཆེན་ཀུ་མཱ་ར་ནས་བརྒྱུད་པའི། །རིན་ཆེན་འཕགས་ལམ་བཀོད་པའི་རྒྱུད་དང་ནི། །ཡེ་ཤེས་འཁོར་ལོ་གསང་བ་སྙིང་རྒྱུད་དང༌། །རྫོགས་པ་ཆེན་པོ་ཉི་མ་སྙིང་པོའི་རྒྱུད། །ཡེ་ཤེས་གསང་བ་སྒྲོན་མའི་རྒྱུད་དང་བཞི། །དེ་དག་རྣམས་ཀྱི་དགོངས་དོན་ཨ་རོ་ཡི། །མན་ངག་བེ་བུམ་ཆེ་ཆུང་གཉིས་སུ་བསྡེབས། །དེ་གཞན་ཨ་རོའི་ཐེག་ཆེན་རྣལ་འབྱོར་དང༌། །ཞེན་ལོག་སྤོང་སྒྲོན་དད་སྐྱེད་སྒྲོན་མེ་དང༌། །མན་ངག་ཅོག་བཞག་ལ་སོཌ་གདམས་ཕྲན་རྣམས། །སེམས་སྡེ་མ་བུ་བཅོ་བརྒྱད་ཨ་རོ་ལུགས། །འདི་རྣམས་ཨ་རོའི་ཆོས་སྐོར་ཡིན་པར་གྲགས།།” ཞེས་བྱུང་།

[125] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། གངས་ཅན་རིག་མཛོད་ ༡༧། «ཆོས་འབྱུང་རིན་པོ་ཆེའི་གཏེར་མཛོད་བསྟན་པ་གསལ་བར་བྱེད་པའི་ཉི་འོད་»(སྔ་འགྱུར་དུ་གྲགས་པ་རྙིང་མའི་བབས་ཚུལ། pp.394n1)ལས། “གཞན་ཡང་གཉགས་ཛྙཱ་ན་ཀུ་མཱ་རས། ཨ་རོ་ཡེ་ཤེས་འབྱུང་གནས་ལ། རིན་ཆེན་འཕགས་ལམ་བཀོད་པའི་རྒྱུད་དང་། ཡེ་ཤེས་འཁོར་ལོ་གསལ་བ་སྙིང་རྒྱུད་དང་། རྫོགས་པ་ཆེན་པོ་ཉི་མའི་སྙིང་པོའི་རྒྱུད། ཡེ་ཤེས་གསང་བ་སྒྲོན་མའི་རྒྱུད་ལ་སོགས་པ་བཤད་པས། དེའི་ལུགས་ལ་ཁམས་ལུགས་ཞེས་གྲགས་སོ། །ཁམས་ལུགས་ཨ་རོའི་སྐོར་ལ། ཆོས་སྡེ་དྲུག་སྟེ། དེ་ལ་ཨ་རོ་ཕྱི་སྐོར་ནང་སྐོར་གསང་སྐོར། གཟེར་ཀའི་སྐོར། སྡེ་སྐོར། སྤྲུལ་པའི་སྐོར་དང་དྲུག་གོ །དེ་ལ་ཕྱི་སྐོར་ནི། ཐེག་ཆེན་རྣལ་འབྱོར་ལ་སོགས་པའོ། །ནང་སྐོར་ནི། མདོ་ལུགས་མདོ་རྩ་མདོ་འགྲེལ་པ་ལ་སོགས་པ་བཻ་རོ་ཙ་ནའི་ཆོས་རྣམས་སོ། །གསང་སྐོར་ནི། རིན་པོ་ཆེ་གདབ་སྤུང་གི་སྐོར་དང་། ཐུན་བདུན་མ་ལ་སོགས་པའོ། །གཟེར་ཁ་ལ་ཆེ་འབྲིང་ཆུང་གསུམ་མོ། །སྡེ་སྐོར་ལ་སྡེ་སྐོར་བཞི་བཅུ་ཞེ་གཉིས་ལ་སོགས་པའོ། །སྤྲུལ་སྐོར་ནི། ཨ་རོ་སྤྲུལ་པའི་སྐུ་རུ་བྱོན་པའི་ཚུལ་དང་བཅས་པའི་གདམས་ངག་རྣམས་སོ། །དེ་རྣམས་ནི་ཨ་རོའི་སྐོར་གྱི་དབྱེ་བའོ། །ཞེས་གསུངས།

[126]  «ལོ་རྒྱུས་» (ཤོག་གྲངས་ ༦ ན ༦)

[127]  «ལོ་རྒྱུས་» (ཤོག་གྲངས་ ༧ ན ༣)

[128] རྔོག་ལེགས་པའི་ཤེས་རབ་(1059-1109 CE)ཁོང་གི་འཁྲུངས་འདས་ལོ་ཚིགས་སྟེང་ནས་ཨ་རོ་དངོས་སུ་མཇལ་མེད་པར་ངེས་ཤིང་། དེས་ན་འདི་སློབ་བརྒྱུད་ནས་བྱུང་བ་ཡིན་ནམ་སྙམ།

[129] ཡིག་ཆ་ཕལ་མོ་ཆེར་གྲུམ་འབྱུང་།

[130] མཚོ་སྔོན་མི་རིགས་པར་འདེབས་བཟོ་གྲྭ། སྟག་སྒང་མཁས་མཆོག་ངག་དབང་བློ་གྲོས། «བསྟན་པའི་སྙིང་པོ་གསང་ཆེན་སྔ་འགྱུར་ངེས་དོན་ཟབ་མོའི་ཆོས་ཀྱི་བྱུང་བ་གསལ་བར་བྱེད་པའི་ལེགས་བཤད་མཁས་པ་དགའ་བྱེད་ངོ་མཚར་གཏམ་གྱི་རོལ་མཚོ་»(སྤྱི་དོན་གསུམ་པ། གསང་ཆེན་རྙིང་མའི་བཀའ་མའི་ཕྱོགས་ལས་དངོས་གྲུབ་བརྙེས་ཤིང་བཤད་སྒྲུབ་ཀྱི་བྱ་བ་བྱེད་པའི་སྐྱེས་བུ་དམ་པ་རྣམས་བྱོན་ཚུལ་བརྗོད་པ་ལས། ཨ་རོའི་ལུགས་སུ་གྲགས་པའི་སེམས་སྡེའི་བརྒྱུད་ཚུལ། ཤོག་གྲངས་ PP. 199n21)ལས། “དེར་ཡུན་རིང་བར་བཞུགས་ནས་གདམས་པ་ཟབ་མོས་གདུལ་བྱ་རྣམས་བསྐྱངས་ནས་འགྲོ་བའི་དོན་མཛད། དེའི་སློབ་མ་ཡང་ཁམས་ཀྱི་ཡ་ཟི་བོན་སྟོན། ཁ་རག་གི་བྲུ་ཤ་རྒྱལ་བུ། དབུས་ཀྱི་གྲུམ་ཤིང་ཤེས་རབ་སྨོན་ལམ། གཙང་གི་ཅོག་རོ་ཟངས་དཀར་མཛོད་ཁུར་རོ། །ཡ་ཟི་བོན་སྟོན་གྱིས་དབུས་གཙང་དུ་བྱོན་ནས་གཅོད་རྒྱན་གོང་གི་གྲུ་གུ་ཀློང་འབྱུང་ལ་བཤད། དེས་བྲེས་ཆུ་བར་གྱི་གླེན་སྒོམ་ཚུལ་ཁྲིམས་སྙིང་པོ་ལ་བཤད། དེ་ནི་ངས་རོའི་རྣ་བར་ཆོས་བཤད་ན་རོ་འགུལ། ནམ་མཁའི་བྱ་ལ་སྒོམ་བཏབ་ན་ཡང་ཐེབ་ཅེས་ཟེར། དེས་སྦ་སྒོམ་བསོད་ནམས་རྒྱལ་མཚན་ལ་བཤད། དེ་ནི་ཡུལ་འཕན་ཡུལ་སྤྲས་ཀྱི་འཇུ་བ་ཇོ་བོ་ཆེན་པོ་རྗེ་ལྷ་གཅིག་དང་མཇལ་ནས་རྟོགས་པ་ཕུལ་བས་དགྱེས་ཏེ། ད་ཁྱོད་ཀྱི་དེ་ལ་བྱམས་པ་དང་སྙིང་རྗེའི་སྨོན་པ་ཞིག་ཐོབ་ལ་སྒོམས།” ཞེས་གསུངས།

[131]  «ལོ་རྒྱུས་» (ཤོག་གྲངས་ ༧ ན ༦)

[132]  «ལོ་རྒྱུས་» (ཤོག་གྲངས་ ༨ བ ༡)

[133]  «ལོ་རྒྱུས་» (ཤོག་གྲངས་ ༩ ན ༦)

[134] སྟག་སྒང་མཁས་མཆོག་གུ་རུ་བཀྲ་ཤིས། «བསྟན་པའི་སྙིང་པོ་གསང་ཆེན་སྔ་འགྱུར་ངེས་དོན་ཟབ་མོའི་ཆོས་ཀྱི་བྱུང་བ་གསལ་བར་བྱེད་པའི་ལེགས་བཤད་མཁས་པ་དགའ་བྱེད་ངོ་མཚར་གཏམ་གྱི་རོལ་མཚོ་»(སྤྱི་དོན་གསུམ་པ། གསང་ཆེན་རྙིང་མའི་བཀའ་མའི་ཕྱོགས་ལས་དངོས་གྲུབ་བརྙེས་ཤིང་བཤད་སྒྲུབ་ཀྱི་བྱ་བ་བྱེད་པའི་སྐྱེས་བུ་དམ་པ་རྣམས་བྱོན་ཚུལ་བརྗོད་པ་ལས། ཨ་རོའི་ལུགས་སུ་གྲགས་པའི་སེམས་སྡེའི་བརྒྱུད་ཚུལ། pp.199n24)ལས། “དབུས་ཀྱི་གྲུམ་ཤིང་ཤེས་རབ་སྨོན་ལམ།” ཞེས་གསུངས།

[135] འདིའི་འཁྲུངས་འདས་གསལ་པོ་ཞིག་མ་རྙེད་ཀྱང་ལོ་ཆེན་རིན་ཆེན་བཟང་པོ་(958-1055 CE)ཡི་དངོས་སློབ་ཡིན་པར་བཤད་པ་མ་ཟད་གསང་ཕུ་དགོན་དང་། སྙེ་ཐང་བདེ་བ་ཅན། ཚལ་གུང་ཐང་དགོན། དགའ་བ་གདོང་དགོན། སྐྱོར་མོ་ལུང་དགོན། ཟུལ་ཕུ་དགོན་ཞེས་དབུས་ཀྱི་གདན་ས་ཆེན་པོ་དྲུག་གི་ཡ་གྱལ་གསང་ཕུ་དགོན་ཕྱི་ལོ་ 1073 CE)ལོར་རྔོག་ལེགས་པའི་ཤེས་རབ་ཀྱིས་ཕྱག་འདེབས་པ་པོ་ཡིན་པར་བཤད། ཨ་རོའི་སློབ་མ་དེའང་འདི་ཉིད་རང་ཡིན་མིན་བརྟག་དགོས་སོ།།

[136] སྡེ་དགེའི་བཀའ་འགྱུར། མདོ་སྡེ། པོད་ཝ་པ་ ༦༤། «འཕགས་པ་སྤྲིན་ཆེན་པོའི་མདོ་»(དམ་པའི་ཆོས་ཀྱི་དཀྱིལ་འཁོར་གྱི་ཕུང་པོའི་ལེའུ་ ༣༧། ཤོག་གྲངས་ ༡༩༠བ༢)ལས། མངོན་པར་རྫོགས་པ་འཚང་རྒྱ་ཚུལ་དང་། བསྟན་པའི་གནས་ཚད། གདུལ་བྱ། ཆོས་སོགས་ལོ་རྒྱུས་གསལ་པོ་བཞུགས་ཤིང་། དེ་བཞིན་དུ། སྡེ་དགེ་བཀའ་འགྱུར། མདོ་སྡེ། པོད་ཛ་པ་ ༦༣། «འཕགས་པ་རྔ་བོ་ཆེ་ཆེན་པོའི་མདོ་» ཤོག་གྲངས་ ༡༢༥ ན ༡ ལས་ཀྱང་འབྱུང་།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།