ཨ་ཕའི་དྲིན་དྲན་པ།

རིག་འཛིན་རྣམ་རྒྱལ། དཔལ་བཀའ་རྙིང་བཤད་སྒྲུབ་གླིང་།

སེམས་ཀྱི་ཕྱི་ནང་བར་ན་མི་ཞིག་ཡོད།།
སྙིང་ཁམས་གཏིང་ན་དྲན་པའི་ཚོར་བ་ལྕི།།
དྲན་གདུང་རླབས་ཀྱིས་དབང་མེད་གཡོ་བ་གང༌།།
བྱམས་བརྩེས་བསྐྱངས་པའི་དྲིན་ཆེན་ཨ་ཕ་ཡིན༎

ཟས་ཀྱི་བཅུད་དང་རེག་ན་འཇམ་པའི་གོས།།
ཐམས་ཅད་བུ་ཡི་དོན་དུ་བསྔོ་བ་ལ༎
རང་དབང་མེད་པའི་ཚོར་བ་རྣོན་པོ་ཡིས༎
ལོ་ཟླ་མང་པོ་ཡངས་པའི་རྒྱལ་ཁམས་འགྲིམས།།

དགའ་སྐྱོ་འདྲེས་མའི་ངལ་བ་དུ་མའི་འོག།།
དཀའ་སྡུག་མང་པོ་ཐོད་ལ་བླངས་བླངས་ནས༎
ཤ་ཟད་རུས་ཟད་སྐམ་ཞིང་རིད་ན་ཡང༌༎
བུ་ཡི་དོན་ལ་སྤོབས་སེམས་ཞུམ་པ་མེད༎

སྐྲ་ཉག་རྩེ་མོ་གངས་ལྟར་འཚེར་ན་ཡང༌༎
གཉེར་མའི་རི་མོ་འབུར་དུ་དོད་ཀྱང་རུང༌༎
བུ་ཡི་དོན་དུ་ལྷག་བསམ་རི་ལས་མཐོ།།
ཉིན་མཚན་འདུར་རྒྱུགས་ངང་ནས་མི་ཚེ་བསྐྱལ༎

ལུང་པའི་ཁྲིམས་ཀྱི་མངའ་འོག་བསྡད་ན་ཡང༌༎
ཕྲུ་གུའི་དོན་དུ་བལ་ཡུལ་ལ་ཡང་བསྐྱོད།།
ཡར་འགྲོ་མར་འགྲོ་གཉིས་ཀྱི་སོ་མཚམས་ན།།
རྔུལ་ཆུའི་ཐིགས་པ་མང་པོ་ས་ལ་གཏོར༎

བོངས་ཚད་ཧ་ཅང་མཐོ་བའི་རི་བོ་དང༌༎
ཀྱག་ཀྱོག་ལམ་འཕྲང་དོག་པའི་གཞུང་ལམ་ནས།།
ཉིན་མཚན་བཞི་ལྔ་ཚ་གྲང་དང་འགྲོགས་ཏེ།།
བུ་ལ་གདུང་བས་འགྲུལ་བཞུད་ཡུད་ཀྱིས་བཅད།།

ཐད་འཕུར་གནམ་གྲུའི་ཆ་རྐྱེན་འཛོམས་ན་ཡང༌༎
གཙང་ཆུ་སྟོང་ལ་གོམ་པའི་འདེགས་འཇོག་བྱས།།
ཕྱག་དངུལ་བསགས་དང་སྲུང་བའི་ལས་དོན་དག།།
བུ་ཡི་མདུན་ལམ་ཁོ་ནར་གཅེས་པར་འཛིན༎

ཆོས་བཞིན་སྤྱོད་པའི་རང་དབང་ཡོད་ན་ཡང༌༎
བུ་ཕྲུག་དོན་ལ་བྱམས་སེམས་ཐུགས་རྒྱུད་གང༌༎
དགའ་སྐྱིད་སེམས་ཀྱི་སྣང་བ་རྗེས་སུ་བསྐྱུར༎
རེ་དོགས་ཁོ་ནས་འཇིག་རྟེན་ལས་ལ་གཡེངས།།

ཡིད་ཀྱི་བདེ་སྡུག་མ་ལུས་གསང་ནས་བཞག།།
མི་བདེ་ན་ཡང་སྐྱིད་པའི་སྣང་བ་མངོན༎
བུ་དོན་ངག་ལ་འཁྱེར་བའི་སྙིང་སྟོབས་ཅན༎
ཚད་མེད་ཟུག་རྔུ་བཟོད་པའི་ཨ་ཕ་འོ༎

དྲིན་ལ་དྲིན་དུ་ཤེས་པའི་དུས་ཚིགས་ལ།།
བསམ་མེད་བྱིས་པས་ཚོགས་དྲུག་སྒྲོམ་ལ་བཅུག།།
ཨ་ཕ་བགྲེས་སོང་མཐའ་ལ་མཇལ་བ་ན༎
བཀའ་དྲིན་རྗེས་སུ་དབང་མེད་དྲན་ནས་ཐལ།།

༡༨/༠༤/༢༠༢༤

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།