ལོ་རིམ་བཞི་པའི་སློབ་གཉེར་བ། ཚེ་རིང་བཀྲ་ཤིས།
གནས་ཚུལ་དོན་དམ་མཐའ་བྲལ་ཞི་བའི་དབྱིངས་སུ་མྱ་ངན་འདས་གྱུར་ཀྱང་།།
སྣང་ཚུལ་ཀུན་རྫོབ་སྒྱུ་མའི་ཚུལ་འཛིན་ཡབ་གཅིག་༸གྲུབ་དབང་བླ་མ་རྗེའི།།
ཐུགས་སེམས་རྣམ་པར་མི་རྟོག་མཐའ་མི་མངོན་པའི་འོ་མའི་ཆུ་གཏེར་ལས།།
བྱུང་བའི་པད་དཀར་གཞོན་ནུ་བཤེས་གཉེན་ཁྱེད་ཅག་ངག་གིས་བསྟོད་བགྱི་ན།།
འདི་ན་རྣམ་ཀུན་བཀའ་དྲིན་ཆེ་བའི་མཐོ་སློབ་འདི་ཡི་དགེ་རྒན་རྣམས།།
བཅུ་ཕྲག་རིག་དང་རིག་པའི་གནས་ཀུན་རྣམ་དཔྱོད་ལྕེ་ཡི་མྱངས་གྱུར་ཀྱང་།།
ཉིན་བཞིན་སློབ་ལ་བརྩོན་ཞིང་རེ་བའི་སྙན་གྲགས་རྒྱབ་ཏུ་བསྐྱུར་བྱས་ཤིང་།།
ཞག་གཅིག་དེབ་དང་བྲལ་བའི་ལོ་རྒྱུས་རྣ་བའི་བུ་གར་གོ་མྱོང་ངམ།།
ཡང་དག་ཚད་མ་བཤད་ན་ཚན་རིག་རྒད་པོའི་བསྔགས་པའི་གནས་སུ་འོས།།
སྒྲ་རིག་སྙན་ངག་བཤད་ན་མཁས་རྣམས་ཡིད་ཀྱི་དབང་པོ་འཕྲོག་བྱེད་ཅིང་།།
གཞུང་དོན་བཀྲལ་ན་སྐྱ་སེར་མི་མང་དད་པའི་མིག་ཆུ་འཆོར་བྱེད་ན།།
ཁུར་དུ་ལྕི་བའི་འབྲས་བཟང་ལྡན་པའི་ལྗོན་ཤིང་ཁྱེད་རྣམས་སུས་མི་བསྔགས།།
ཧི་མ་ལ་དང་འབྲས་མོ་ལྗོངས་སོགས་རིགས་རུས་མི་འདྲའི་ཤིང་དག་ལ།།
མཁྱེན་པའི་རྣམ་དཔྱོད་བདུད་རྩི་ཆུ་བོ་ལྷག་བསམ་དཀར་པོའི་རླབས་གཡོ་བས།།
ཀུན་ཀྱིས་བསྔགས་གྱུར་ཡིད་དབང་འཕྲོག་པའི་ལྗོན་པའི་འབྲས་བུ་འཐོར་བ་ན།།
ཡབ་གཅིག་གྲུབ་དབང་ལྷ་ལམ་དབྱིངས་ནས་དགྱེས་ཞལ་པདྨོ་ཅིས་མི་འཛུམ།།
བུ་ཡུག་འཚུབ་པའི་མཐའ་ཁོབ་གླིང་དུ་ཤེས་རིག་མེ་ཏོག་རྒྱས་པའི་སླད།།
ཇ་ཡུན་ཙམ་ཡང་སྡོད་ལོང་མེད་པར་དཔེ་ཁྲིད་ཟུར་ཁྲིད་བྱེད་པའི་ཞོར།།
ངལ་བའི་སྡུག་བསྔལ་ཅི་ཞིག་བྱུང་རུང་ལྷག་བསམ་དྲི་ངད་མ་ཉམས་འདི།།
མཐོ་སློབ་འདི་ཡི་སྤོབས་པ་ཞིག་དང་གཟི་བརྗིད་ངོ་མ་མ་ཡིན་ནམ།།
དོ་སྣང་ཆུང་བའི་སློབ་མ་འགའ་དང་གཉིད་དུ་ཡུར་བའི་སློབ་ཚོགས་རེ།།
མཐོང་བ་ཙམ་གྱིས་སེམས་ལ་མི་བདེའི་རྣམ་རྟོག་ཅིག་གིས་ཉོབ་སྲིད་ཀྱང་།།
༸གྲུབ་དབང་བླ་མའི་བཀའ་ལུང་ཞིག་ལས་མ་ཉན་ན་ཡང་ཤོད་ཞོག་དང་།།
ཞེས་པའི་ལུང་དེ་ཐོད་དུ་བཅིངས་ཏེ་འཆད་པའི་ལས་ལ་འཇུག་འདི་མཛེས།།
གླིང་འདིའི་དགེ་རྒན་ཁྱེད་རྣམས་འདི་ནས་བྲལ་ཏེ་གང་དུ་ཕེབས་ན་ཡང་།།
འཁོར་མང་འབྱོར་པ་ཕུན་ཚོགས་རྒྱུན་ཆད་མེད་ཅིང་གཞན་གྱི་བརྩི་བཀུར་དང་།།
འགྲོ་དོན་ཕལ་ཆེར་གཞན་དུ་སྐྱོང་བའི་འདུན་པའི་ལམ་བཟང་མཆིས་ན་ཡང་།།
རང་གི་མ་དགོན་རྩ་བ་འཛིན་པའི་གོང་མ་ཁྱེད་རྣམས་སྙིང་ནས་བསྔགས།།
ཁྱེད་རྣམས་མེད་ན་མཐོ་སློབ་འདི་ཡང་གཟི་བརྗིད་བྲལ་བའི་ཁང་སྟོང་ཞིག།།
ཁྱེད་རྣམས་མེད་ན་དཔེ་དེབ་འདི་རྣམས་དོན་མེད་ཡིག་ཚོགས་ཕུང་པོ་ཞིག།།
ཁྱེད་རྣམས་མེད་ན་གཞུང་དོན་ཟབ་མོའི་རོ་བཅུད་མྱོང་བའི་སྐལ་ཡོད་དམ།།
ཁྱེད་ཅག་མེད་ན་གྲུབ་དབང་བླ་མའི་ཐུགས་དགོངས་དག་ཀྱང་རྫོགས་ནུས་སམ།།
