སེའུ་ཤིང་།The Cheery Tree

Ruskin Bond གྱིས་བརྩམས།[1]

ལོ་རིམ་བརྒྱད་པའི་སློབ་གཉེར་བ། བློ་གྲོས་མཐའ་ཡས།

ཉིན་ཞིག་ལོ་ན་དྲུག་ལ་སོན་པའི་བྱིས་པ་ར་ཀེས་ཞེས་བྱ་བ་དེ་སེའུ་ཟ་བཞིན་མུ་སུ་རི་ཁྲོམ་ནས་ཁྱིམ་ལ་ལོག། སེའུ་ནི་དབྱིབས་ཟླུམ་པོ་མདོག་དམར་ལ། མངར་སྐྱུར་འདྲེས་མའི་ཤིང་ཏོག་ཅིག་རེད། དེ་ནི་ས་ཐག་རིང་མོ་ Kashmir ཕྱོགས་ནས་འོང་། ར་ཀེས་སྡོད་སའི་ལུང་པ་ནི་རི་རྒྱུད་དུ་ཆགས་ཤིང་བྲག་རིའི་རང་བཞིན་ཡིན་པ་མ་ཟད། གྲང་རླུུང་ངར་མའི་རྐྱེན་གྱིས་ཤིང་ཏོག་དང་རྩི་ཤིང་གི་རིགས་ཕལ་ཆེ་བ་འཚོ་མི་ཐུབ། འོན་ཀྱང་། གཞིས་ཆགས་ཀྱི་གསེག་ངོས་ནི་བེ་ཤིང་དང་ཐང་ཤིང་གིས་ཁེངས་ཡོད། ར་ཀེས་མུ་སུ་རིའི་མཐའ་མཚམས་སུ་སྤོ་བོ་དང་མཉམ་དུ་སྡོད་པ་དང་། སྤོ་བོ་ནི་ནགས་ཚལ་དོ་དམ་ཡོལ་ཟིན་པ་ཞིག་ཡིན་ཟེར།

སེའུ་ཆག་པ་དེ་ར་ཀེས་སློབ་གྲྭ་ནས་ཕྱིར་ལོག་སྐབས་སྒོར་ལྔ་བཅུ་སྤྲད་དེ་ཉོས་པ་རེད། དེ་ཡང་སློབ་གྲྭ་དང་སྤོ་བོའི་ཁང་པའི་བར་གོམ་པ་བརྒྱབ་ནས་ཆུ་ཚོད་གཅིག་དང་ཕྱེད་ཙམ་འགོར། ར་ཀེས་ཁང་པའི་འགྲམ་དུ་འབྱོར་ཚེ་སྤོ་བོ་ལྡུམ་རའི་ནང་དུ་ལས་ཀ་ལས་བཞིན་པ་མཐོང་སྟེ། “སྤོ་ལགས། སེའུ་ཟ་རོགས།” ཟེར། དེ་དུས་སེའུ་རྡོག་པོ་གསུམ་ལྷག་ཡོད་པ་ལས། སྤོ་ལགས་ཀྱིས་རྐང་གཅིག་བཟས་ཤིང་རྡོག་པོ་ལྷག་མ་གཉིས་ར་ཀེས་ཀྱིས་བྲེལ་འཚུབ་ངང་བཟས། དེ་ནས་སེའུ་མཐའ་མའི་ཚི་གུ་ཁ་ནང་ལ་འཇིབ་བཞིན་རོ་བཅུད་ཚང་མ་བཞུས་རྗེས། ལག་མཐིལ་དུ་བཏོན་ཏེ། “ཚི་གུ་དེ་ལ་ཐུན་མིན་གྱི་ཁྱད་ཆོས་ཅི་ཡོད།” ཅེས་དྲིས་པས། སྤོ་ལགས་ཀྱིས་“ལོས་ཡོད། དངོས་པོ་གང་ཡིན་ནའང་བསྐྱུར་བཞག་ན་ཁྱད་པར་བ་ཞིག་ཆགས་ཀྱི་མ་རེད། ཁྱད་དུ་འཕགས་པ་ཆགས་དགོས་ན་བཀོལ་སྤྱོད་བྱེད་དགོས།” ཟེར་བས། ར་ཀེས་ཀྱིས་“ཚི་གུ་འདི་ཅི་བྱེད་དགོས།” ཞེས་པར་སྤོ་ལགས་ཀྱིས་། “ཞིང་ཁར་འདེབས་འཛུགས་བྱོས་དང་།” ཟེར།

ར་ཀེས་སྦྱག་མ་ཞིག་འཁུར་ནས་ལྡུམ་རར་སོང་བས། སྤོ་བོས། “ཀྱེ། འདིར་མ་རེད། འདི་ལ་ངས་པད་ཁ་བཏབ་ཟིན། ཕ་གིའི་བསིལ་གྲིབ་ཡོད་སར་ཐོབ་ཤོག་”ཟེར། ར་ཀེས་ལྡུམ་རའི་ཟུར་དུ་ས་རྒྱུ་བཟང་ཞིང་ངོས་སྙོམས་པོར་བཟོས་ཏེ་ཐེ་བོང་གིས་སོན་གོང་སར་འཛུགས་ཙམ་བྱས། དེ་ནས་ཉིན་དགུང་གི་ཁ་ལག་བཟས་ཏེ་ Cricket རྩེ་རུ་བུད། དེ་ནས་བཟུང་ཚི་གུའི་སྐོར་བརྗེད་ཟིན་པ་འདྲ། དེ་ལ་ཇུས་གཏོགས་མ་བྱས། དེ་ནས་ཡུན་མི་རིང་བར་དགུན་ཁ་ཤར། གྲང་རླུང་ཐང་ཤིང་གསེབ་ནས་ལྡང། ལྡུམ་རར་ལོ་ཏོག་གིས་སྟོངས་ཤིང་སྐམ་རྙིད་དུ་གྱུར་པའི་དགོང་མོ་རྟག་པར་མེས་དབོན་གཉིས་མེ་ཕུང་མཐའ་འཁོར་དུ་འདུག་ནས་སྤོ་ལགས་ཀྱིས་སྒྲུང་བཤད། ར་ཀེས་ཀྱིས་སྤོ་ལགས་ཀྱི་མདུན་དུ་ཚགས་པར་ཀློག་གི་ཡོད། དོན་ངོ་མར་ར་ཀེས་ཚགས་པར་ཀློག་ཡ་ལ་ཉོོབ་ཀྱི་ཡོད་ནའང་། ཁོས་སྤོ་ལགས་ཀྱི་ངོ་སྲུང་ཆེད་ཀློག་གི་ཡོད།

ལུང་པ་འདིའི་བྱ་ངུར་པ་གནས་སྤོས་ཏེ་བྱང་ཕྱོགས་ས་ཡི་བི་རི་ཡ་རྒྱལ་ཁབ་ཏུ་འཕུར་བའི་ནམ་དུས་ནི། དཔྱིད་ཀྱི་དཔལ་མོ་སླེབས་པའི་རྟགས་སུ་ངོས་འཛིན་བྱེད། སྔ་དྲོ་ཞིག་ལ་ར་ཀེས་མེ་སྤར་ཆེད་བུད་ཤིང་འཐུ་སྐབས། བྱ་ངུར་པ་ཁྱུ་ཞིག་སྐད་སང་སྒྲོག་ཅིང་བྱང་ཕྱོགས་སུ་འཕུར་བ་མཐོང་། ཉིན་འགའི་རྗེས་ར་ཀེས་ལྡུམ་རར་ཕྱིན་པས་ཟུར་དུ་སྔོ་ལྡུམ་ཞིག་སྣང་མོད། དེ་ནི་ཤིང་དུམ་ཞིག་འདུག་སྙམ་པ་ཙམ་ལས་དོ་སྣང་ཆེར་མ་བྱུང་། འོན་ཀྱང་ངོ་མཚར་བ་ཞིག་ལ། དེར་སེའུ་ཤིང་གི་མྱུ་གུ་སྐྱེས་ཡོད་པས། དེར་ཡུད་ཙམ་བལྟས་ནས། “སྤོ་ལགས། འདིར་འོངས་ནས་ལྟོས་དང་། སེའུ་ཡི་མྱུ་གུ་”ཟེར། སྤོ་བོའང་ཧང་སང་སྟེ། “སེའུ།” ཟེར་བ་ཙམ་ལས་གཞན་ཅི་ཡང་མི་ཟེར། ར་ཀེས་ཀྱིས་“ན་ནིང་ལོར་འདེབས་འཛུགས་བྱས་པའི་ཚི་གུ་རེད། ལྟོས་དང་། ཅི་འདྲ་ཡག་པོ་སྐྱེས་འདུག” ཟེར།

ཁོང་མེས་དབོན་གཉིས་མར་གུག་སྟེ་མིག་ཟུང་གཉིས་པོས་ཁྲུ་བཞིའི་ཚད་ཙམ་དུ་སྐྱེས་པའི་སེའུ་ཤིང་ལ་རྒྱུས་ལོན་བྱེད་བཞིན་སྤོ་བོས་“འདི་ནི་སེའུ་ཤིང་རང་རེད། རྒྱུན་དུ་ཆུ་བླུག་དགོས།” ཞེས་སྨྲས་པས། ར་ཀེས་ཁང་པའི་ནང་ལ་བརྒྱུགས་ཏེ་ཆུ་ཟོ་གང་ཞིག་ཁྱེར་ནས་མྱུར་དུ་ལོག སྤོ་བོས་“ཝེ། ཆུ་མང་པོ་བླུག་མི་རུང།” ཟེར་བས། ཉུང་ཙམ་གཏོར་ནས་རྡོ་ཧྲུག་གིས་ར་སྐོར་བཟོས། སྤོ་བོས་“རྡོ་ཧྲུག་འདི་ཅི་རེད།” ཅེས་དྲིས། ར་ཀེས་ཀྱིས་“གསང་བའི་ཆེད་དུ།” ཟེར། ཉིན་ཤས་རིང་ར་ཀེས་ཞོགས་པ་མལ་ལས་ལངས་མ་ཐག སྡོང་པོ་དང་ཡལ་ག་ཆེར་འཕེལ་བའི་རེ་བས་སེའུ་ཤིང་ལྟ་རུ་ཕྱིན། འོན་ཀྱང་དོན་ལ་ཆེར་ཆགས་མེད་པས། དུས་དེ་ནས་བཟུང་མིག་ཟུར་ནས་བལྟས་ཙམ་བྱས་པ་ལས་སྔར་བཞིན་ཞིབ་ལྟ་མི་བྱེད། ཡང་བདུན་ཕྲག་གཉིས་ཙམ་གྱི་རྗེས་སུ་ཞིབ་ལྟ་ཞིག་བྱས་པས་ཁྲུ་གང་ཙམ་གྱིས་ཡར་འཕར་འདུག་ཟེར།

ལོ་འདིར་ཆར་དུས་སྔ་ཙམ་ཤར་བས། ར་ཀེས་སློབ་གྲྭར་འགྲོ་དུས་དང་ཕྱིར་ལོག་སྐབས་ཆར་གོས་དང་ཆུ་ལྷམ་གྱོན་གྱི་ཡོད། ཤིང་གི་ཡལ་ག་རྣམས་ལ་ལྡུམ་པོ་རེ་རལ་གྱི་མྱུ་གུ་སྐྱེས། རྩྭ་ཐང་དུ་མེ་ཏོག་ཀུ་མུད་ད་མཚར་སྡུག་གིས་བཞད། དཔྱིད་ཆར་དེ་ཙམ་ཆེན་པོ་མ་བབས་ཀྱང། ཤིང་སྡོང་དག་གི་ཡལ་གའི་འོག་ནས་ཆུ་ཐིགས་དལ་གྱིས་ལྷུང་། ལུང་གཤོངས་ཐམས་ཅད་ན་བུན་གྱིས་ཁེངས་ཏེ་རླན་གཤེར་ཅན་དུ་གྱུར། ནམ་དུས་འདིར་སེའུ་ཤིང་མྱུར་དུ་རྒྱས་སོང། འོན་ཀྱང་། རྐྱེན་ངན་ཐོག་ཏུ་བབས་ཏེ། ར་ཞིག་ལྡུམ་རྭར་འཛུལ་ཏེ་ feet གཉིས་ཀྱི་ཚད་ཙམ་དུ་སྐྱེས་པའི་སེའུ་ཡི་ལོ་མ་ཚང་མ་བཟས། སྡོང་པོ་དང་ཡལ་ག་ཙམ་ལུས་པས། ར་ཀེས་སྤྲོ་ལངས་ཏེ་མི་འདོད་པའི་རྣམ་འགྱུར་བསྟན་པས། སྤོ་བོས་“བློ་མ་ཕམ། ཡང་བསྐྱར་སྐྱེ་ཡོང། སེའུ་ཤིང་ངར་པོ་ཡིན།” ཞེས་སེམས་གསོ་བྱས། དེ་ནས་ཆར་དུས་མཇུག་ཙམ་ན། སླར་ཡང་འདབ་མ་མང་པོ་ཞིག་རྒྱས་ཡོད་མོད། ད་དུང་རྩྭ་རྔ་མཁན་བུ་མོ་ཞིག་གིས་སྣང་མེད་ཀྱིས་སེའུ་ཤིང་དུམ་བུར་བཅད་པས། སྤོ་བོས་བུ་མོར་བཀའ་བཀྱོན་བཏང་ཡང། སེའུ་ཤིང་བསྐྱར་བཟོ་བྱེད་ཐབས་ག་ལ་ཡོད། ངོ་གདོང་ལ་སྐྱོ་ཉམས་ཀྱིས་ཁེངས་པའི་ར་ཀེས་ནི་“ད་བསྐམ་ཡོང་།” ཟེར་བཞིན་འདུག། སྤོ་བོས་ཀྱང་“ཕལ་ཆེར་ཤི་འགྲོ།” ཞེས་ལན་བཏབ།

འོན་ཀྱང་ཤིང་ལ་འཆི་བའི་བསམ་པ་མི་འདུག དབྱར་དུས་སུ་ལོ་མ་ལྗང་གུ་མང་དག་ཅིག་གསར་དུ་འབུས་སོང་། ར་ཀེས་ཀྱང་ལོ་ན་བརྒྱད་དུ་སོན་པས། སྐྲ་གནག་ཅིང་སྣུམ་ལ། མིག་ཀྱང་ནག་ཐིང་ངེར་ཡོད་པས། སྤོ་བོས་འབྲས་ལུམ་མ་ཟེར་ནས་འབོད་ཀྱི་ཡོད། ཆར་དུས་འདིར་ར་ཀེས་ནང་ལ་ཕྱིན་ནས་ཕ་མ་གཉིས་ལ་ཞིང་རྨོ་བ་སོགས་ཀྱི་ལས་རོགས་བྱས་རྗེས་ཕྱིར་ལོག། དེ་དུས་སེའུ་ཤིང་ཁྲུ་གང་ཙམ་སྐྱེས་ཡོད་པས། ཁོའི་བྲང་ཁོག་ཐད་དུ་སླེབས། ཡ་མཚན་པ་ཞིག་ལ། ཆར་ཞོད་བསྟུད་མར་བབས་ཀྱང་། ད་དུང་ར་ཀེས་ནི་གདུང་སེམས་ཀྱིས་སེའུ་ཤིང་ལ་ཆུ་འདྲེན་གྱི་འདུག

ཉིན་ཞིག་ཡལ་གའི་སྟེང་དུ་ཤིང་འབུ་ཕྱག་རྒྱ་མས་མིག་ཟུང་འབུར་འབུར་གྱིས་ར་ཀེས་ལ་ལྟ་བཞིན་འདུག འབུ་དེ་སེའུ་ཤིང་འདིར་ཐུག་འཕྲད་དུ་འོང་མཁན་མགྲོན་པོ་ཐོག་མ་ཡིན་ཟེར་ནས་དེ་ག་རང་གནས་སུ་བཅུག མགྲོན་པོ་གཉིས་པར་སྔོ་འབུ་སྤུ་ཅན་ཞིག་སླེབས་འདུག་མོད། དེ་ནི་ལོ་མར་འཚོ་རྟེན་བྱེད་པས། ར་ཀེས་ཀྱིས་“ཕྱིས་སུ་ཕྱེ་ལེབ་ཆགས་དུས་ཤོག་ཨ།” ཟེར་ནས་ཕྱིར་བཏོན། དེ་ནས་ཡུན་མི་རིང་བར་དགུན་ཁ་ཤར། དགུན་གཞུང་གི་དུས་སུ་ཁ་བ་དྲག་ཏུ་བབས་པས་སེའུ་ཤིང་ཁ་བའི་ལྗིད་མ་ཐེགས་པར་གུག་གུག་ཏུ་གྱུར། ཞིང་ཁའི་བྱི་བ་ཚོ་སྤོ་བོའི་ཁང་ཐོག་ཏུ་ཚང་སྤོས། ཉིན་ཤས་རིང་གཞུང་ལམ་ཆད་དེ་འགྲོ་འདུག་བྱེད་མ་ཐུབ་པས། ཚགས་པར་ཡང་དུས་ཐོག་ཏུ་འབྱོར་མ་ཐུབ་པའི་གནས་སྟངས་སྐྱོ་བོ་ཞིག་ཏུ་གྱུར། དེའི་རིང་ལ་སྤོ་ལགས་སྤྲོ་ཐུང་ཆགས་ནས་སྒྲུང་ཡང་ཡག་པོ་མི་ཤོད།

འདིའི་སྤྱི་ཟླ་གཉིས་པར་ར་ཀེས་ཀྱི་སྐྱེས་སྐར་ཁེལ་ཡོད། ར་ཀེས་ལོ་དགུར་སོན་ཅིང་སེའུ་ཤིང་ལོ་བཞིར་སོན། འོན་ཀྱང། ར་ཀེས་དང་སེའུ་ཤིང་གཉིས་ཧ་ལམ་མཐོ་ཚད་མཉམ། སྔ་དྲོ་ཞིག་ལ་སྤོ་བོ་ལྡུམ་རའི་ཕྱོགས་སུ་བསྐྱོད་དེ་སེའུ་ཤིང་འགྲམ་དུ་སླེབ་སྐབས། སེའུ་ཤིང་ལ་མིག་ཅེར་ཏེ་ལྟ་བ་ལས་ཁ་ཅི་ཡང་མ་གྲགས། ཅུང་ཙམ་རྗེས། “ར་ཀེས་འདིར་ཤོག མགྱོགས་པོར་ཤོག འདི་སར་མ་ལྷུང་སྔོན་ལ་ཤོག” ཟེར། དེ་ནས་ཁོང་གཉིས་སེའུ་ཤིང་འདིས་རྫུ་འཕྲུལ་ཞིག་བསྟན་པ་ཇི་བཞིན་དེ་ལ་ལྟད་མོ་བལྟས་ནས་ལུས། རྒྱུ་མཚན་ནི། ཡལ་གའི་རྩེ་མོར་མེ་ཏོག་སྐྱ་མདངས་ཅན་ཞིག་བཞད་པར་མཐོང་བས་རེད།

ལོ་རྗེས་མར་མེ་ཏོག་ལོ་མ་སྔ་མ་ལས་ཀྱང་མང་ཙམ་ཤར། སྡོང་པོའང་ར་ཀེས་ལས་མཐོ་རུ་ཆགས་འདུག སྤོ་བོ་ལས་ཀྱང་མཐོ། དོན་ངོ་མ་ནི། སེའུ་ཤིང་དེ་ར་ཀེས་ལས་ལོ་ན་ཕྱེད་ཀྱིས་ཆུང་། སྤོ་བོ་ནི་བེ་ཤིང་ཕལ་ཆེ་བ་ལས་ཀྱང་ལོ་ན་ཆེ་ཟེར། ར་ཀེས་ནར་སོན་ཡོད་པས། བང་རྒྱུག་དང་མཆོང་རྒྱུག་རྒྱག་པ། ཤིང་ཁར་འཛེག་པ་སོགས་མང་པོ་ཞིག་བྱེད་ཐུབ་ཅིང་། དེབ་ཀྱང་མང་པོ་ཞིག་ཀློག་ཐུབ། འོན་ཀྱང་ཁོང་གི་དགའ་ཤོས་ནི་སྤོ་བོའི་སྒྲུང་དེ་རང་ཡིན།

རིམ་གྱིས་སེའུ་ཤིང་ཆེ་རུ་སོང་བས་མེ་ཏོག་ལ་བུང་བ་འཁོར་ནས་ཞིམ་པའི་སྦྲང་རྩི་འཐུང་། བྱ་བྱིའུ་སྣ་ཚོགས་འོངས་ནས་མེ་ཏོག་ལ་མཆུ་འཐོག་བརྒྱབ་སྟེ་སར་ལྷུང་ཡང་། དཔྱིད་ཀའི་དུས་སུ་མེ་ཏོག་བར་མེད་དུ་བཞད་པས། བྱ་བྱིའུ་ལས་ཀྱང་མེ་ཏོག་མང་བ་ཙམ་མངོན། ལོ་འདིའི་དབྱར་དུས་སུ་འབྲས་བུ་ཆུང་ཆུང་འགའ་སྐྱེས་ཡོད་པས། ར་ཀེས་ཀྱིས་གཅིག་བཏོགས་ནས་ཁར་བཅུག་མོད། སྐྱུར་མོ་ཡིན་པ་ཚོར་ནས་དེ་མ་ཐག་ཁ་ནས་ཕྱིར་བཏོན། སྤོ་བོས་“ལོ་རྗེས་མར་བྲོ་བ་ཡག་པོ་ཆགས་ཡོང་།” ཟེར། འབྲས་བུ་དེ་རྣམས་ནི་བྱ་བྱིའུ་ཚོའི་དགའ་ཤོས་ཡིན་སྟབས། ཡལ་འདབ་འོག་ཏུ་འབྲས་བུ་ཟ་བཞིན་ཅི་དགར་རྒྱུ་བར་མཐོང།

ཉི་དྲོད་ཚ་བའི་ཉིན་དགུང་ཞིག་ལ། བུང་བ་རྣམས་ཀྱང་འཇམ་ཐིང་ངེར་གྱུར་པའི་སྐབས་ཤིག་ཏུ། ར་ཀེས་ནི་ཧུར་པོས་ངང་ནས་སྤོ་བོ་འཚོལ་བཞིན་འདུག གང་འཚམས་རྗེས་སྒེའུ་ཁུང་ཆུང་ཆུང་ནས་མར་ལྟ་དུས་སྤོ་བོ་སེའུ་ཤིང་གི་གྲིབ་བསིལ་འོག་ན་ངལ་གསོས་པར་མཐོང་ནས་ཁོ་ཡང་སྤོ་བོའི་རྩར་སླེབས། སྤོ་བོས་“འདིར་བསིལ་གྲིབ་རན་པ་ཞིག་འདུག དེ་བས་ཀྱང་ལོ་འདབ་ལ་ཡིད་སྨོན་ཤོར།” ཟེར་བ་ལ། ར་ཀེས་ཀྱིས་“ལྟོས་དང། ལོ་འདབ་དེ་དག་ཅི་འདྲའི་མཛེས་ལ་ཡིད་དུ་འོང་བ་ལ་ཨང་། ལོ་མ་རྣམས་རླུང་གིས་བསྐུལ་ནས་གར་འཁྲབ་པ་གོར་མ་ཆག” ཟེར་ནས་བསྟོད་བསྔགས་བརྗོད།

དེ་ནས་སྤོ་བོ་ཁང་པར་ལོག་རྗེས། ར་ཀེས་སེའུ་ཤིང་གི་གྲིབ་བསིལ་འོག་ཏུ་ཉལ་ཞིང་། ལོ་མའི་གསེབ་ནས་གནམ་སྔོན་པོར་མིག་ཅེར་རེར་བལྟས། དེ་ནས་གཞོགས་ངོས་སུ་ཁ་བསྐོར་ནས་བལྟས་པས་རི་རྩེར་སྤྲིན་ཕུང་འཁོར་བ་མཐོང། ཕྱི་དྲོའི་དུས་ཚོད་ཡོལ་ཞིང་ཉི་མ་ནུབ་རིའི་ཕྲག་པ་ནས་ནུབ་ལ་ཉེ་ནའང་ར་ཀེས་ནི་ད་དུང་སེའུ་ཤིང་འོག་ཏུ་ཡོད། ཅུང་ཙམ་རྗེས་སྤོ་བོའང་དེར་འོངས་ནས་ཁོང་གཉིས་སྨྲ་བ་ཅི་ཡང་མེད་པར་ས་མ་རུབ་བར་ཧད་དེ་ལུས།

དེ་ནས་ར་ཀེས་ཀྱིས་“རང་རེའི་ཡུལ་འདིར་ཤིང་རིགས་སྣ་ཚོགས་ཡོད་ནའང་། ངེད་གཉིས་ཤིང་འདི་ཉིད་ལ་ཡིད་སྨོན་ཤོར་དོན་ཅི། འདི་ལ་ཁྱད་ཆོས་ཅི་ཡོད།” ཟེར་བ་ལ། སྤོ་བོས་“འདི་ངེད་གཉིས་ཀྱིས་འདེབས་འཛུགས་བྱས་ནས་འཚར་ལོངས་བྱུང་བ་ཞིག་རེད། དམིགས་བསལ་བ་ཞིག་ལོས་ཡིན།” ཟེར། ར་ཀེས་ནི་སྲབ་ལ་འཇམ་པའི་ཤུན་པར་ལག་པས་རེག་ཙམ་རེག་ཙམ་བྱས་ནས་“ཚི་གུ་ཆུང་ངུ་ཞིག་གིས་”ཞེས་ཤུབ་བུར་སྨྲས། ད་དུང་ལག་མཐིལ་གྱིས་སྡོང་པོར་བྱུག་བྱུག་བྱས་ཤིང་སོར་རྩེ་ལོ་མའི་རྩེ་མོར་ཐུག་ནས་“སྐྲུན་པ་པོ་ཡིན་པའི་ཚོར་སྣང་ཟེར་ཡང་འདི་ཀ་རང་ཡིན་ནམ་སྙམ་”ཟེར།

      རྩོམ་འདིའི་སྙིང་དོན།1

སོན་གོང་ཆུང་ངུས་ལྗོན་ཤིང་གི་ངོ་བོར་འཕེལ་བ་དེས་དངོས་པོ་ཆེ་ཆུང་ལ་མི་ལྟོས་པར་བཀོལ་སྤྱོད་བྱས་ན་འབྲས་བུ་གདོན་མི་ཟ་བར་སྟེར་བའི་དོན་དང་། སེའུ་འཚར་ལོངས་བྱེད་པའི་བརྒྱུད་རིམ་སྔ་ཕྱི་བར་གསུམ་དུ་འགོག་རྐྱེན་འཕྲད་པ་དེས་འབད་རྩོལ་བསྟན་ཅིང་། མཐར་བྱིས་པ་ར་ཀེས་ཡིད་ཚིམས་པའི་ཚོར་སྣང་དེས་དཀའ་སྤྱད་སྡུག་རུས་ཀྱིས་འབྲས་བཟང་སྨིན་ཚེ་རང་ཉིད་བློ་ཡིད་ཚིམས་པའི་དོན་ནོ།།

བསྒྱུར་གཞི།

https://xpressenglish. com / Cherry-tree ཞེས་པའི་དྲྭ་ཚིགས་ལས་ཕབ་སྟེ་བསྒྱུར།


[1]  རྒྱ་གར་གྱི་རྩོམ་པ་པོ་ཞིག་ཡིན།

  1. སྒྱུར་བ་པོའི་མཆན་ཡིན།
Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།