ཚད་མའི་འབྲེལ་བ་ལ་དཔྱད་པ་བློ་གསལ་བུང་བ་མགུ་བའི་མཛེས་རྒྱན།

ལོ་རིམ་ལྔ་པའི་སློབ་གཉེར་བ། ཕུར་བུ་ཚེ་རིང་།

ཚད་མར་གྱུར་པ་རྒྱལ་དང་རྒྱལ་བའི་གསུང་། །ཚད་མའི་རིགས་པས་སྲང་ལ་འཇལ་མཁས་པའི།།
ཚད་མ་མདོ་ཡི་དགོངས་དོན་ཚུལ་བཞིན་དུ། །ཚད་མའི་ལམ་སྲོལ་འབྱེད་པོ་ཁྱེད་ལ་འདུད།།

ཤེས་རབ་དམན་པར་གྱུར་ཀྱང་རྟོགས་དཀའི་གནས། །གཞུང་འདིར་བརྟེན་ནས་ཡང་དག་མཐོང་བའི་ཕྱིར།།
ཕྱི་སྐོགས་ཚུལ་དང་འབྲེལ་བའི་དོན་འགའ་ཞིག །ཕན་པའི་སེམས་ཀྱིས་ཅུང་ཙམ་བྲི་བར་བྱ།།

ཞེས་མཆོད་པར་བརྗོད་པས་མདུན་བསུས་ནས་དེ་ཡང་ཐབས་མཁས་ལ་ཐུགས་རྗེ་དང་ལྡན་པ་མི་མཇེད་འཇིག་རྟེན་འདིར་སྣང་བའི་སྒོ་ཆེན་འབྱེད་པའི་ཀུན་མཁྱེན་འགྲོ་བའི་མགོན་པོ་གང་གིས་གདུལ་བྱའི་ཁམས་དབང་མོས་པ་དང་མཐུན་པའི་བཀའ་འཁོར་ལོ་ཐོག་མཐའ་བར་གསུམ་ལས་གཙོ་བོ་འཁོར་ལོ་དང་པོའི་དགོངས་འགྲེལ་དུ་གྱུར་པ་རྣམ་འགྲེལ་ལེའུ་གཉིས་པར་རྟོགས་དཀའ་བའི་གནས་བླང་དོར་གྱི་འཇུག་ལྡོག་བྱེད་པའི་གཞིར་གྱུར་པ་བདེན་བཞིིའི་དོན་དང་། དེ་སྟོན་མཁན་སྟོན་པ་གཉིས་ཀ་ཚད་མ་ཡིན་པར་བསྒྲུབ་པར་བྱ་ཞིང་དེའི་སྒྲུབ་བྱེད་གཏན་ཚིགས་ཀྱི་རྣམ་གཞག་རྒྱས་པར་བཤད་པའི་རྣམ་འགྲེལ་ལེའུ་དང་པོ་རང་དོན་གྱི་རྗེས་དཔག་ལས། དེ་ཕྱིར་དེ་ཙམ་དང་འབྲེལ་བའི། །ངོ་བོ་ཉིད་ཀྱི་ངོ་བོ་ཉིད། །ལྡོག་པར་འགྱུར་བའམ་རྒྱུ་ཡིས་ནི། །འབྲས་བུ་འཁྲུལ་བ་མེད་ཕྱིར་རོ། །ཞེས་པ་ལས་འཕྲོས་ནས་འབྲེལ་བའི་དོན་ལ་དཔྱད་པ་ཅུང་ཙམ་བགྱི་བའི་ཁུལ་བྱས་ན། འབྲེལ་བའི་གོ་དོན་ཞེས་བྱ་བ་དེ་ཉིད་བཤད་པ་ལ་ས་བཅད་རྣམ་པ་ལྔ་ཡིས་སྒོ་ནས་ཞུ་བར་བྱའོ།།

དང་པོ། ཚད་མ་རྣམ་འགྲེལ་གྱི་ལེའུ་དང་པོའི་གཞུང་སྤྱིའི་ཁོག་དབུབ་པ།

ཚད་མ་རྣམ་འགྲེལ་གྱི་བསྟན་དོན་ནམ་བརྗོད་བྱ་གཙོ་བོ་ནི་རྟོག་གེའི་ཚིག་དོན་བརྒྱད་ཡིན་ཞིང་། དེ་ཡང་རང་གི་གཞལ་བྱ་ངེས་པའི་ཐབས་ལ་མངོན་རྗེས་ཡང་དག་ལྟར་སྣང་བཞི་དང་། ངེས་ནས་གཞན་རྗེས་སུ་འཛིན་པའི་ཐབས་སམ་ཡན་ལག་ལ་སྒྲུབ་ངག་སུན་འབྱིན་ཡང་དག་ལྟར་སྣང་བཞི། དེ་ཡང་འདི་ལྟར་བསྟན་ཏེ། ལེའུ་དང་པོར་རྗེས་དཔག་ཡང་དག་དང་ལྟར་སྣང་། གསུམ་པར་མངོན་སུམ་དང་དེའི་ལྡོག་ཕྱོགས་ལྟར་སྣང་། བཞི་པར་སྒྲུབ་ངག་ཡང་དག་དང་ལྟར་སྣང་སུན་འབྱིན་ཡང་དག་དང་ལྟར་སྣང་བཞི་བཅས་བརྒྱད་བསྟན་ཏོ། །དེ་དག་ལས་ལེའུ་དང་པོར་རྗེས་དཔག་ཡང་དག་དང་ལྟར་སྣང་གཉིས་ཇི་ལྟར་བསྟན་ཅེ་ན། འབྲས་རང་མ་དམིགས་པའི་གཏན་ཚིགས་གསུམ་ནི་རྗེས་དཔག་གི་རྟེན་ཡིན་ཞིང་དེ་རྒྱས་པར་བཤད་པའི་སྒོ་ནས་དེ་ལ་བརྟེན་ནས་སྐྱེས་པའི་རྗེས་དཔག་ཡང་དག་དང་། དེ་བཞིན་མ་གྲུབ་མ་ངེས་འགལ་བའི་གཏན་ཚིགས་ལྟར་སྣང་རྣམས་རྗེས་དཔག་ལྟར་སྣང་གི་རྟེན་ཡིན་ཞིང་དེ་སྐབས་དུ་མར་བཤད་པའི་སྒོ་ནས་དེ་ལ་བརྟེན་ནས་སྐྱེས་པའི་རྗེས་དཔག་ལྟར་སྣང་བསྟན་ཏོ། །དེ་འདྲ་བའི་རྗེས་དཔག་ཡང་དག་དང་ལྟར་སྣང་གཉིས་ཀྱི་རྟེན་དུ་གྱུར་པའི་རྟགས་ཡང་དག་དང་ལྟར་སྣང་གཉིས་ཀྱི་རྣམ་གཞག་སྤྱིའི་ཁོག་བསྡུས་པ་ན།

སྤྱིར་རྒྱལ་བའི་དགོངས་པ་འགྲེལ་ཚུལ་ལ་རྣམ་པ་སྣ་ཚོགས་ཡོད་ཀྱང་། སློབ་དཔོན་ཕྱོགས་གླང་ཡབ་སྲས་རྣམས་ཀྱིས་གཙོ་བོ་འགྲེལ་བྱེད་རིགས་པ་རྒྱས་པར་བཤད་པའི་སྒོ་ནས་རྒྱལ་བའི་དགོངས་པ་འགྲེལ་བར་བྱེད་དེ། འགྲེལ་བྱེད་ཀྱི་རིགས་པ་ཡང་དག་པར་གཏན་ལ་མ་ཕབ་ན་འགྲོལ་བྱེད་ཕྱིན་ཅི་ལོག་ཏུ་གྱུར་པས་དགྲོལ་བྱ་དོན་ལ་མི་གནས་ཏེ། དཔེར་ན་དངོས་པོའི་ལྗིད་ཚད་ཅིག་གཞལ་དགོས་ན་དང་པོ་འཇལ་བྱེད་ཀྱི་སྲང་དེ་ཇི་བཞིན་དུ་གནས་པ་ཞིག་མ་བཟོས་ན་དེར་བཅལ་བའི་དངོས་པོའི་ལྗིད་ཚད་དཔོག་མི་ནུས་པ་བཞིན་ནོ། །དེ་ཡང་སྔོན་གྱི་འཕགས་པ་ཐོགས་མེད་སོགས་ཀྱིས་རྒྱུ་བྱ་བ་བྱེད་པ་སོགས་རིགས་པ་རྣམ་པ་བཞིས་གཏན་ལ་ཕབ་ན་ཡང་། འདིར་ནི་གཏན་ལ་འབེབས་བྱེད་ཀྱི་འབྲས་རང་མ་དམིགས་པའི་གཏན་ཚིགས་རིགས་པ་མི་བསླུ་བ་སྲང་ལྟ་བུ་ལ་དབབ་བྱ་གཙོ་བོ་སྟོན་པ་ཚད་མའི་སྐྱེས་བུ་ཡིན་པ་དང་། མ་ཟད་ཀུན་ཉོན་འཁོར་བ་གྲུབ་ཚུལ་དང་རྣམ་བྱང་མྱང་འདས་གྲུབ་ཚུལ་དེ་དག་གཏན་ལ་འབེབས་བྱེད་ཀྱི་རིགས་པ་འབྲས་རང་མ་དམིགས་གཏན་ཚིགས་གསུམ་རྒྱས་པར་བཤད་པའི་སྒོ་ནས་གཏན་ལ་འབེབས་པའམ་འགྲེལ་བར་བྱེད་དོ། །དེ་ཡང་མཚོན་བྱེད་དཔེ་ཡི་གཏན་ཚིགས་ལ་བརྟེན་ནས་མཚོན་བྱ་དོན་གྱི་རྟགས་ཡང་དག་དཔོག་ཐུབ་པའམ་མཚོན་ཐུབ་པས་ན་དཔེའི་གཏན་ཚིགས་ཡང་དག་དེ་ཉིད་རྒྱས་པར་གསུངས་ཏེ། མཚན་གཞི་ཙམ་བཞག་ན། དཔེའི་འབྲས་རྟགས་ཡང་དག་ལ་བརྟེན་ནས་ལུས་ངག་གི་རྟགས་ཁྱད་པར་ཅན་དང་ལྡན་པ་ལས་བྱང་སེམས་སྦྱོར་ལམ་དྲོད་ལ་གནས་པའི་སེམས་དཔའ་དབང་རྣོན་དེ་ཐབས་ཤེས་ཁྱད་པར་ཅན་དང་ལྡན་པར་རྟོགས་ཐུབ་པ་དང་། དཔེའི་རང་བཞིན་རྟགས་ཡང་དག་ལ་བརྟེན་ནས་རིགས་ཡོད་པའི་རྟགས་ཀྱིས་སེམས་ཅན་འཚང་རྒྱ་རུང་དཔོག་ཐུབ་པ་དང་། དཔེའི་རང་བཞིན་མ་དམིགས་པའི་རྟགས་ལ་བརྟེན་ནས་ཀུན་མཁྱེན་དེ་ལ་མི་སྣང་བ་མ་དམིགས་པའི་རྟགས་ལས་གང་ཟག་ཕ་རོལ་པོ་ལ་ཀུན་མཁྱེན་མེད་ཅེས་དམ་བཅའ་མི་རིགས་པ་དང་། ཡང་ན་ཀུན་མཁྱེན་མེད་ཅེས་ཐ་སྙད་དོན་མཐུན་མི་འཇུག་པར་བསྒྲུབས་ནས་ཀུན་མཁྱེན་ཡོད་པར་སྒྲུབ་པ་འདི་དག་ནི་དོན་གྱི་གཏན་ཚིགས་ཡང་དག་ལ་འཇུག་པའི་ཆེད་དུ་བསྟན་ཏོ།།

ཡང་ལེའུ་དང་པོར་ཤོ་ལོ་ཀ་ ༣༤༢ ཡོད་པ་ལས་བསྟན་བཅོས་ལུས་མདོར་བསྟན་ཚིགས་བཅད་གཅིག་གིས་བསྟན། གཞུང་འདི་ནི་བཤད་ཐབས་ཡན་ལག་ལྔའི་སྒོ་ནས་གསུངས་ལ། དེ་ཡང་སྤྱིར་བཤད་ཐབས་ཡན་ལག་ལྔ་ནི་རྒྱལ་བའི་བཀའ་འཆད་བྱེད་དམ་བཀའི་དགོངས་པ་འགྲེལ་ཚུལ་དེ་ཡང་རྒྱལ་ཚབ་བྱམས་པ་མགོན་པོ་ནས་མར་རྒྱ་ཆེན་སྤྱོད་པའི་བརྒྱུད་པ་དེ་དག་རིམ་བཞིན་བརྒྱུད་པས་བྱམས་པ་ཉིད་ཀྱི་བརྒྱུད་པ་ཡིན་ནོ། །དེ་ནས་རིམ་བཞིན་ཐོགས་མེད་ཀྱིས་རྣམ་བཤད་རིགས་པ་ཞེས་པའི་གཞུང་ཆེན་དེར། མདོ་དོན་སྨྲ་བ་དག་གིས་ནི། །དགོས་པ་བསྡུས་པའི་དོན་བཅས་དང་། །ཞེས་སོགས་བསྟན་བཅོས་ལ་ཡང་སྦྱར་ཡོད། དེ་བཞིན་དཔལ་ཆོས་ཀྱི་གྲགས་པས་ཀྱང་རྣམ་འགྲེལ་ལེའུ་དང་པོ་དེ་ཉིད་བཤད་ཐབས་ཡན་ལག་ལྔའི་གོ་རིམ་དང་མཐུན་པར་ལུས་མདོར་བསྟན་ནས་བཤད་དོ། །ལུས་མདོར་བསྟན་ནས་ཇི་ལྟར་བསྟན་པ་བཞིན་དུ། ཕྱོགས་ཆོས་དེ་ཆས་ཁྱབ་པ་ཡི། །གཏན་ཚིགས་ཞེས་པ་དེ་ལ་སློབ་དཔོན་ཕྱོགས་ཀྱི་གླང་པོའི་གཞུང་རྣམས་སུ་ཚུལ་གཅིག་དང་ཚུལ་དྲུག་ཏུ་འདོད་པའི་གཞན་གྱིས་འདོད་པའི་རྟགས་ཀྱི་རྣམ་གཞག་རྣམས་བཀག་ནས། ཚུལ་གསུམ་པོ་རེ་རེ་བཞིན་དོན་རྒྱས་པར་བསྟན་པས་ན་གཞུང་འདིར་རྒྱས་པར་མ་སྤྲོས་སོ། །འོ་ན་གང་རྒྱས་པར་སྤྲོས་ན། ཕྱོགས་གླང་གི་གཞུང་དུ་ཐོར་བུའི་ཚུལ་དུ་བསྟན་པ་དང་མ་བསྟན་པའི་རྟོོགས་དཀའ་བའི་གནས་འགའ་ཞིག་གཞུང་འདིར་རྒྱས་པར་སྤྲོ་བར་བྱེད་དེ། དེ་ཡང་གཏན་ཚིགས་དེ་ནི་རྣམ་གསུམ་ཞེས་པའི་རྒྱས་བཤད་ལ། རྒྱུ་ལ་རང་བཞིན་ནས་གྲུབ་པ་ལ་ནི་ཐལ་བ་བཞིན་བར་དུ་ཚིགས་བཅད་ལྔས་གོ་བར་བྱེད་པ་རྟགས་གསུམ་གྱི་ངོ་བོ་བསྟན། ཉིད་ཅེས་པའི་རྒྱས་བཤད་རྒྱུ་ཚོགས་པ་ལས་འབྲས་སྐྱེ་བར་ནས་དེ་ལ་ལྷག་མ་ལྡན་ཞེས་བརྗོད་པའི་བར་དུ་ཚིགས་བཅད་བརྒྱད་ཀྱིས་རྟགས་གཞན་བཞི་པའམ་དེར་མ་འདུས་པའི་མཐའ་གཞན་འགོག་པ་བསྟན། གཏན་ཚིགས་ལྟར་སྣང་དེ་ལས་གཞན་ཞེས་པའི་རྒྱས་བཤད་དེ་སྤྱིར་བཏང་སྐབས་དུ་མ་ཞིག་ལ་སླེབས་ན་ཡང་རྒྱུ་མ་ཚོགས་པའི་འབྲས་བུ་ནི་ཞེས་པ་ནས་རྟགས་གཞན་བཞི་པ་དེ་ཚིགས་བཅད་བཞིས་བསྟན་ཏོ། །མེད་ན་མི་འབྱུང་ངེས་ཕྱིར་རོ་ཞེས་པའི་རྒྱས་བཤད་ལས་འཕྲོས་ནས་འབྲེལ་བའི་རྒྱས་བཤད་ལ་གཏན་ཚིགས་ཀྱིས་ནི་ཚུལ་གསུམ་ལའང་ཞེས་པ་ནས་མ་དམིགས་པ་ནི་མ་སྒྲུབ་བོ་བར་དུ་འཇོག་མཁན་ཡོད་ཀྱང་། རང་ལུགས་ལ་བླུན་པོ་ཤེས་རབ་འཆལ་བའི་རྟགས་ལྔ་ཡིན་ཞེས་པའི་བར་དུ་ཚིགས་བཅད་ ༣༢༦ གིས་འབྲེལ་བ་ལས་འཕྲོས་ནས་སམ་འབྲེལ་བའི་སྐོར་རྒྱས་པར་གསུངས་སོ།།

དེ་རྒྱས་པར་འཆད་ཚུལ་མདོ་ཙམ་བྲིས་ན། སྤྱིར་རང་ལུགས་ཀྱི་འདོད་པ་བཀོད་པ་དེ་དག་ལ་ཕ་རོལ་པོས་སྐྱོན་བཏང་བ་ལ་སྐྱོན་སྤོང་བྱེད་དགོས་པ་ལས་སྐྱོན་སྤོང་མ་བྱས་པར་རང་ལུགས་འདི་ཞེས་བཞག་པ་ཙམ་གྱིས་གཞུང་ཚད་ལྡན་དུ་མི་འགྱུར། དཔལ་ཆོས་ཀྱི་གྲགས་པས་ནི་དང་པོ་ཉིད་ནས་རང་ལུགས་ཀྱི་འདོད་པ་མ་བཞག་ནས། ཁ་ཅིག་གི་འདོད་པ་མང་པོ་བཀོད་ནས་དེ་དག་ལ་དགག་གཞག་གི་རྣམ་གཞག་མང་པོ་བྱས། ཕྱིས་རང་ལུགས་རྩོད་སྤོང་གི་ཚུལ་དུ་འཇོག་པ་ནི་སློབ་དཔོན་དེ་ཉིད་ཀྱི་ཐུན་མོང་མ་ཡིན་པར་སྣང་ངོ་། །དེ་འདྲ་བའི་སྒོ་ནས་གཞུང་བཤད་ན། སྨྲ་བོ་ཡོན་ཏན་རྣམ་གཞན་དུ། །མི་འགྱུར་ཉན་པོ་ལ་ཡང་མིན། །ཞེས་པའི་དོན་བཞིན་དུ་གནས་སོ། །དེས་ན་གཞུང་འདིར་ཡང་ཆོོས་གྲགས་རང་ཉིད་ཀྱི་བཞེད་པ་གཙོ་ཆེ་བའམ་རྟོགས་དཀའ་བའི་གནས་འགའ་ཞིག་རྩོད་སྤོང་གི་སྐབས་སུ་སྟོན་པར་བྱེད་དེ། དེ་ཡང་རང་ལུགས་ལ་རྟགས་ཡང་དག་ལ་གསུམ་དུ་ངེས་པ་དང་གཞན་གྱི་ལུགས་ལ་ངེས་མི་ཐུབ་པའི་གནད་དེ་འབྲེལ་བ་ལ་ཐུག་སྟེ། རྟགས་ཆོས་ཀྱི་འབྲེལ་བ་མཐོང་བའི་ཚེ་གཞན་གྱིས་རྟགས་མི་མཐུན་ཕྱོགས་ལ་མ་མཐོང་བ་ཙམ་ལྡོག་ཁྱབ་ཏུ་འདོད་པ་དང་། རང་ལུགས་ལ་མི་མཐུན་ཕྱོགས་ལ་མ་མཐོང་བ་ཙམ་མིན་པར་མེད་པར་མཐོང་ནས་མཐུན་ཕྱོགས་ཁོ་ན་ལ་ཡོད་པ་ངེས་དགོས་པར་བསྟན། དེ་ལས་འཕྲོས་ནས་རྟགས་ཆོས་ཀྱི་འབྲེལ་བ་མི་དགོས་པའི་ལུགས་བཀག་ནས་འབྲེལ་བ་ཉིད་ལ་ལྟོས་པའི་རང་ལུགས་འཇོག་སྐབས། དེ་ཕྱིར་དེ་ཙམ་དང་འབྲེལ་བའི་ཞེས་པ་ནས་ཚིགས་བཅད་གཅིག་གིས་སྒྲུབ་རྟགས་ཀྱི་ཁྱབ་པ་གཉིས་པོ་འབྲེལ་བར་ལྟོས་པར་བསྟན། སྒྲུབ་རྟགས་ཀྱི་ཁྱབ་པ་གཉིས་དངོས་སུ་འབྲེལ་བར་བསྟན་ནས་ཤུགས་ལ་དགག་རྟགས་ཀྱང་འབྲེལ་བར་ལྟོས་པར་བསྟན་ཏོ། །དེ་ནས་འབྲེལ་བ་ལ་གཉིས་སུ་ངེས་པས་རྟགས་ཡང་དག་གསུམ་དུ་ངེས་པ་ལ་འཁྲུལ་བ་མེད་ཚུལ་བསྟན། འཁྲུལ་བ་མེད་ཚུལ་དེ་ཡང་གཉིས་ཏེ། དང་པོ་དེ་འབྱུང་འབྲེལ་ལས་འབྲས་བུའི་རྟགས་མི་འཁྲུལ་ཚུལ་ནི། དཔེ་དུ་བའི་རྟགས་ལས་མེ་ཡོད་པར་མི་འཁྲུལ་བ་བཤད་ནས་རྩོད་སྤོང་ཚུལ་དུ་འབྲས་བུའི་གཏན་ཚིགས་རྣམས་རྟགས་ཆོས་འབྲེལ་བ་ངེས་པའི་སྔོན་དུ་རྒྱུ་འབྲས་ཀྱི་འབྲེལ་བ་རྟོགས་སྟངས་ཚད་མའམ་དམིགས་པ་ཕྲུགས་གསུམ་ལས་ཡ་གསུམ་དངོས་སུ་བསྟན་ནས་གཞན་ཤུགས་ལ་བསྟན། གཉིས་པ་རང་བཞིན་ལ་ཡང་མེད་མི་འབྱུང་ཞེས་པ་ནས་བདག་གཅིག་འབྲེལ་ལས་རང་བཞིན་རྟགས་མི་འཁྲུལ་ཚུལ་བསྟན། ཡང་སྒྲས་འབྲས་རྟགས་ལ་མ་ཟད་རང་བཞིན་ལ་ཡང་མེད་ན་མི་འབྱུང་བའི་སྟོབས་ཀྱིས་རྟགས་ཆོས་འབྲེལ་བ་གྲུབ་པས་རྟགས་ཡང་དག་ཏུ་འགྱུར་རོ། །དཔེར་ན་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཚེ་ན་བྱས་པ་གྲུབ་ཙམ་ནས་མི་རྟག་པའི་རང་བཞིན་དུ་གྲུབ་པས་བྱས་པ་མི་རྟག་པའི་ལོགས་ཤིག་ན་མེད་པས་ངོ་བོ་གཅིག་གི་འབྲེལ་བ་གྲུབ་བོ། །དེས་ན་བྱས་མི་རྟག་གཉིས་ཅིག་ཤོས་ལྡོག་པའི་སྟོབས་ཀྱིས་ཅིག་ཤོས་ལྡོག་གོ།

དེ་ལ་ཁ་ཅིག་གིས་དེ་གཉིས་ངོ་བོ་གཅིག་ཡིན་ན་དོན་རང་མཚན་གྱི་སྟེང་ན་ངོ་བོ་གཅིག་ཡིན་དགོས་ཤིང་། དེས་ན་སྦྱོར་བ་དེ་སྒྲུབ་པའི་ཚེ་ན་དམ་བཅའི་ཕྱོགས་གཅིག་རྟགས་སུ་བཀོད་པས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་སྒྲུབ་པར་མི་འགྱུར་རོ་ཞེས་ཟེར་རོ། །དེ་ལྟ་བུའི་དོགས་པ་ཇི་ལྟར་འོང་སྙམ་ན། དེ་ནི་གཞན་སེལ་གྱི་རྣམ་གཞག་ལ་རྨོངས་པའི་དབང་གིས་སོ། །དེ་ཡང་ངོ་བོ་གཅིག་ཡིན་པ་དེ་དག་ལྡོག་པ་ཐ་དད་ཡིན་ན་ཡང་། ལྡོག་པ་གཅིག་ཏུ་འཁྲུལ་ནས་ཡུལ་གྱིི་སྒོ་ནས་ལྡོག་པ་གཅིག་དང་ཐ་དད་ཀྱི་རྣམ་གཞག་དང་། དོན་རང་མཚན་གྱི་གཞན་སེལ་དེ་དག་ལ་ཡུལ་ཅན་གྱི་འཇུག་ཚུལ་མ་ཤེས་ནས་རྩོད་པ་འདི་སླེབས་པས། དེ་ཡི་དོགས་པ་སེལ་བའི་ཆེད་དུ་གཞན་སེལ་གྱི་རྣམ་གཞག་ཀྱང་རྒྱས་པར་སྤྲོ་བར་བྱའོ།།

ཇི་ལྟར་དོན་རང་མཚན་གྱི་སྟེང་ལ་ཐ་དད་མེད་ཀྱང་སེལ་བའི་དབང་གིས་རྟགས་ཆོས་ཀྱི་འབྲེལ་བ་འཐད་དེ། གང་ཕྱིར་དངོས་ཀུན་རང་བཞིན་གྱིས་ཞེས་པ་ནས་ཚིགས་བཅད་གསུམ་གྱིས་ཡུལ་དང་ཡུལ་ཅན་གཉིས་ཀའི་སྒོ་ནས་གཞན་སེལ་ཚུལ་དང་། ལྡོག་པ་ཐ་དད་ཀྱི་རྣམ་གཞག་བསྟན་ཏེ།  དཔེར་ན་དོན་ལ་ལྡོག་པ་ཐ་དད་མེད་ཀྱང་བློ་ངོར་ལྡོག་པ་ཐ་དད་པའི་མ་བྱས་པ་ལས་ལོག་ཙམ་གྱི་བྱས་པ་དང་རྟག་པ་ལས་ལོག་ཙམ་གྱི་མི་རྟག་པ་ལྟ་བུ་གཉིས་ཁྱད་པར་གྱི་ཆོས་གང་ཞིག་གིས་ཆོས་ཤིག་གོ་བར་བྱེད་པ་སྟེ། མི་རྟག་པ་ཞེས་པའི་སྒྲ་ལས་བྱས་པ་མི་གོ་བ་དང་བྱས་པ་ཞེས་པའི་སྒྲ་ལས་མི་རྟག་པ་གོ་མི་ཐུབ་པས་དངོས་མིང་སོ་སོར་གོ་བའི་ཆོས་ཡིན་པས། དེ་གཉིས་རང་ཉིད་ཀྱི་སྒྲ་ལས་རང་ཁོ་ན་གོ་བ་ལས་ཅིག་ཤོས་གོ་མི་ཐུབ་བོ། །དེས་ན་དོན་ལ་ཐ་དད་མེད་ཀྱང་རྟོག་ངོར་ལྡོག་པ་ཐ་དད་དུ་ཡོད་པས་རྟགས་ཆོས་ཀྱི་འབྲེལ་བ་འཐད་པར་བསྟན་ཏོ། །འོག་ནས་དོན་གྱི་རང་གི་ངོ་བོ་གཅིག །ཅེས་པའི་སྐབས་ངོ་བོ་གཅིག་གི་རྣམ་གཞག་དང་། བདག་ཉིད་མངོན་སུམ་ཡིན་པ་ལ། །ཞེས་པ་ནས་ཚིག་རྐང་གསུམ་པོས་སྒྲུབ་འཇུག་དང་། དེ་ཕྱིར་དངོས་པོ་མཐོང་བ་ཡིས་ཞེས་པ་ནས་ཚིགས་བཅད་གཅིག་གིས་གཙོ་བོ་མངོན་སུམ་ཡུལ་ལ་སྒྲུབ་པས་འཇུག་ཚུལ་བསྟན། རྗེས་སུ་དཔག་པ་ལས་ཀྱང་དངོས་ནས་ཚིགས་བཅད་གཅིག་གིས་སེལ་འཇུག་གི་རྣམ་གཞག་དང་སྒྲ་དང་རྟོག་པ་སེལ་བས་འཇུག་ཚུལ་བསྟན་ཏོ། །དེ་ལས་ཡོངས་གྲགས་ཀྱི་ཐ་སྙད་སྤྱད་ན་ཤིང་འཛིན་རྟོག་པ་འཕྲོས། དེ་ཡང་ཤིང་དུ་མ་ལ་ཤིང་ཞེས་སྒྲ་གཅིག་དང་རྟོག་པ་གཅིག་འཇུག་པས་སྒྲ་དང་རྟོག་པ་དེ་ལྟར་འཇུག་ན་དོན་རང་སྟེང་ན་དེ་ལྟར་གྲུབ་པར་འགྱུར་རོ་སྙམ་ན་བློ་ཡིས་གཞན་སེལ་བའི་སྒོ་ནས་དེ་ལྟར་མི་འགྱུར་བར་བསྟན་པས་ཤིང་འཛིན་རྟོག་པ་འཕྲོས། དེ་ཡང་ཡུལ་རང་མཚན་སྟེང་གང་ལ་ཆོས་ཐུན་མོང་བ་ཞིག་རྗེས་སུ་འགྲོ་བ་མེད་ཀྱང་། རྟོག་པས་ཇི་ལྟར་འཇུག་ཅེ་ན། རྟོག་པར་སྣང་བ་ལ་བརྟེན་ནས་འཇུག་པས་སྣང་བ་དེ་ངོས་བཟུང་། དེ་ཡི་ཇི་ལྟར་ཀུན་བཏགས་པ་ནས་ཚིགས་བཅད་གཅིག་གིས་ཡུལ་དུ་མ་ལ་བློ་གཅིག་འཇུག་པའི་རྒྱུ་མཚན་དེ་ཡང་བློ་ཡི་གཞན་སེལ་གྱི་དབང་གིས་ཡིན་པས་ན་བློའི་གཞན་སེལ་དེ་ངོས་བཟུང་བའོ། །མདོར་ན་གཞན་སེལ་དེ་ལ་སྣང་བ་ལྟར་དུ་ཡུལ་རང་མཚན་ལ་གྲུབ་བམ་སྙམ་ན་མི་འགྲུབ་པར་བསྟན། འོ་ན་ཡུལ་དུ་མ་ལ་སྒྲ་བློ་གཅིག་འཇུག་པའི་རྒྱུ་མཚན་དེ་རྟོག་པའི་འཆར་སྣང་ངམ་དོན་སྤྱི་ཡི་སྟོབས་ཀྱིས་གྲུབ་པ་ཡིན་ན་སྒྲ་ཡིས་བརྗོད་ཚུལ་ཇི་ལྟར་ཡིན་སྙམ་ན། བློ་ཡི་འཆར་སྣང་ངམ་དོན་སྤྱི་དེ་བརྡ་ཡུལ་དུ་བསྟན་པས་བརྡ་ཡུལ་འཕྲོས་ཤིང་དེ་ལས་གཙོ་བོ་རྗོད་བྱེད་སེལ་བར་བསྟན། རྗོད་བྱེད་སེེལ་བར་སྒྲུབ་སྟངས་དེ་ཡང་ཕྱི་རོལ་གྱི་འདོད་པ་རྣམས་བཀག་ནས། རང་ལུགས་བརྡ་ཡུལ་ལམ་སྒྲ་ཡི་དངོས་ཡུལ་དེ་ལ་དོན་སྤྱིའམ་བློ་ཡི་གཞན་སེལ་འཐད་པ་དང་། དོན་སྤྱི་དེ་བརྡའམ་རྟོག་པའི་དངོས་ཡུལ་དུ་བྱེད་སྟངས་ཀྱི་རྣམ་གཞག་བསྟན་པའི་སྒོ་ནས་གཙོ་བོ་བརྡ་ཡུལ་དེའི་རྗོད་བྱེད་སེལ་བར་བསྟན་ཏོ།།

དེ་གསུམ་གྱི་ཁྱད་པར་ཡང་། གཞན་སེལ་སྐབས་གཙོ་བོ་རྟོག་པ་ཡུལ་ལ་སེལ་བས་འཇུག་ཚུལ་བསྟན། ཤིང་འཛིན་རྟོག་པའི་སྐབས་རྟོག་པ་ལ་དངོས་སུ་སྣང་བའི་དོན་སྤྱིིའི་རྣམ་གཞག་དང་། བློ་ཡི་གཞན་སེལ་སྣང་བ་བཞིན་དུ་ཡུལ་ལ་མེད་ཚུལ། ཤིང་དེ་དག་རང་མཚན་མ་འདྲེས་པ་ཡིིན་ནའང་རྟོག་པར་འདྲེས་པ་ལྟར་སྣང་སྟངས་བསྟན། བརྡ་ཡུལ་སྐབས་གཙོ་བོ་སྒྲ་སེལ་བས་འཇུག་ཚུལ་བསྟན། དེ་གསུམ་གྱི་རྣམ་གཞག་བདག་གཅིག་འབྲེལ་ལས་འཕྲོས་ནས་རྒྱས་པར་བཤད་ཟིན་ཅིང་རང་བཞིན་གཏན་ཚིགས་ལ་ལོག་པར་རྟོག་པ་དེ་དག་ལྡོག་པར་བྱས། མ་ཟད་རྟགས་ཆོས་ཀྱི་འབྲེལ་བ་གྲུབ་པས་ཕྱོགས་ཆོས་མ་གྲུབ་པའི་སྐྱོན་ཡང་སྤངས་ནས་གཏན་ཚིགས་ཡང་དག་ཏུ་བསྒྲུབས་པ་ཡིན་ནོ། །དེ་ནས་རང་བཞིན་ཁྱད་པར་བྱེ་བྲག་ལ་ཞེས་པ་ནས་ཚིགས་བཅད་གཅིག་གིས་དེ་ཡི་དབྱེ་བ་ཡང་བསྟན་ནས་སྒྲུབ་རྟགས་བཤད་ཟིན་ཏོ།།

ད་ནི་དགག་རྟགས་ལ་མ་དམིགས་པ་གཉིས་སྟོན་སྐབས་མི་སྣང་མ་དམིགས་པ་སྔོན་དུ་བཤད་ནས་སྣང་རུང་མ་དམིགས་པ་རྗེས་སུ་བཤད། དེ་གཉིས་ཀྱི་རྩོད་སྤོང་གི་སྐབས་སུ་སྣང་རུང་མ་དམིགས་པ་བརྗོད་བྱ་མང་བས་སྔོན་དུ་བཤད་ནས་མི་སྣང་མ་དམིགས་པ་བརྗོད་བྱ་ཉུང་བས་ཕྱིས་སུ་བཤད། དེར་བྱེ་བྲག་པའི་ནང་ཚན་རིག་བྱེད་པ་སོགས་ཀྱིས་སྔོན་རྗེས་ཀྱི་ཚད་མ་གཉིས་པོ་ཉི་ཚེ་བའི་ཡུལ་ཅན་ཡིན་པས་དེ་ལོག་པས་ཡུལ་དེ་མེད་པར་མ་ངེས་ཀྱང་ལུང་ནི་དོན་མ་ལུས་པའི་ཡུལ་ཅན་ཡིན་པས་ལུང་ལོག་པའམ་ལུང་ལས་མ་བཤད་ན་མེད་པར་ཤེས་པར་བྱ་སྟེ། ཞེས་པའི་ལུང་འགོག་སྐབས་དེ་འདྲ་བའི་ལུང་བཀག་ན་རང་ལུགས་ལུང་ཚད་མར་འདོད་པ་དང་འགལ་ལོ་སྙམ་ན་མི་འགལ་ཚུལ་ལ། དེ་དག་གིས་འདོད་པའི་ལུང་དང་རང་ལུགས་ཀྱི་ལུང་ཚད་མ་གཉིས་ཀྱི་ཁྱད་པར་ཡང་ཕྱི་རོལ་པས་མ་བརྟགས་མ་དཔྱད་པར་ལུང་ཚད་མར་འདོད་པ་དང་། རང་ལུགས་ཀྱིས་ཡོངས་སུ་བརྟགས་པའི་དབང་དུ་བྱས་པའི་ཁྱད་པར་གསུམ་དང་ལྡན་པར་བཞེད་པ་དང་། དེ་འདྲ་བའི་ལུང་ཚད་མའམ་ཡིད་ཆེས་པའི་ཚིག་དེ་རང་གི་བསྟན་དོན་ལ་མི་བསླུ་ཚུལ་གཞལ་བྱའི་ཡུལ་གསུམ་ལ་འཇལ་བྱེད་ཀྱི་ཚད་མ་གསུམ་པོས་གནོད་པ་མེད་ཚུལ་དང་། ལུང་ཚད་མ་དེ་ལ་སྔོན་རྗེས་ཀྱི་ཚད་མ་གཉིས་འཇུག་པའི་གོ་སྐབས་མེད་ཚུལ་མཚན་གཞི་དང་བཅས་པ་དེ་དག་རྩོད་སྤོང་གི་སྐབས་སུ་བསྟན་ཏོ། །དེ་ནས་མཐའ་མའི་བར་དུ་དཔྱོད་པ་བ་སོགས་ཀྱིས་འདོད་པའི་རིག་བྱེད་ཚིག་དེ་བདེན་པའི་དོན་ཅན་ཡིན་པར་སྒྲུབ་བྱེད་མེད་ལ་གནོད་བྱེད་ཡོད་པར་བསྟན་ཏོ།།

གཉིས་པ། སྐབས་དོན་ཁོག་ནས་ཕྱུང་སྟེ་འབྲེལ་བའི་གོ་དོན་བཤད་པ།

སྤྱིར་འབྲེལ་བ་ལ། འདུ་འབྲེལ་དང་། ལྡན་འབྲེལ། སྦྱོར་འབྲེལ། ཕྲད་པའི་འབྲེལ་བ། ཁྱད་པར་བྱེད་ཆོས་ཀྱི་འབྲེལ་བ་སོགས་ཕྱི་རོལ་པས་འདོད་པ་དང་། བདག་པོ་དང་ནོར་གྱི་འབྲེལ་བ། ཡན་ལག་དང་ཡན་ལག་ཅན་གྱིི་འབྲེལ་བ། རྟེན་དང་བརྟེན་པའི་འབྲེལ་བ། བརྗོད་བྱ་དང་རྗོད་བྱེད་ཀྱི་འབྲེལ་བ་སོགས་ཐུན་མོང་སྒྲ་རིག་པའི་སྐབས་སུ་བྱུང་ཡང་། འདིར་ཆོས་ཐ་དད་པ་ཡིན་ན་ངོ་བོ་གཅིག་དང་ཐ་དད་གཉིས་སུ་འདུས་པས་ངོ་བོ་གཅིག་ལ་འབྲེལ་བ་ཡོད་པ་རྣམས་བདག་གཅིག་འབྲེལ་དང་། ངོ་བོ་ཐ་དད་པ་ལ་འབྲེལ་བ་ཡོད་པ་རྣམས་དེ་འབྱུང་འབྲེལ་གཉིས་སུ་འདུས་པའི་ཕྱིར། འབྲེལ་བ་མཚན་ཉིད་པ་གཉིས་ཁོ་ན་སྟེ། རིགས་ཐིགས་ལས།[1] རང་བཞིན་འབྲེལ་བ་མེད་ན་ནི་གཅིག་ལོག་པས་གཞན་ངེས་པར་ལྡོག་པ་མ་ཡིན་ནོ། །དེ་ཡང་རྣམ་པ་ཐམས་ཅད་ཀྱིས་རྣམ་པ་གཉིས་ཏེ། དེ་ཡི་བདག་ཉིད་དང་དེ་ལས་བྱུང་བ་ཞེས་སྨོས་པ་ཡིན་ནོ། །ཞེས་དང་། དེ་ཡི་རྒྱ་ཆེར་འགྲེལ་ལས།[2] དེ་ལྟ་བས་ན་དེའི་བདག་ཉིད་དང་དེ་ལས་བྱུང་བ་གཉིས་ཁོ་ནས་འབྲེལ་བ་ཉིད་དུ་བརྗོད་པར་བྱའི། གཞན་དུ་མ་ཡིན་ནོ། །ཞེས་གསུངས་པ་ལྟར་འབྲེལ་བའི་གོ་དོན་ནི། སེལ་ངོར་ཐ་དད་གང་ཞིག་དེའི་རང་བཞིན་ཡིན་པའམ་དེ་ལས་བྱུང་བའི་སྟོབས་ཀྱིས་འབྲེལ་གཞིི་དེ་ལྡོག་སྟོབས་ཀྱིས་འབྲེལ་ཆོས་དེ་ལྡོག་པ་འབྲེལ་བའི་མཚན་ཉིད་དོ། །མཚན་ཉིད་དེའི་ཟུར་དང་པོར་སེལ་ངོར་ཐ་དད་ཅེས་སྨོས་པ་ནི། འབྲེལ་བ་ཡིན་ན་བློ་རྟོག་པའི་ངོར་བཞག་པ་ཙམ་ལས་དོན་རང་མཚན་སྟེང་ན་དེ་ལྟར་གྲུབ་པ་མེད་པར་བསྟན། དེ་ཡང་དཔལ་ཆོས་ཀྱི་གྲགས་པའི་འབྲེལ་བ་བརྟག་པའི་རང་འགྲེལ་ལས།[3] འབྲེལ་བ་ལ་ཡང་དག་པར་ནི་འགའ་ཡང་མེད་ཀྱི། དངོས་པོ་དེ་དག་འདྲེས་པ་མེད་ཀྱང་རྟོག་པས་འདྲེས་པར་བྱེད། གཞན་ལ་རག་ལས་པའི་ངོ་བོ་ལྟ་བུ་མཚན་མ་འགའ་ཞིག་སྟོན་པ་སྐྱེའོ། །ཞེས་དང་། ཡང་དེ་ཉིད་ལས།[4] དངོས་པོ་ཐམས་ཅད་ཀྱི་ངོ་བོ་ཐ་དད་པ་ལས་རྟོག་པས་སྒྲོ་བཏགས་པ་མ་གཏོགས་པར་འབྲེལ་བ་ཡང་དག་པ་ཉིད་དུ་མེད་པའོ། །ཞེས་དང་། རྣམ་འགྲེལ་ལས།[5] དངོས་པོའི་ངོ་བོ་ཐ་དད་ཕྱིར། །འབྲེལ་བ་རྟོག་པས་བྱས་པ་ཡིན། །ཞེས་དང་། ས་པཎ་གྱི་རིགས་གཏེར་ལས།[6] དངོས་པོའི་དོན་ལ་འབྲེལ་བ་མེད། །འབྲེལ་བ་གཉིས་ཀྱང་སྒྲོ་བཏགས་ཡིན། །སྒྲ་ཡི་དོན་ལ་རང་མཚན་དུ། །འཁྲུལ་བས་འབྲེལ་བའི་རྟོག་པ་སྐྱེ། །ཞེས་དང་། ཡང་དེ་ཉིད་ལས།[7] འབྲེལ་བ་བཞིན་དུ་འགལ་བ་ཡང་། །དངོས་པའི་དོན་ལ་གྲུབ་པ་མེད། །རྣམ་པར་རྟོག་པས་སྒྲོ་བཏགས་ནས། །འགལ་བ་ཉིད་དུ་རྣམ་པར་བཞག །ཅེས་དང་། སློབ་དཔོན་ཆོས་མཆོག་གི་རིགས་པ་ཐིགས་པའི་རྒྱ་ཆེར་འགྲེལ་ལས།[8] དོན་དམ་པར་ནི་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་དག་དེའི་བདག་ཉིད་ཡིན་གྱི། སྒྲོ་བཏགས་ཏེ་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་ཐ་དད་པ་ཡིན་ནོ། །ཞེས་པ་དེ་དག་གིས་ཤེས་ཐུབ་བོ། །མི་ཕམ་རིན་པོ་ཆེས་ལེགས་བཤད་སྣང་བའི་གཏེར་ལེའུ་དང་པོ་ལས།[9] བཤད་མ་ཐག་པ་ལྟར་བྱས་མི་རྟག་གཉིས་དོན་གྱི་སྟེང་ན་ངོ་བོ་ཐ་དད་པ་མེད་པ་ཡིན་ན། རྟགས་ཆོས་ཐ་མི་དད་དུ་འགྱུར་ཏེ་བྱས་མི་རྟག་ངོ་བོ་གཅིག་པའི་ཕྱིར་རོ་སྙམ་ན། དེ་ལྟར་མི་འགྱུར་ཏེ་ལྡོག་པ་ཐ་དད་པའི་ཕྱིར་རོ། །ཞེས་དང་། ཡང་དེ་ཉིད་ལས།[10] འབྲེལ་བ་དོན་ལ་མ་གྲུབ་ཀྱང་རྟོག་བཅས་ཀྱིས་བློས་མིང་དོན་འབྲེལ་བ་ཉིད་དུ་རྣམ་པར་བརྟགས་པ་ཙམ་གྱི་འབྲེལ་བ་བློ་ངོར་གྲུབ་པ་ལ་ནི། འབྲེལ་བ་འཇོག་མི་འཇོག་དང་འབྲེལ་བ་དེ་མིང་དོན་གཉིས་ལས་གཅིག་ཐ་དད་གང་ལ་ཡིན་སོགས་ནས་མི་འཐད་པར་བརྗོད་པའི་ཉེས་པ་འདི་དག་མེད་དེ་བློས་སྒྲོ་བཏགས་པ་ཙམ་ལ་དེ་ལྟར་དཔྱད་དུ་མེད་པའི་ཕྱིར། ཞེས་དང་། འབྲེལ་བ་བརྟག་པ་ལས།[11] དེ་ཕྱིར་དངོས་པོ་ཐམས་ཅད་ཀྱི། །འབྲེལ་བ་ཡང་དག་ཉིད་དུ་མེད། །ཅེས་དང་། དེའི་འགྲེལ་པར།[12] དངོས་པོ་ཐམས་ཅད་ཀྱི་རང་གི་ངོ་བོ་ཐ་དད་པ་ལ་རྟོག་པས་སྒྲོ་བཏགས་པ་མ་གཏོགས་པར། འབྲེལ་བ་ཡང་དག་པ་ཉིད་དུ་མེད་དོ། །ཞེས་གསུངས་པ་ལྟར་རོ།།

ཟུར་གཉིས་པར་དེ་ཡི་རང་བཞིན་ཡིན་པའམ་དེ་ལས་བྱུང་བ་སྨོས་པ་ནི། དེ་ཡི་རང་བཞིན་མ་ཡིན་པ་དང་དེ་ལས་བྱུང་བ་མ་ཡིན་པ་རྣམས་འབྲེལ་བ་ཡིན་པ་གཅོད་པའི་ཆེད་དུའོ། །དཔེར་ན་བུ་རམ་གྱི་གཟུགས་དང་རོ་ད་ལྟ་བ་གཉིས་ལྟ་བུ་དང་། ནམ་མཁའ་དང་ནམ་མཁའ་རྟོགས་པའི་ཚད་མ་ལྟ་བུ་ལ་སོགས་པ་བཞིན་ནོ། །དེ་དག་ནི་དེ་ཡི་རང་བཞིན་མ་ཡིན་པ་དང་དེ་ལས་བྱུང་བ་མ་ཡིན་པ་གང་རུང་ཡིན་པས་འབྲེལ་བར་མི་འགྱུར་ཏེ་འབྲེལ་བ་ཡིན་ན་འདི་ལྟར་དགོས་པའི་ཕྱིར་ཏེ། དཔལ་ཆོས་ཀྱི་གྲགས་པས་ཚད་མ་རིགས་ཐིགས་ལས།[13] དེ་ཡི་རང་བཞིན་མ་ཡིན་པ་དང་། དེ་ལས་བྱུང་བ་མ་ཡིན་པ་ནི། དེ་དང་འབྲེལ་པ་མེད་པའི་རང་བཞིན་ཡིན་པའི་ཕྱིར་དང་། ཞེས་དང་། སློབ་དཔོན་ཆོས་མཆོག་གི་དེ་ཡི་རྒྱ་ཆེར་འགྲེལ་ལས།[14] དེའི་རང་བཞིན་གང་ལ་ཡོད་པ་ནི་དེའི་རང་བཞིན་ནོ། །དེའི་རང་བཞིན་ཡོད་པ་མ་ཡིན་པ་ནི་དེ་དེའི་རང་བཞིན་མ་ཡིན་པའོ། །འདི་དེ་ལས་བྱུང་བ་འདི་ཡིན་པས་དེ་ལས་བྱུང་བའོ། །གང་ཞིག་གང་གི་རང་ཞིན་དང་གང་ལས་བྱུང་བ་ཡང་མ་ཡིན་པ་དེ་ནི། དེ་ཡི་རང་བཞིན་མ་ཡིན་པ་དང་། སྐྱེད་པར་བྱེད་པ་མ་ཡིན་པ་དེ་དང་འདི་འབྲེལ་པ་མེད་པའི་རང་བཞིན་ཡིན་པས། འབྲེལ་བ་མེད་པའི་རང་བཞིན་ཡིན་པའི་ཕྱིར་རོ། །སློབ་དཔོན་ལྷ་དབང་བློས་རྣམ་འགྲེལ་ལེའུ་དང་པོར་འགྲེལ་པ་མ་མཛད་ཅིང་ཤཱཀྱ་བློས་ནི་འདི་ལྟར་བཞེད་པར་སྣང་སྟེ། ཚད་མ་རྣམ་འགྲེལ་གྱི་འགྲེལ་བཤད་ལས།[15] རང་བཞིན་གྱི་འབྲེལ་བ་དེ་ཡང་དེའི་བདག་ཉིད་དང་དེ་ལས་བྱུང་བའི་མཚན་ཉིད་ཁོ་ན་སྟེ། གསུམ་པ་མེད་པའི་ཕྱིར་རོ། །ཞེས་གསུངས་འདུག་པས་རྟགས་བསྒྲུབ་བྱའི་ཆོས་དང་འབྲེལ་ན་དེ་གང་རུང་ལས་སྒྲུབ་དགོས་ཤིང་གཞན་མེད་པར་བཞེད་པར་སྣང་ངོ་། །དཔལ་ཆོས་ཀྱི་གྲགས་པས་གཏན་ཚིགས་ཐིགས་པ་ལས།[16] དེའི་རང་བཞིན་མ་ཡིན་པ་ཡོད་ན་གཞན་ཡོད་པར་ངེས་པ་མེད་དེ། བྱས་པ་ཉིད་ཡོད་ན་བརྩལ་ནས་འབྱུང་བའི་ཆོས་ཉིད་བཞིན་ནོ། །ཞེས་དང་། མི་ཕམ་རིན་པོ་ཆེས་རྟགས་དེ་ཡི་རང་བཞིན་ཡིན་པར་བསྟན་ཏེ། ལེགས་བཤད་སྣང་བའི་གཏེར་ལེའུ་དང་པོ་ལས།[17] རྟགས་དང་ཆོས་དེ་དག་གཅིག་ཤོས་ཡོད་པ་ཙམ་ནས་དེའི་རང་ཆས་སུ་དོན་གྱིས་ཐ་དད་དུ་མེད་པར་བདག་གཅིག་གི་འབྲེལ་བ་ཡིན་པས་ན། ཞེས་སོ། །ཡང་རྟགས་དེ་ལས་བྱུང་བར་བསྟན་ཏེ། དེ་ཉིད་ལས། འདི་ལྟར་མེའི་འབྲས་བུ་ནི་དུ་བ་ཡིན་པས་དེ་མེ་ལ་ནམ་ཡང་མི་འཁྲུལ་ཏེ། རྒྱུ་མཚན་དུ་བ་དེ་ནི་འབྲས་བུའི་ཆོས་ཀྱིའམ། རང་བཞིན་གྱི་རྗེས་སུ་འཇུག་པའི་ཕྱིར། དེ་མེ་ཡི་འབྲས་བུའི་ཆོས་ཡིན་པ་ཉིད་ཀྱི་རྗེས་སུ་འཇུག་པའམ་ངང་ཚུལ་ལས་འདའ་མི་ཤེས་ཏེ་ཆུ་གཤེར་བ་ལས་མི་འདའ་བ་བ་བཞིན་ནོ། །ཞེས་གསུངས་པ་དེ་དག་གིས་ཤེས་ཐུབ་བོ།།

ཆོས་ཀྱི་གྲགས་པས་དེ་ཡི་རང་བཞིན་ཡིན་པར་བསྟན་ཏེ། ཚད་མ་རིགས་ཐིགས་ལས།[18] དངོས་སུ་ན་དེ་ཉིད་དེ་ཡི་རང་བཞིན་ཡིན་པའི་ཕྱིར་དང་། ཞེས་དང་། སློབ་དཔོན་ཆོས་མཆོག་གི་དེ་ཡི་རྒྱ་ཆེར་འགྲེལ་ལས།[19] སྒྲུབ་པར་བྱེད་པའི་ཆོས་ཙམ་དང་རྗེས་སུ་འབྲེལ་བ་གྲུབ་པ་ནིི། དེ་ཡི་རང་བཞིན་ཡིན་པའི་ཕྱིར་ཏེ་ཞེས་བྱ་བ་ནི། སྒྲུབ་པར་བྱེད་པའི་ཆོས་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །བསྒྲུབ་པར་བྱ་བའི་ཆོས་གང་ཞིག་སྒྲུབ་པར་བྱེད་པའི་ཆོས་ཙམ་དང་རྗེས་སུ་འབྲེལ་བ་དང་ལྡན་པ་དེ་ཉིད་སྒྲུབ་པར་བྱེད་པའི་ཆོས་དེའི་ངོ་བོ་ཡིན་གྱི། གཞན་ནི་མ་ཡིན་ནོ། །ཡང་ན་དེ་ལས་བྱུང་བ་ཡིན་པར་བསྟན་ཏེ། རིགས་ཐིགས་ལས།[20] འདིར་ཡང་རྒྱུ་དང་འབྲས་བུའི་དངོས་པོར་གྲུབ་པ་ཁོ་ན་ལ་རྒྱུ་བསྒྲུབ་པར་བྱ་བ་ལ་འབྲས་བུའི་གཏན་ཚིགས་སུ་བརྗོད་པར་བྱའོ། །ཞེས་དང་། དེའི་རྒྱ་ཆེར་འགྲེལ་ལས།[21] འདིར་ཡང་ཞེས་བྱ་བ་ནི་རང་བཞིན་གཏན་ཚིགས་འབའ་ཞིག་ལ་མ་ཡིན་གྱི། འབྲས་བུའི་གཏན་ཚིགས་འདིར་ཡང་ངོ་། །སྒྲུབ་པ་ཁོ་ན་ལ་ཞེས་བྱ་བ་ནི། རྒྱུ་དང་འབྲས་བུར་འབྲེལ་བ་ངེས་པ་ཁོ་ན་ལ་སྟེ། ཞེས་གསུངས་པ་ལྟར་རོ།།

མཚན་ཉིད་དེའི་ཟུར་གསུམ་པར་འབྲེལ་གཞི་དེ་ལྡོག་སྟོབས་ཀྱིས་འབྲེལ་ཆོས་དེ་ལྡོོག་པ་སྨྲས་པ་ནི། མེད་ན་མི་འབྱུང་གི་འབྲེལ་བ་ཙམ་ཡིན་པ་དེ་དག་འབྲེལ་བ་མཚན་ཉིད་པ་ཡིན་པར་གཅོད་པའི་ཆེད་དུའོ། །དེ་ཡང་འབྲེལ་བ་བརྟག་པའི་འགྲེལ་པར། དོན་ཐ་དད་མ་ཡིན་པའི་ཕྱོགས་ལ་ནི་འབྲེལ་བ་དང་འབྲེལ་བ་ཅན་གང་ཡང་མེད་དོ། །ཞེས་དང་། རྣམ་འགྲེལ་རྩ་བ་ལས། མེད་ན་མི་འབྱུང་ངེས་ཕྱིར་རོ། །ཞེས་པ་དེས་ཀྱང་འབྲེལ་གཞི་དེ་མེད་ན་འབྲེལ་ཆོས་མེད་པར་དངོས་སུ་བསྟན་ནས་ཤུགས་ལ་འབྲེལ་ཆོས་དེ་ཡོད་ན་འབྲེལ་གཞི་དེ་ཡོད་པར་ཡང་བསྟན་ཏོ། །ལེགས་བཤད་སྣང་བའི་གཏེར་ལས་ཀྱང་། གཏན་ཚིགས་སུ་གྱུར་པའི་འཐད་པ་ནི་བསྒྲུབ་བྱ་དེ་མེད་ན་རྟགས་དེ་མི་འབྱུང་བར་ཚད་མས་ངེས་པའི་ཕྱིར། ཞེས་པ་དེས་ཀྱང་བསྒྲུབ་བྱ་མེ་ལྟ་བུ་མེད་ན་རྟགས་དུ་བ་ལྟ་བུ་མི་འབྱུང་བ་དང་རྟགས་དུ་བ་ལྟ་བུ་ཡོད་ན་བསྒྲུབ་ཆོས་མེ་ལྟ་བུ་ཡོད་པར་བསྒྲུབས་པས་འབྲེལ་ཡུལ་དང་འབྲེལ་ཆོས་གཉིས་མེད་ན་མི་འབྱུང་བར་བསྟན་པ་ཡིན་ནོ།།

གསུམ་པ། དེ་ལ་དོགས་པ་ཅུང་ཙམ་སློང་བ།

ཁ་ཅིག་གིས་ཟུར་དང་པོས་སེལ་ངོར་ཐ་དད་ཅེས་པ་མི་འཐད་དེ། སྒྲ་དང་མི་རྟག་པ་བྱས་པ་གསུམ་དོན་རང་མཚན་གྱི་སྟེང་ན་བདག་གཅིག་གི་འབྲེལ་བ་ཡོད་པར་གསུངས་པས་སོ། །དེ་ཡང་ལེགས་བཤད་སྣང་བའི་གཏེར་ལེའུ་དང་པོ་ལས།[22] སྒྲ་གྲུབ་ཙམ་ནས་མི་རྟག་པ་དང་བྱས་པར་གྲུབ་པས་དེ་གསུམ་དོན་ལ་བདག་གཅིག་གི་འབྲེལ་བ་ཡོད་པས་ན། འདྲ་བ་གཞན་བྱུང་བའི་འཁྲུལ་རྒྱུས་བསླད་ནས་མི་རྟག་པར་ངེས་མ་ནུས་པའི་ངོར། བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པ་ལྟ་བུས་རང་བཞིན་གྱི་རྟགས་ཡང་དག་ཡིན་ནོ། །ཞེས་གསུངས་པས་སོ་ཞེ་ན། དེ་ཡི་ལུང་དོན་ནི་དེ་ལྟར་མ་ཡིན་ཏེ། འོ་ན་གང་ཞེ་ན། དེ་གསུམ་དོན་རང་མཚན་གྱི་སྟེང་ན་ཐ་དད་མེད་ཀྱང་རྟོག་ངོར་ལྡོག་པ་ཐ་དད་དུ་སྣང་བས་བདག་གཅིག་འབྲེལ་དུ་འགྱུར་བར་གསུངས་པ་ལ་གོ་དགོས་སོ། །དེ་མིན་དོན་རང་མཚན་གྱི་སྟེང་ན་བདག་གཅིག་འབྲེལ་གྲུབ་ན་རྫས་ཐ་དད་དུ་འགྱུར་བ་དང་། དོན་ཐ་དད་དུ་འགྱུར་བ་དང་། དོན་ཐ་དད་པ་ལ་འབྲེལ་བ་གྲུབ་ན་རྒྱུ་འབྲས་ཀྱི་འབྲེལ་བ་ལས་ངོ་བོ་གཅིག་གི་འབྲེལ་བ་མི་འགྱུར་རོ། །དེ་ལྟར་ཡིན་པ་ཡང་རིགས་གཏེར་ལས།[23] བདག་གཅིག་པ་ལ་ཆོས་གཉིས་མེད། །ཆོས་གཉིས་མེད་ལ་འབྲེལ་མི་སྲིད། །དེས་ན་བྱས་དང་མི་རྟག་གཉིས། །དོན་གྱི་སྟེང་ན་འབྲེལ་བ་མེད། །ཅེས་གསུངས་པ་བཞིན་ནོ།།

ཡང་ཟུར་གཉིས་པར་དེ་ཡི་རང་བཞིན་ཡིན་པའམ་དེ་ལས་བྱུང་བ་ཞེས་གཉིས་ལས་དང་པོ་དེ་མི་འཐད་དེ། ཀ་བུམ་གཉིས་དེ་ཀ་བུམ་གཉིས་ཀྱི་མི་རྟག་པར་ཐལ་བ་དང་། དེས་ན་ཀ་བུམ་གཉིས་གཞི་མཐུན་དུ་འགྱུར་རོ་ཞེ་ན། མི་འགྱུར་ཏེ་དེ་ཡི་རང་བཞིིན་ཡིན་ན་དེ་ཡིན་མི་དགོས་པས་སོ། །ཀ་བུམ་གཉིས་དེ་ཀ་བུམ་གཉིས་ཀྱི་མི་རྟག་པའི་རང་བཞིན་ཡིན་ཡང་ཀ་བུམ་གཉིས་ཀྱི་མི་རྟག་པ་མ་ཡིན་ནོ། །དེ་གཉིས་ཀྱི་མི་རྟག་པའི་རང་བཞིན་ཡིན་ཏེ་དེ་གཉིས་ལས་ལོགས་སུ་མེད་པའི་ཕྱིར་རོ། །དེ་བཞིན་དུ་རྒྱུ་མཚན་ཅན་གྱི་སྒྲ་བློའི་ཐ་སྙད་དུ་གྲུབ་པ་དེ་མཚོན་བྱ་དང་བདག་ཅིག་འབྲེལ་ལམ་མཚོན་བྱའི་རང་བཞིན་ཡིན་ཡང་མཚོན་བྱ་མ་ཡིན་པ་ལྟར་དེའི་རིགས་ཡོངས་རྫོགས་དེ་ལྟར་ཡིན་པར་བསམ་མོ།།

ཡང་དེ་གཉིས་ལས་དེ་ལས་བྱུང་བ་ཞེས་པ་མི་འཐད་དེ། བུར་གཟུགས་དང་བུར་རོ་ད་ལྟ་བ་གཉིས་ལ་དེས་མ་ཁྱབ་པའི་སྐྱོན་ནོ་ཞེ་ན། སྐྱོན་དེ་མེད་དེ་གཞུང་གང་ལ་གཏུགས་ཀྱང་དེ་གཉིས་འབྲེལ་བ་གཉིས་པོ་གང་ཡང་མ་ཡིན་པར་ཤེས་ཐུབ་བོ། །དེ་ཡང་ལེགས་བཤད་སྣང་བའི་གཏེར་ལས།[24] དེ་དངོས་སུ་དེ་བྱུང་མིན་ཡང་ཕན་ཚུན་མེད་ན་མི་འབྱུང་གི་འབྲེལ་བ་ལས་རྟོགས་པ་ཡིན་པས་ན་འབྲས་བུའི་རྟགས་ལས་སྐྱེས་སོ་ཞེས་གསུངས་པ་དེས་དེ་དངོས་སུ་དེ་འབྱུང་མིན་ཡང་ཤུགས་ལ་དེ་འབྱུང་འབྲེལ་ཡིན་ཞེས་མ་གསུངས་ཤིང་། དེ་འབྱུང་གི་འབྲེལ་བ་ལ་བརྟེན་པ་དང་། དེ་འབྱུང་གི་འབྲེལ་བ་ལས་འདི་ངེས་པས་སོ། །ཞེས་པ་དེ་དག་གིས་དེ་འབྱུང་འབྲེལ་ཡིན་མ་གསུངས་ཤིང་དེ་འབྱུང་འབྲེལ་གྱི་སྟོབས་ཀྱིས་ཕན་ཚུན་མེད་ན་མི་འབྱུང་གི་འབྲེལ་བ་ཙམ་ཡིན་གསུངས་པའོ། །འོ་ན་དེ་ཕ་རི་དང་ཚུ་རི་རྟག་མི་རྟག་དེ་དག་དང་འདྲའོ་སྙམ་ན་མི་འདྲ་སྟེ་དེ་དག་ཕན་ཚུན་ལྟོས་གྲུབ་ཙམ་ལས་དེ་འབྱུང་གི་འབྲེལ་བ་ལ་མ་ལྟོས་ཤིང་། དེ་གཉིས་དེ་འབྱུང་འབྲེལ་ལ་ལྟོས་པའོ། །དེ་གཉིས་དེ་འབྱུང་གི་འབྲེལ་བ་ལ་ལྟོས་པ་དེ་ཡང་དངོས་རྒྱུ་ཚོགས་པ་གཅིག་གིས་འབྲལ་མེད་ཀྱི་ཚུལ་དུ་འཕངས་པས་དེ་གཉིས་རང་རང་གི་དངོས་རྒྱུ་དང་དེ་འབྱུང་དུ་འབྲེལ་བས་ན། འགོད་ཚུལ་གྱི་བསྒྲུབ་ཆོས་བུར་གཟུགས་ད་ལྟ་བ་དང་འབྲེལ་བ་མ་གྲུབ་ཀྱང་སོང་ཚུལ་གྱིའམ་ཤུགས་ཀྱིས་བསྒྲུབ་ཆོས་བུར་གཟུགས་སྔ་མས་བུར་རོ་ཕྱི་མ་སྐྱེད་པའི་ནུས་པ་དེ་དང་དེ་འབྱུང་དུ་འབྲེལ་བས་རྟགས་ཆོས་དེ་འབྱུང་དུ་འབྲེལ་བའི་ཕྱིར་རྟགས་ཡང་དག་མ་ཡིན་པར་མི་འགྱུར་རོ།།

མདོར་ན་དེ་གཉིས་དེ་འབྱུང་འབྲེལ་ལ་བརྟེན་པ་དང་དེ་འབྱུང་འབྲེལ་སྟོབས་ཀྱིས་མེད་ན་མི་འབྱུང་གི་འབྲེལ་བ་ཙམ་ལས་དེ་འབྱུང་གི་འབྲེལ་བ་མི་འགྲུབ་བོ། །དེ་ལྟར་མ་ཡིན་པར་དེ་གཉིས་དེ་འབྱུང་འབྲེལ་ཡིན་ན་གཞུང་འདི་དག་དང་འགལ་ཏེ། འདི་དག་ལས་ངོ་བོ་ཐ་དད་པ་ལ་འབྲེལ་བ་གྲུབ་ན་རྒྱུ་འབྲས་ཡིན་དགོས་པར་གསུངས་པའི་ཕྱིར། དེ་ཡང་མི་ཕམ་རིན་པོ་ཆེས་ལེགས་བཤད་སྣང་བའི་གཏེར་ལེའུ་དང་པོ་ལས།[25] དེ་ལྟར་ཆོས་ཐ་དད་པ་ལ་འབྲེལ་བ་ཡོད་ཕན་ཆད་སྔ་ན་མེད་པའི་ཁྱད་པར་གཞན་སྐྱེད་པ་ཞིག་གིས་ཁྱད་པར་དུ་བྱ་དགོས་ཀྱི། གང་ཡང་རག་ལས་པ་ལ་འབྲེལ་བ་ཡོད་པར་མི་འགྱུར་ཞིང་། རག་ལུས་པ་ནི་ཅིག་ཤོས་ཀྱིས་ཅིག་ཤོས་ལ་ཁྱད་པར་གཞན་སྐྱེད་པ་དེའི་ཆ་ནས་དེ་འབྱུང་གི་འབྲེལ་བའི་རྩ་བ་ཅན་ཡིན་ཏེ། དངོས་པོའིི་རྫས་རྒྱུན་མི་རྟག་པས་ན་སྐད་ཅིག་གཞན་དང་གཞན་གྱི་ཁྱད་པར་སྐྱེད་པའི་ལྷན་ཅིག་བྱེད་རྐྱེན་དུ་ཅིག་ཤོས་འགྲོ་བ་ཡིན་ནོ། །ཞེས་གསུངས་པ་དང་། དེ་བཞིན་དུ་ཤཱཀྱ་བློའི་འགྲེལ་བཤད་དང་རིགས་གཏེར་ཚད་ཆེན་རྣམས་སུའང་དེ་ལྟར་བཞེད་པར་སྣང་ངོ་།།

རིགས་པས་ཀྱང་གྲུབ་སྟེ་དེ་གཉིས་རྒྱུ་འབྲས་ཡིན་ན་རྒྱུ་འབྲས་ངེས་བྱེད་ཀྱི་ཚད་མ་ཕྲུགས་གསུམ་ངེས་དགོས་པ་གང་ཞིག་དེ་གཉིས་ལ་དེ་ལྟར་མ་ཚང་བས་སོ། །འོ་ན་གཞན་དགེ་ལྡན་པས་བཀོད་པ་དང་འདྲའོ་སྙམ་ན། སོང་ཚུལ་ལ་ཁྱད་མེད་ཀྱང་འགོད་ཚུལ་ཁྱད་ཆེ་སྟེ། དེ་དག་གིས་རྟགས་སྦྱོར་ལ་ཐད་ཀར་བུ་རམ་གོང་བུའི་སྟེང་དུ་བུར་གཟུགས་ད་ལྟ་བ་ཡོད་དེ། བུ་རོ་ད་ལྟ་བ་ཡོད་པའི་ཕྱིར་ཞེས་མ་བཀོད་ནས་བསྒྲུབ་ཆོས་སུ་བུར་གཟུགས་སྔ་མས་བུ་རོ་ཕྱི་མ་བསྐྱེད་པའི་ནུས་པས་ཡོད་དེ་ཞེས་བཀོད་པར་མཛད་དོ།།

བཞི་པ། ཁ་ཅིག་གི་བཞེད་པ་མཚོན་ཙམ་བཀོད་ནས་དེར་དོགས་པ་འགོད་པ།

ཁ་ཅིག་གིིས་བཞེད་པའི་འབྲེལ་བའི་གོ་དོན་མཚོན་ཙམ་བཀོད་པ་ན། ཆོས་དེ་དང་ཐ་དད་ཆོས་དེ་ལྡོག་སྟོབས་ཀྱིས་ཁྱོད་ལྡོག་པ་འབྲེལ་བའི་མཚན་ཉིད་དུ་འཇོག་པར་སྣང་ངོ་། །དེ་ཡང་རིགས་གཏེར་ལས། ཆོས་གང་ཆོས་གཞན་མི་འདོར་བ། །འབྲེལ་བ་རྣམས་ཀྱི་སྤྱི་མཚན་ཏེ། །ཞེས་པ་ལུང་དུ་བྱས་ནས་རྒྱལ་ཚབ་དར་མ་རིན་ཆེན་གྱིས་མཛད་པའི་ཚད་མ་རིགས་གཏེར་རྣམ་བཤད་ལེགས་པར་བཤད་པའི་སྙིང་པོ་ལས།[26] ཆོས་གང་ཡོད་རང་དང་ཐ་དད་པའི་ཆོས་གཞན་ཡོད་པས་ཁྱབ་ཅིང་། མི་འདོར་བ་འབྲེལ་བ་རྣམས་ཀྱི་འབྲེལ་བའི་སྤྱི་ཡི་མཚན་ཉིད་ཡིན་ལ། ཞེས་དང་། གཞུང་དེ་ཉིད་ལས།[27] དེ་ལས་ཐ་དད་དེ་བཀག་ན་ཁེགས་པ་དང་དོན་འདྲའོ། །ཞེས་འབྲེལ་བའི་མཚན་ཉིད་བསྟན་ཏོ། །གཞན་ཡང་དེ་ཉིད་ཀྱི་ཐར་ལམ་གསལ་བྱེད་དང་། མཁས་གྲུབ་རྗེའི་ཊིཀ་ཆེན་རིགས་པའི་རྒྱ་མཚོ་དང་། རྗེ་རིན་པོ་ཆེའི་ཡིད་ཀྱིི་མུན་སེལ་སོགས་སུའང་དེ་ལྟར་བཞེད་འདུག་པས་ལུང་ཚིག་རེ་རེ་ནས་དྲངས་ན་ཡིག་ཚོགས་མང་བར་དོགས་ནས་འདིར་མ་བཀོད་དོ། །དེ་ལྟ་བུའི་འབྲེལ་བ་དེ་ཁ་ནང་གི་བུ་རམ་གོང་བུའི་སྟེང་དུ་བུ་རོ་ད་ལྟ་བ་ཡོད་པའི་རྟགས་ཀྱིས་བུར་གཟུགས་ད་ལྟ་བ་ཡོད་པར་སྒྲུབ་པའི་རྟགས་ཆོས་གཉིས་ལ་མ་གྲུབ་པས་དེ་རྟགས་ཡང་དག་མ་ཡིན་པར་བཞེད་དེ། མཁས་གྲུབ་རྗེའི་ཊིཀ་ཆེན་རིགས་པའི་རྒྱ་མཚོ་ལས།[28] རྒྱུ་རྐྱེན་གྱི་ཚོགས་པ་གཅིག་ལ་རག་ལུས་པའི་གཟུགས་ལ་སོགས་པ་རོས་རྟོགས་པའི། ཚད་མ་དེ་ལྟ་བུ་སྐྱེས་པ་ནི། རོ་ད་ལྟར་བ་གཟུགས་ད་ལྟར་བ་སྒྲུབ་པའི་རྟགས་ཡང་དག་ཏུ་སོང་བའི་རྒྱུ་མཚན་གྱིས་མ་ཡིན་གྱི། ཞེས་གསུངས་པ་ལྟར་རོ། །འོ་ན་ཇི་ལྟར་ན་ཁ་ནང་གི་བུ་རམ་གོང་བུའི་སྟེང་དུ་བུར་གཟུགས་སྔ་མས་བུར་རོ་ཕྱི་མ་བསྐྱེད་པའི་ནུས་པ་ཡོད་དེ། བུར་རོ་ད་ལྟ་བ་ཡོད་པའི་ཕྱིར་ཞེས་འགོད་པར་མཛད་དེ། དེ་ཡང་གཞུང་དེ་ཉིད་ལས།[29] རོ་ད་ལྟ་བས་རང་དང་ཚོགས་པ་གཅིག་པའི་གཟུགས་ད་ལྟར་བ་དེའི་རྒྱུའི་ཆོས་གཟུགས་སྔ་མའི་ནུས་པ་རྗེས་སུ་དཔག་པའི་སྟོབས་ལས་སྐྱེས་པ་ཡིན་ཏེ། ཞེས་གསུངས་སོ། །དེ་བཞིན་རྒྱལ་ཚབ་རྗེས་ཀྱང་འདི་ལྟར་བཞེད་དེ། ཐར་ལམ་གསལ་བྱེད་ལས།[30] ལན་དངོས་དཔེས་སྟོན་པ་ནི། ཤེས་བྱ་ཆོས་ཅན། བུ་རམ་གྱི་རོ་ལས་ཁ་ནང་དུ་བུ་རམ་གོང་བུའི་སྟེང་དུ་བུ་རམ་གྱི་གཟུགས་ལ་སོགས་པ་རྟོགས་པའི་ཚད་མ་སྐྱེས་པའི་རྒྱུ་མཚན་བུ་རམ་གྱི་རོ་བུ་རམ་གྱི་གཟུགས་དཔོག་པའི་རྟགས་ཡང་དག་ཏུ་ཐལ་བའི་སྐྱོན་མེད་པར་ཐལ། དེ་འདྲའིི་ཚད་མ་དེ་རྟགས་དེས་གཞི་དེར་བུ་རམ་གྱི་རོ་སྔ་མས་བུ་རམ་གྱི་གཟུགས་བསྐྱེད་པའི་ནུས་པ་ཡོད་པར་སྒྲུབ་པའི་རྒྱུ་ཆོས་རྗེས་སུ་དཔག་པའི་འབྲས་རྟགས་ཡང་དག་ལ་བརྟེན་ནས་སྐྱེས་པའི་ཕྱིར། ཞེས་གསུངས་སོ། །དེ་དག་ལྟར་ན་ཕྱི་རོལ་པས་ཁ་ནང་གི་བུ་རམ་གོང་བུའི་སྟེང་དུ་བུར་རོ་ད་ལྟ་བས་བུར་གཟུགས་ད་ལྟ་བ་དཔོག་པའི་རྟགས་ཆོས་གཉིས་འབྲེལ་བ་མ་གྲུབ་པས་རྟགས་ཡང་དག་གསུམ་པོ་གང་ཡང་མ་ཡིན་པའི་རྟགས་གཞན་བཞི་པ་འདུག་པས་གཏན་ཚིགས་ཡང་དག་གསུམ་དུ་ངེས་པ་ཉམས་པའི་དོགས་པ་དེ་མི་སེལ་ཏེ། དེའི་ལན་དུ་ཁ་ནང་གི་བུ་རམ་གོང་བུའི་སྟེང་དུ་བུར་རོ་ད་ལྟ་བས་བུར་གཟུགས་སྔ་མས་བུར་རོ་ཕྱི་མ་བསྐྱེད་པའི་ནུས་པ་དཔོོག་པའི་རྟགས་ཆོས་གཉིས་འབྲེལ་བ་སྒྲུབ་ཚུལ་ལས་གཞན་མ་བསྟན་པས་དྲི་བ་དང་ལན་འབྲེལ་མེད་དུ་སྣང་ངོ་། །གཞན་གྱི་དོགས་པ་དེ་ལྟར་ཡིན་པ་བསྡུས་ཙམ་ཞུས་ན། འཇམ་མགོན་མི་ཕམ་པས་ལེགས་བཤད་སྣང་བའི་གཏེར་ལས། ཡང་ཁ་ནང་གི་བུ་རམ་གྱི་རོ་མྱང་བ་ལས་བུ་རམ་གྱི་གཟུགས་ཡོད་པར་རྟོགས་པ་སོགས་རྟགས་གསུམ་གང་དུའང་མ་འདུས་སོ་ཞེ་ན། ཞེས་དང་། རྒྱལ་ཚབ་དར་མ་རིན་ཆེན་གྱི་རྣམ་འགྲེལ་ཐར་ལམ་གསལ་བྱེད་ལས། བུ་རམ་གྱི་རོ་ཡི་རྟགས་ལས་དེའི་གཟུགས་རྟོགས་པའི་ཚད་མ་སྐྱེ་བར་མཐོང་བས་དེ་རྟགས་སུ་རིགས་ལ། རྟགས་ཆོས་རྫས་ཐ་དད་ཅིང་། རྒྱུ་འབྲས་མིན་པས་གསུམ་དུ་མ་འདུས་པའི་ཕྱིར་གྲངས་ངེས་ཉམས་སོ་ཞེ་ན། ཞེས་དང་། མཁས་གྲུབ་རྗེས་ཊིཀ་ཆེན་རིགས་པའི་རྒྱ་མཚོ་ལས།[31] གལ་ཏེ་བུ་རམ་གྱི་རོ་མཐོང་བ་ལས་བུ་རམ་གྱི་གཟུགས་ཡོད་པར་རྟོགས་པའི་ཚད་མ་སྐྱེ་བར་མཐོང་བའི་ཕྱིར། ཚད་མ་དེའི་རྟེན་དུ་གྱུར་པའི་རྟགས་ཡང་དག་ཡོད་དགོས་ཤིང་། རྟགས་དེེ་ཡང་བུ་རམ་གྱི་རོ་ད་ལྟར་བ་ཡོད་པའི་རྟགས་ཀྱིས་ཁ་ནང་དུ་བུ་རམ་ལ་གཟུགས་ད་ལྟར་བ་དཔོག་པ་ལྟ་བུ་ལས་གཞན་དུ་མི་འཐད་པས། དེ་ཉིད་རྟགས་ཡང་དག་ཡིན་དགོས་ལ། ཞེས་གསུངས་པ་དང་། ཆོས་གྲགས་རང་ཉིད་ཀྱི་རང་འགྲེལ་ལས།[32] འོ་ན་རྒྱུ་དང་འབྲས་བུར་མ་གྱུར་པ་གཞན་རོ་ལ་སོགས་པས་གཟུགས་ལ་སོགས་པ་རྟོགས་པ་གང་ཡིན་པ་དེ་ཇི་ལྟར་ཡིན་ཞེ་ན། ཞེས་པ་དེ་དག་ཙམ་གྱིས་རྟོགས་ཐུབ་པས་གཞན་མ་བཀོད་དོ། །དེས་ན་ཚོགས་པ་གཅིག་པའི་རོ་གཟུགས་ད་ལྟ་བ་གཉིས་རྟགས་ཆོས་སུ་བཀོད་ནས་འབྲེལ་བ་མ་གྲུབ་པ་དོགས་པ་ལས་རོ་ད་ལྟ་བས་བུར་གཟུགས་སྔ་མས་བུར་རོ་ཕྱི་མ་བསྐྱེད་པའི་ནུས་པ་དང་རྟགས་ཆོས་འབྲེལ་བ་གྲུབ་མིན་ལ་མ་དོགས་པས་ལན་འབྲེལ་མེད་དུ་གྱུར་སྙམ་མོ།།

ལྔ་པ། དགོས་པ་བསྟན་པའི་སྒོ་ནས་མཇུག་བསྡུ་བ་ནི།

དེ་ཡང་རྟོག་གེ་བ་ཁ་ཅིག་གིས་ཚད་མ་སྦྱོང་བ་ནི་རྟགས་གསལ་གཏོང་བའི་རིགས་འཕྲུལ་ཙམ་ལས་བློ་སྦྱོང་བའི་ཆེད་དུ་མ་ཡིན་སྙམ་པ་དང་། ཚད་མའི་རིགས་པ་ལོག་སྨྲ་ཚར་གཅོད་ཅེས་པ་དེ་རང་དང་འདུ་ཤེས་མི་གཅིག་པའི་ཕ་རོལ་པོ་རྣམས་ཕམ་པར་བྱེད་པའམ་རང་གི་བློ་ལ་མི་ཤོང་བའི་གཞན་གྱི་ལྟ་བ་ཐམས་ཅད་ལ་དགག་རྒྱག་བྱེད་པ་ཙམ་ལ་གོ་བ་ལེན་པ་ལ་སོགས་པའི་དོགས་པ་དེ་དག་སེལ་བའི་ཆེད་དུ་དགོས་པ་ཡོད་དེ། དེ་ཡང་ཡོན་ཏན་རྨད་དུ་བྱུང་བའི་སློབ་དཔོན་ཆོས་ཀྱི་གྲགས་པས་ཐ་སྙད་ཀྱི་ཚུལ་ཡང་དག་པར་གསལ་བར་བྱས་པའི་གཞུང་ཚད་མ་རྣམ་འགྲེལ་ལེའུ་བཞི་ཡི་བདག་ཉིད་ཅན་དེར་ད་བར་བྱུང་མྱོང་མེད་པའི་ཚིག་དང་དོན་གཉིས་ཀའི་ཆ་ནས་མཇུག་ཡོངས་སུ་མ་རྫོགས་བར་དུ་འགྲེལ་བའི་མཐུ་སྟོབས་མངའ་བ། གངས་ཅན་གྱི་ལྗོངས་འདིར་དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་མཁྱེན་བརྩེ་ནུས་པའི་རང་གཟུགས་གཅིག་ཏུ་བསྡུས་པ་ཤེས་བྱ་རིག་པའི་གནས་ཐམས་ཅད་ལ་མངའ་དབང་འབྱོར་བ། ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བ་དོན་གྱི་མ་ཧཱ་པཎྜི་ཏ་ཆེན་པོ་འཇམ་མགོན་མི་ཕམ་ཞེས་ཡོངས་སུ་གྲགས་པ་གང་ཉིད་ཀྱིས་མཛད་པའི་བསྟན་བཅོས་ལེགས་བཤད་སྣང་བའི་གཏེར་ལེའུ་བཞིའི་བདག་ཉིད་ཀྱི་དགོས་པ་སྤྱིར་བསྟན་པ་ན། དེ་ཡང་ཕྱི་ལོའི་དུས་རབས་དང་པོའི་ཡས་མས་སུ་ནང་པའི་ལུང་རིགས་སྨྲ་བའི་ཁྱུ་མཆོག་འཕགས་པ་ཀླུ་སྒྲུབ་ཀྱིས་དབུ་མའི་ལྟ་བ་ལུང་གིས་སྒྲུབ་པ་ལ་མདོ་ཀུན་ལས་བཏུས་པ་བརྩམས་པ་དང་། རིགས་པས་སྒྲུབ་པ་ལ་རྩ་བ་ཤེས་རབ། རིགས་པ་དྲུག་ཅུ་པ། ཞིབ་མོ་རྣམ་འཐག་སོགས་བརྩམས་ཏེ་ཚད་མའི་རིགས་ལམ་ཐོག་ནས་ཆོས་ཀུན་བདེན་མེད་དུ་གཏན་ལ་ཕབ་པ་དང་། མ་ཟད་གཞུང་དེ་དག་ལས་ཞིབ་མོ་རྣམ་འཐག་ནི་གཞན་སྡེའི་རྟོག་གེའི་ཚིག་དོན་བཅུ་དྲུག་སོགས་ཚད་མའི་རིགས་ལམ་སྣ་ཚོགས་པས་བཀག་སྟེ་ཆོས་ཀུན་གནས་ལུགས་གཏན་ལ་འབེབས་བྱེད་དུ་གྱུར་པས། ནང་པའི་ཚད་མའི་རིགས་ལམ་སྟོན་བྱེད་ཀྱི་གཞུང་གི་མེས་པོ་ལྟ་བུར་གྱུར་ཡོད།

གཞན་ཡང་བྱམས་ཆོས་སྡེ་ལྔ་དང་། ཕྱི་ལོའི་དུས་རབས་བཞི་པའི་ནང་འཕགས་པ་ཐོགས་མེད་ཀྱི་ས་སྡེ་ལྔ་དང་སྡོམ་རྣམ་གཉིས་བཅས་ཀྱི་ནང་དུ་ཚད་མའི་རིགས་ལམ་ཅི་རིགས་པ་བཀོད་ཅིང་། རྗེས་དཔག་དང་མངོན་སུམ། ལུང་ཚད་མ་བཅས་བསྟན་ཡོད། དེ་ནས་ཐོགས་མེད་སྐུ་མཆེད་ནས་མི་ཕམ་རིན་པོ་ཆེའི་བར་རིགས་པ་བཞིའི་རྣམ་གཞག་བསྟན་ཡོད་ཅིང་དེ་ལས་འཐད་པ་སྒྲུབ་པའི་རིགས་པས་དངོས་པོའི་གནས་ཚུལ་དང་མཐུན་པར་འཇལ་བར་བྱེད་དོ། །བླ་མ་མི་ཕམ་པས་ཀྱང་མདོ་སྡེ་རྒྱན་འགྲེལ་ཐེག་མཆོག་བདུད་རྩིའི་དགའ་སྟོན་ལས།[33] འཐད་པ་གྲུབ་པའི་རིགས་པ་ནི་མངོན་རྗེས་ཀྱི་ཚད་མས་དངོས་པོའི་གནས་ཚུལ་དང་མཐུན་པར་གཞལ་བའོ། །ཞེས་གསུངས་པ་དང་། དེ་བཞིན་དུ་ཀུན་བཏུས་ལ་སོགས་པ་དང་། མདོ་སྡེ་དགོངས་འགྲེལ་ལས་ཀྱང་།[34] འཐད་པ་སྒྲུབ་པའི་རིགས་པ་ནི་འདི་ལྟ་སྟེ་རྒྱུ་གང་དག་རྐྱེན་གང་དག་གིས་དམ་བཅས་པ་དང་། བཤད་པ་དང་། སྨྲོས་པའི་དོན་སྒྲུབ་པ་དང་། ཡང་དག་པ་ཁོང་དུ་ཆུད་པར་འགྱུར་བ་གང་ཡིན་པ་དེ་ནི་འཐད་པ་སྒྲུབ་པའི་རིགས་པ་ཞེས་བྱའོ། །ཞེས་གསུངས་ཤིང་། གཞུང་འདིར་ཡང་ཐ་སྙད་ཀྱི་དེ་ཁོ་ན་ཉིད་དཔྱོད་པའི་ཚད་མ་ཡང་དག་པ་ཡིས་ཐ་སྙད་ཀྱི་ཚུལ་ཡང་དག་པར་གསལ་བར་བྱས་པས། ཐ་སྙད་ཀྱི་བླང་དོར་ལ་འཇུག་ལྡོག་མི་ནོར་ཞིང་མི་འཁྲུལ་བ་དང་། ཁྱད་པར་དུ་བསྟན་པ་ཡང་དག་པའི་འཇུག་ལྡོག་ཚད་མ་དང་། སྟོན་པ་ཐམས་ཅད་མཁྱེན་པ་ཡང་དག་པའི་སྐྱེས་བུ་ཚད་མ་ཡིན་པ་ལ་འགྲོ་བ་ལྷ་དང་བཅས་པ་སུས་ཀྱང་མི་འཕྲོག་པའི་ཡིད་ཆེས་མཆོག་ཏུ་གྱུར་པ་དེ་ཉིད་རྙེད་པའི་སྒོ་གཅིག་པུར་གྱུར་པ་ཚད་མའི་གཞུང་དེ་ཉིད་དེ། མི་ཕམ་རིན་པོ་ཆེས། ཚད་མར་གྱུར་བ་རྒྱལ་བའི་གསུང་། །ཚད་མ་དག་གིས་གྲུབ་པས་ན། །ཚད་མའི་ལམ་ནས་ངེས་སྐྱེད་པས། །ཚད་མའི་གསུང་གི་བདེན་འབྲས་མཐོང་། །ཞེས་གསུངས་པ་བཞིན་ནོ།།

ཡང་བོད་ཀྱི་རིག་གནས་ཆེ་བ་ལྔ་ངོ་སྤྲོད་པའི་སྐབས་སུ་ཡང་གཞན་རྗེས་སུ་གཟུང་བའི་ཆེད་དུ་བཟོ་དང་གསོ་བ་རིག་པ། ལོག་སྨྲ་ཚར་གཅོད་པའི་ཆེད་དུ་སྒྲ་དང་ཚད་མ་རིག་པ། རང་ཉིད་ཀུན་ཤེས་པར་བྱ་བའི་ཆེད་དུ་ནང་དོན་རིག་པ་སྦྱང་དགོས་པར་བཤད་པ་ལྟར་ཚར་གཅོད་པ་དེ་ཡང་སྒྲ་རིག་པས་ཚིག་ལོག་པར་སྨྲ་བ་རྣམས་ཚར་གཅོད་པ་དང་། ཚད་མ་རིག་པས་དོན་ལོག་པར་སྨྲ་བ་རྣམས་གཙོ་བོ་ཚར་གཅོད་པར་བྱེད་དོ། །མདོར་ན་ཚད་མའི་དགོས་པ་མཐར་ཐུག་པ་ནི་དོན་དང་དོན་མ་ཡིན་པ་ལེགས་པར་དབྱེ་བ་འབྱེད་པ་དང་། མ་རྟོགས་ལོག་རྟོག་ཕྱོགས་ཙམ་རྟོགས་པའི་རྗེས་སུ་འབྲངས་པའི་ལོག་པར་སྨྲ་བ་རྣམས་ཚར་བཅད་ནས་ཡང་དག་པ་ཐ་སྙད་ཀྱི་དོན་ལ་བླང་དོར་གྱི་འཇུག་ལྡོག་མི་ནོར་བའི་ཆེད་དུའོ། །བྱེ་བྲག་ཏུ་ཚད་མ་རྣམ་འགྲེལ་གྱི་དགོས་པ་ཡང་བཤད་དགོས་ཏེ། རྣམ་འགྲེལ་ནས་བསྟན་པའི་དོན་བརྒྱད་ལས་ལེའུ་དང་པོར་རྗེས་དཔག་གི་རྟེན་དུ་གྱུར་པའི་རྟགས་ཀྱི་རྣམ་གཞག་གཞན་སེལ་དང་འབྲེལ་ནས་བཤད་དགོས་པ་དེ་ཡང་གཙོ་བོ་ལེའུ་གཉིས་པའི་སྐབས་ནས་བསྟན་པའི་སྟོན་པ་ཚད་མའི་སྐྱེས་བུར་སྒྲུབ་ཚུལ་དེ་ཡིན་ཞིང་། སྟོན་པ་ཚད་མའི་སྐྱེས་བུར་བསྒྲུབས་ནས་དེས་བསྟན་པའི་ཆོས་དེ་ཉམས་སུ་ལེན་ཞིང་ལུགས་འབྱུང་ལུགས་ལྡོག་གིི་སྒོ་ནས་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་ལ་བགྲོད་ཚུལ་གྱི་རིམ་པ་དེ་དང་པོ་ནས་མངོན་སུམ་གྱིས་རྟོགས་དཀའ་ཞིང་ངེས་མི་ཐུབ་པས་རྗེས་དཔག་གིས་ངེས་དགོས་པ་དང་། དེས་ངེས་པར་བྱེད་པ་ལ་རང་གི་རྟེན་དུ་གྱུར་པའི་རྟགས་ཀྱི་རྣམ་གཞག་རྣམས་བཤད་པ་ཡིན་ནོ།།

དེ་ཡང་མཚོན་བྱེད་དཔེ་ཡི་རྟགས་ཀྱི་རྣམ་གཞག་རྣམས་བཤད་ནས་དེས་མཚོན་བྱ་དོན་གྱི་རྟགས་ཡང་དག་རྣམས་རྟོགས་པའི་ཐབས་སུ་བྱེད་དོ། །དེ་ཡང་མཚོན་ཙམ་ཞུས་ན། དཔེའི་རིགས་པ་མི་སྣང་བ་མ་དམིགས་པ་དེ་དག་ལ་བརྟེན་ནས་དང་པོ་ཀུན་མཁྱེན་མེད་པར་འཛིན་པའི་ལོག་རྟོག་དེ་ལྡོག གཉིས་པ་དེ་འདྲའི་རིགས་པ་ཡང་དག་པ་ཞིག་ཡོད་པར་ཤེས་ནས་ཀུན་མཁྱེན་ཡོད་མེད་ལ་ཐེ་ཚོམ་སྐྱེས། མཐར་རིགས་པ་དེ་དོན་གྱི་རྟགས་ཡང་དག་ལ་ཁ་སྤོས་ནས་དོན་གྱི་རིགས་པ་དེ་ལ་བརྟེན་ཏེ་ཀུན་མཁྱེན་ཡོད་པར་དཔོག་ཐུབ་པ་དེའི་རིགས་ཐམས་ཅད་ཚུལ་འདིས་ཤེས་དགོས་སོ། །དེ་ཙམ་མིན་པར་ལུགས་འབྱུང་གི་སྒོ་ནས་ཀུན་ཉོན་འཁོར་བ་སྒྲུབ་ཚུལ་དང་། ལུགས་ལྡོག་གི་སྒོ་ནས་རྣམ་བྱང་མྱང་འདས་སྒྲུབ་ཚུལ་དེ་དག་ཇི་བཞིན་དུ་རྟོགས་ཏེ་ལུགས་འབྱུང་འཁོར་བ་སྒྲུབ་ཚུལ་དེ་ལྡོག་པའི་ཐབས་བྱས་ནས་ལུགས་ལྡོག་དེ་རིམ་པ་བཞིན་ལྡོག་ནས་མཐར་ཐམས་ཅད་མཁྱེན་པ་འཐོབ་པར་བྱ་བའི་ཆེད་དུའོ།།

ཡང་སྒོས་སུ་འབྲེལ་བ་བཤད་པའི་དགོས་པ་དེ་ཡང་། སྒྲ་དང་རྟོག་པ་སྒྲུབ་འཇུག་ཏུ་འདོད་པ་རྣམས་བཀག་སྟེ་སེལ་འཇུག་ཏུ་འཐད་པར་བསྟན་པ་ལ་གཞན་སེལ་གསུམ་གྱི་སྐོར་དང་། རྟོག་ངོར་སྣང་བ་ལྟར་དོན་ལ་དེ་ལྟར་མ་གྲུབ་པར་བསྟན་པ་ལ་སྒྲ་དང་བློ་ཡི་དངོས་ཡུལ་ལམ་ཤིང་འཛིན་རྟོག་པ་དང་། རྗོད་བྱེད་ཀྱི་སྒྲ་གཙོ་བོ་སེལ་འཇུག་ཏུ་བསྟན་པ་ལ་བརྡ་ཡུལ་གྱི་སྐོར་རྣམས་འབྲེལ་བ་གཉིས་ལས་བདག་གཅིག་འབྲེལ་ལས་འཕྲོས་པས་འབྲེལ་བའི་གོ་དོན་ཇི་བཞིན་མ་ཤེས་ན་དེ་དག་གི་རྣམ་གཞག་ཤེས་དཀའ་བའི་གནས་སུ་གྱུར་པས་འབྲེལ་བའི་གོ་དོན་ལེགས་པར་ཤེས་པའི་དགོས་པ་ཆེས་ཆེར་ཡོད་པར་སྣང་ངོ་། །མ་ཟད་དགག་སྒྲུབ་ཅིག་ཆར་རྟོགས་པར་ཐལ་བ་དང་། སྒྲ་བློ་རྣམ་གྲངས་པར་ཐལ་བའི་སྐྱོན་དེ་དག་འབྲེལ་བའི་གོ་དོན་མ་ཤེས་པའི་གནད་ཀྱིས་དང་། ཀུན་མཁྱེན་མི་ཕམ་པས་རྟགས་ཡང་དག་གསུམ་དུ་ངེས་པ་དང་། གསུམ་དུ་ངེས་པའི་རྟགས་ལ་འཁྲུལ་བ་མེད་ཚུལ་སོགས་འབྲེལ་བའི་སྟོབས་ཀྱིས་སམ་གནད་ཀྱིས་ཡིན་པར་ཡང་ནས་ཡང་དུ་གསུངས་སོ། །གཞན་ཡང་དགག་བྱ་འགོག་པ་དང་བསྒྲུབ་བྱ་སྒྲུབ་པ་ཇི་སྙེད་པ་དེ་དག་འགལ་བ་དང་འབྲེལ་བ་ལེགས་པར་ཤེས་པ་ལ་ལྟོས་དགོས་པས། ཐེག་པ་གོང་འོག་གང་དུ་ཞུགས་ཀྱང་གཞི་ལམ་འབྲས་བུའི་རྣམ་གཞག་ཇི་བཞིན་པར་རྟོགས་པ་ལ་འགལ་བ་དང་འབྲེལ་བའི་རྣམ་གཞག་ལེགས་པར་ཁོང་དུ་མ་ཆུད་ན་མུན་ནག་ནང་རྡོ་འཕངས་པ་དང་འདྲ་བས་མངོན་མཐོ་དང་ངེས་ལེགས་འཐོབ་པར་འདོད་པ་རྣམས་ཀྱིས་ཁྱད་པར་དུ་འགལ་འབྲེལ་ལ་མཁས་པར་བྱ་དགོས་སྙམ། སོ་སྐྱེས་སུ་ཡིན་རུང་དང་པོ་ནས་གཞལ་བྱའི་གནས་གསུམ་ལ་འཇལ་བྱེད་ཀྱི་ཚད་མ་གསུམ་གྱིས་རྗེས་སུ་འབྲངས་ནས་ཐ་སྙད་ཀྱི་དོན་ལ་འཇུག་ལྡོག་བྱེད་པ་ནི་འབྲེལ་བ་ལ་རག་ལས་པས་འབྲེལ་བ་ཤེས་དགོས་སོ། །རྒྱལ་ཚབ་དར་མ་རིན་ཆེན་གྱིས་ཀྱང་། ཚད་མ་རིགས་གཏེར་རྣམ་བཤད་ལེགས་པར་བཤད་པའི་སྙིང་པོ་ལས།[35] ཚད་མ་གཉིས་ཀྱི་རྗེས་འབྲངས་ནས། །དོན་ལ་འཇུག་ལྡོག་བྱེད་པ་ནི། །འབྲེལ་བ་ཤེས་ལ་རག་ལས་པས། །འབྲེལ་བའི་རྣམ་བཞག་ལེགས་པར་བཤད། །ཅེས་གསུངས་པ་བཞིན་ནོ།།

སླར་སྨྲས་པ།

བདག་འདྲ་སྐྱེས་སྦྱངས་བློ་གྲོས་དམན་ན་ཡང་། །བཤེས་གཉེན་དམ་པའི་བཀའ་དྲིན་ཉག་གཅིག་ལས།།
དོགས་གཞི་ཙམ་དུ་བྲིས་འདིས་བསྟན་འགྲོ་ལ། །ཕན་པར་གྱུར་ཅིག་སྙམ་དུ་སྤེལ་བ་ལགས།།


[1]  བོད་ཀྱི་གཙུག་ལག་ཞིབ་དཔྱོད་ཁང་གི་ཕྱི་ལོ་ ༢༠༡༥ ལོའི་པར་མ།  དེབ་གཟུགས། ཤོག་ངོས་ ༣༩༥ པར་གསལ།

[2]  བོད་ཀྱི་གཙུག་ལག་ཞིབ་དཔྱོད་ཁང་གི་ཕྱི་ལོ་ ༢༠༢༠ ལོའི་པར་མ།  དེབ་གཟུགས། ཤོག་ངོས་ ༥༧ པར་གསལ།

[3]  བོད་ཀྱི་གཙུག་ལག་ཞིབ་དཔྱོད་ཁང་གི་ཕྱི་ལོ་ ༢༠༡༥ ལོའི་པར་མ།  དེབ་གཟུགས། ཤོག་ངོས་ ༤༦༦ པར་གསལ།

[4]  བོད་ཀྱི་གཙུག་ལག་ཞིབ་དཔྱོད་ཁང་གི་ཕྱི་ལོ་ ༢༠༡༥ ལོའི་པར་མ།  དེབ་གཟུགས། ཤོག་ངོས་ ༤༦༤ པར་གསལ།

[5]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༠༩ ལོའི་པར་མ། རྩ་བ་ཕྱོགས་བསྒྲིགས། ཤོག་ངོས་ ༣༡ པར་གསལ།

[6]  བཤད་སྒྲུབ་ཟུང་འབྲེལ་པར་སྐྲུན་ལྷན་ཚོགས་ཀྱི་ཕྱི་ལོ་ ༢༠༡༥ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༡༤༡ པར་གསལ།

[7]  བཤད་སྒྲུབ་ཟུང་འབྲེལ་པར་སྐྲུན་ལྷན་ཚོགས་ཀྱི་ཕྱི་ལོ་ ༢༠༡༥ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༡༥༡ པར་གསལ།

[8]  བོད་ཀྱི་གཙུག་ལག་ཞིབ་དཔྱོད་ཁང་གི་ཕྱི་ལོ་ ༢༠༢༠ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༨༩ པར་གསལ།

[9]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༧ ལོའི་པར་མ། རྩ་བ་ཕྱོགས་བསྒྲིགས། ཤོག་ངོས་ ༢༩ པར་གསལ།

[10]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༧ ལོའི་པར་མ། རྩ་བ་ཕྱོགས་བསྒྲིགས། ཤོག་ངོས་ ༡༣༨ པར་གསལ།

[11]  བོད་ཀྱི་གཙུག་ལག་ཞིབ་དཔྱོད་ཁང་གི་ཕྱི་ལོ་ ༢༠༡༥ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༤༥༩ པར་གསལ།

[12]  བོད་ཀྱི་གཙུག་ལག་ཞིབ་དཔྱོད་ཁང་གི་ཕྱི་ལོ་ ༢༠༡༥ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༤༤༦ པར་གསལ།

[13]  བོད་ཀྱི་གཙུག་ལག་ཞིབ་དཔྱོད་ཁང་གི་ཕྱི་ལོ་ ༢༠༢༠ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༥༦ པར་གསལ།

[14]  བོད་ཀྱི་གཙུག་ལག་ཞིབ་དཔྱོད་ཁང་གི་ཕྱི་ལོ་ ༢༠༢༠ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༥༦ པར་གསལ།

[15]  ཡེ་ཤེས་སྡེའི་པར་མ། དེབ་ཕྲེང་ ༢༡༩ ཤོག་ངོས་ ༢༥ པར་གསལ།

[16]  བོད་ཀྱི་གཙུག་ལག་ཞིབ་དཔྱོད་ཁང་གི་ཕྱི་ལོ་ ༢༠༡༥ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༤༡༨ པར་གསལ།

[17]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༧ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༢༩ པར་གསལ།

[18]  བོད་ཀྱི་གཙུག་ལག་ཞིབ་དཔྱོད་ཁང་གི་ཕྱི་ལོ་ ༢༠༡༥ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༣༩༤ པར་གསལ།

[19]  བོད་ཀྱི་གཙུག་ལག་ཞིབ་དཔྱོད་ཁང་གི་ཕྱི་ལོ་ ༢༠༢༠ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༨༩ པར་གསལ།

[20]  བོད་ཀྱི་གཙུག་ལག་ཞིབ་དཔྱོད་ཁང་གི་ཕྱི་ལོ་ ༢༠༡༥ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༣༩༤ པར་གསལ།

[21]  བོད་ཀྱི་གཙུག་ལག་ཞིབ་དཔྱོད་ཁང་གི་ཕྱི་ལོ་ ༢༠༡༥ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༩༢ པར་གསལ།

[22]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༧ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༧ པར་གསལ།

[23]  བཤད་སྒྲུབ་ཟུང་འབྲེལ་པར་སྐྲུན་ལྷན་ཚོགས་ཀྱི་ཕྱི་ལོ་ ༡༠༡༥ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༡༡༡ པར་གསལ།

[24]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༧ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༡༡ པར་གསལ།

[25]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༧ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༨༨ པར་གསལ།

[26]  བཤད་སྒྲུབ་ཟུང་འབྲེལ་པར་སྐྲུན་ལྷན་ཚོགས་ཀྱི་ཕྱི་ལོ་ ༢༠༡༥ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༡༡༡ པར་གསལ།

[27]  བཤད་སྒྲུབ་ཟུང་འབྲེལ་པར་སྐྲུན་ལྷན་ཚོགས་ཀྱི་ཕྱི་ལོ་ ༢༠༡༥ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༡༡༡ པར་གསལ།

[28]  མི་རིགས་དཔེ་སྐྲུན་ཁང་གི་ཕྱི་ལོ་ ༡༩༩༨ ལོའི་པར་མ། ཤོག་ངོས་ ༧༨ པར་གསལ།

[29]  མི་རིགས་དཔེ་སྐྲུན་ཁང་གི་ཕྱི་ལོ་ ༡༩༩༨ ལོའི་པར་མ། ཤོག་ངོས་ ༧༨ པར་གསལ།

[30]  ཝཱ་ཎ་མཐོ་སློབ་དགེ་ལྡན་སྤྱི་ལས་ཁང་གི་ཕྱི་ལོ་ ༡༩༩༥-༩༦ ལོའི་པར་མ། ཤོག་ངོས་ ༣༡ པར་གསལ།

[31]  མི་རིགས་དཔེ་སྐྲུན་ཁང་གི་པར་མ། དེབ་གཟུགས། ཤོག་ངོས་ ༧༨ པར་གསལ།

[32]  བོད་ཀྱི་གཙུག་ལག་ཞིབ་དཔྱོད་ཁང་གི་ཕྱི་ལོ་ ༢༠༡༧ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༢༩ པར་གསལ།

[33]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༤ ལོའི་པར་མ། ཤོག་ངོས་ ༢༦༨ པར་གསལ།

[34]  སྡེ་དགེ་བསྟན་འགྱུར། དཔེ་རིང་། ཤོག་ངོས་ ༡༣༨ རྒྱབ་ངོས་སུ་གསལ།

[35]  བཤད་སྒྲུབ་ཟུང་འབྲེལ་ལྷན་ཚོགས་ཀྱི་ཕྱི་ལོ ༢༠༡༥ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༡༤༡ པར་གསལ།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།