དངུལ་གྱི་ནུས་པ།

བལ་ཡུལ་བཀའ་རྙིང་བཤད་སྒྲུབ་གླིང་། རིག་འཛིན་རྣམ་རྒྱལ།

གཉེར་མའི་རང་མདངས་འཆང་བའི་རྒད་པོ་ཞིག་གམ།།
བསམ་མེད་ཅོལ་ཆུང་བྱིས་པའི་ངང་ཚུལ་ཡིན་རུང་།།
དངུལ་སྒོར་ཤོག་ལྷེ་གཅིག་ལ་སེམས་པ་ཉུལ་ན།།
དུག་གསུམ་རླུང་འཚུབ་འདི་ནས་ཐར་པ་མི་འདུག།།

དབྱངས་གསལ་སོ་བཞིའི་ཡིག་ངོ་མ་ཤེས་གོང་དུ།།
བྱིས་པའི་འདུན་པ་འཕྲལ་གྱི་འཁྲུལ་རྒྱུས་བསླད་དེ།།
གཉོམ་ཆུང་སེམས་པ་སྒོར་མོའི་དོན་དུ་ཤོར་ན།།
མི་ཚེའི་རེ་འདུན་ཟེར་བ་རྨི་ལམ་ཙམ་ཞིག།།

ཟླུམ་གཟུགས་གོ་ལ་སྔོན་མོའི་གྲུ་ཁའི་ཁྲོད་དུ།།
གསེར་ལས་ལྷག་པའི་རྣམ་དཔྱོད་ཡག་པོ་ཡོད་ཀྱང་།།
རྒྱུ་དང་སྒོར་མོའི་བཙན་དུག་དྲྭ་བར་ཚུད་ན།།
རྣམ་ཤེས་སྐྱ་བོའི་ལྷུང་ས་འཁོར་བ་ཡིན་སོང་།།

འདོད་ཡོན་གནས་ལ་སྲེད་པའི་དེང་གི་མི་ཚོགས།།
ཤོག་ལྷེ་གཅིག་ལ་ཉིན་མཚན་དཀའ་སྡུག་མྱངས་ཀྱང་།།
བན་བུན་སྣང་བ་འདི་ལ་བསམ་གཞིགས་བྱས་ན།།
ཡོད་ཚད་ཤུལ་ན་ལུས་པ་ཆོས་ཉིད་ཡིན་འདུག།།

རིན་ཆེན་དངུལ་གྱི་གོ་འཕང་རེ་འདུན་འཆང་ཚེ།།
ཡིད་ཀྱི་འདུན་པ་ཅིག་ཆར་དབང་མེད་འཕྲོག་ཀྱང་།།
དྲན་སེམས་གཞུ་མོ་ནང་དུ་དགུག་རྒྱུ་བརྗེད་ན།།
དུས་ཀྱི་མདའ་མོའི་བསླུ་བྲིད་འོག་ན་ཚུད་ཡོང་།།

སེམས་ཀྱི་བུ་ཆུང་འདོད་རྔམ་གཟེབ་ལ་ཚུད་དེ།།
རང་སྣང་ཕྲ་མོ་ཡན་ཡང་དངུལ་ལ་བསྒྱུར་ཅིང་།།
རེ་བ་འཕར་མ་ཞིག་གིས་མི་ཚེ་རྫོགས་ན།།
ད་ནི་རང་མགོ་རང་གིས་བསྐོར་བ་ཡིན་འདུག།།

ཆར་པའི་རྗེས་ཤུལ་ལྟ་བུའི་སྒོར་མོའི་དོན་དུ།།
འབད་པ་བརྒྱ་ཡིས་ཤ་དང་རུས་པ་བསྐམ་ཞིང་།།
འདོད་པའི་མེ་ལྕེས་སེམས་ཀྱི་ཞི་བདེ་བསྲེགས་ན།།
རེ་བའི་འོད་སྣང་ལྦུ་བ་ཙམ་དང་མཚུངས་སོང་།།
༢༠༢༤/༨/༡༤/ཉིན།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།