ལོ་རིམ་བཞི་པའི་སློབ་གཉེར་བ། ཚེ་རིང་དོན་གྲུབ།
ཚོན་གྱིས་མ་བསྒྱུར་དུད་སྤྲིན་སྔོ་ལོང་ལོང་།།
ཁ་བའི་འདབ་མ་ལྷན་དུ་ཚབ་ཚུབ་ངང་།།
ར་ལུག་སྒོ་ནས་འདེད་ཞོར་གོམ་ཁའི་འགྲོས།།
གངས་ཀྱིས་བཏུམ་པའི་ལ་མགོར་མང་ཙམ་ཕྱོགས།།
ཁ་བའི་གཟེགས་མ་རེ་རེ་ས་གཞི་རུ།།
ལྷུང་བ་ནས་བཟུང་མཁུར་ཚོས་དམར་སྐྱ་ལེར།།
སོང་ཡང་བྱིས་དུས་སྐྱིད་སྣང་གསོན་པོ་དག།།
གཉེར་རིས་བམ་པོ་བརྩེགས་ཀྱང་རྟག་ཏུ་དྲན།།
སྤྲིན་གྱི་ལྕུག་མ་ཕར་ཚུར་མདའ་ལྟར་འཁྱུག།།
ཆུ་འཛིན་ཁོང་ནས་འབྲུག་སྒྲ་འུར་འུར་སྒྲོག།།
ཁ་བའི་བལ་འདབ་སྙིལ་ཕྱིར་སྟ་གོན་དུ།།
མིན་ནའང་ཡིན་མདོག་བྱས་ནས་ལྟ་སྙིང་འདོད།།
མཚམས་སྤྲིན་གཞོན་ནུ་འོག་གི་ས་གཞི་དེར།།
ལྷོ་ཁའི་ཁ་རླུང་དྭངས་མ་རྔུབ་ཐེངས་རེར།།
སྐྱོ་སྣང་ཟ་འདྲེ་རྒོད་པོ་གླགས་ཁེལ་ཡང་།།
ཁ་བའི་གཏམ་རྒྱུད་བཀླགས་པས་རྒྱུན་དུ་ངུས།།
བྱེད་པོར་ཆེད་མངགས་མ་ཞུས་གྲོང་ཁྱེར་འདིར།།
ཕུན་ཚོགས་ཤེས་བྱའི་འཇའ་ཚོན་མིག་རྒྱན་དུ།།
ངོམས་མེད་དུས་ཀྱི་མཐའ་བར་བསྩལ་མོད་ཀྱང་།།
ཡང་ཡང་ཁ་བ་དྲན་པས་ངུ་འབོད་ཤོར།།
