ལོ་རིམ་བཞི་པའི་སློབ་གཉེར་བ། ཚེ་རིང་བཀྲ་ཤིས།
ད་ནས་བརྩིས་པའི་མི་ལོ་དུ་མའི་སྔོན།།
རྒྱ་ཁྱོན་ཡངས་པའི་བཤད་གྲྭའི་ར་བའི་ནང་།།
ལྷག་བསམ་ཆེ་བའི་མི་རབས་གོང་མ་ཚོས།།
སྨོན་ལམ་ལྷན་དུ་ལྗོན་པའི་རྩ་བ་བཙུགས།།
མཚར་སྡུག་མིག་ལ་མཛེས་པའི་ལྗོན་ཤིང་དེ།།
ཡལ་ག་ཕྱོགས་བཅུར་རྒྱས་ཤིང་ལོ་འདབ་ལྗིད།།
མཐོང་ན་ཡིད་སེམས་མ་ལུས་འཕྲོག་བྱེད་པའི།།
སྐབས་གསུམ་ལྷ་ཡི་ཡུལ་ནས་དྲངས་པ་འདྲ།།
མཐོངས་ན་སྤྲིན་དཀར་འདབ་མ་ལྷོང་ལྷོང་རྒྱུ།།
བར་ན་བྱིའུ་ཆུང་འདྲ་མིན་སྐད་སྙན་སྒྲོག།།
འོག་ན་མཁས་པའི་དབང་པོ་སྣ་དགུ་འཛོམས།།
བརྗིད་ཉམས་ཆེ་བའི་ལྗོན་ཤིང་ཁྱོད་ལ་བསྔགས།།
ཞོགས་པའི་ཉིིན་བྱེད་ལྗོན་ཤིང་རྩེ་ལ་ཕྱོགས།།
དྭངས་པའི་ཟིལ་པ་ལོ་མ་ཟླུམ་སྐོར་ནང་།།
ཆུ་ཤེལ་དཀར་ལྟར་འོད་ཟེར་ཕྲོམ་ཕྲོམ་མེར།།
ལུ་གུ་རྒྱུད་བཞིན་ཐང་ལ་ལྷུང་འདི་མཛེས།།
ཀུན་གསལ་དབང་པོ་རི་བོའི་ཕག་ཏུ་ཡལ།།
མུན་པ་ཁེབས་བཞིན་ས་སྲོད་རུབ་པའི་ཚེ།།
ང་དང་གྲོགས་པོས་བཤད་གྲྭའི་ལྗོན་ཤིང་འོག།།
ཟླ་བར་བསྡེབས་པའི་སྣང་བརྙན་བརྗོད་མི་ཤེས།།
དཔྱིད་དུས་མེ་ཏོག་ངང་མོའི་དགའ་སྟོན་བྱེད།།
དབྱར་དུས་གཡུ་ལོ་འདབ་མ་ཆར་པས་བརླན།།
སྟོན་དུས་དབྱིབས་གཟུགས་རིང་བའི་འབྲས་བུ་སྨིན།།
དགུན་ཡང་ཁ་བས་མ་བཀླུབས་སྔར་བཞིན་གནས།།
མདོ་སྔགས་རིག་གནས་བཅས་པ་འགམས་འདོད་པའི།།
ངུར་སྨྲིག་ཆོས་གོས་བསྣམས་པའི་དགེ་འདུན་དག།།
ཚ་སྡུག་སེལ་བའི་དཔག་བསམ་ལྗོན་ཤིང་གི།།
བསིལ་གྲིབ་དེ་ནས་གཤོག་སྒྲོ་རྒྱས་པ་ལགས།།
ཁྱོད་ནི་མཐོ་སློབ་འདི་ཡི་བླ་ཤིང་ཞིག།།
ཁྱོད་ནི་མཁས་མང་འདུ་སའི་ལྗོན་པ་ཞིག།།
ཁྱོད་ནི་གྲུབ་དབང་བླ་མའི་རྗེས་དྲན་ཞིག།།
མདོར་ན་ཁྱོད་ནི་ང་ཚོའི་ནོར་བུ་ཡིན།།
༠༢/༠༤/༢༠༢༤
