མི་ཆེན་སེར་སྣ་ཅན།THE SELFISH GAINT

ལོ་རིམ་བརྒྱད་པའི་སློབ་གཉེར་བ། ཚེ་དབང་ལྷུན་གྲུབ།

དུས་རྒྱུན་ཕྱི་དྲོར་སློབ་གྲྭ་གྲོལ་བ་དང་ཕྲུ་གུ་ཚོ་སེམས་སྤྲོ་བའི་ངང་ནས་མི་ཆེན་གྱི་ལྡུམ་རའི་ནང་རྩེ་མོར་རོལ་བཞིན་ཡོད། ལྡུམ་ར་དེ་ནི་གུ་ཡངས་ལ་རྩྭ་སྔོན་གྱིས་ཁྱབ་ཅིང་དྲི་ཞིམ་པའི་མེ་ཏོག་སྐར་ཚོགས་ལྟར་བཀྲ། ཁམ་སྡོང་རྣམས་ལས་དཔྱིད་ཁར་ལི་དབང་དང་ཁ་དོག་དཀར་པོ་ཅན་གྱི་མེ་ཏོག་འབུས་ཤིང་། སྟོན་ཁར་འབྲས་བུ་མང་བས་ཡལ་ག་ཐམས་ཅད་ས་ལ་གུག་པར་བྱེད། བྱ་བྱིའུ་དག་གིས་ཁམ་སྡོང་རྩེ་ནས་སྐད་སྙན་པོས་གླུ་དབྱངས་ལེན་ཚེ། ཕྲུ་གུ་རྣམས་རྣ་བ་གཏད་ནས་”ང་ཚོ་ཅི་འདྲའི་སྐྱིད་པ་ལ་”ཞེས་བརྗོད། ཡུན་རིང་གི་རྗེས་སུ་མི་ཆེན་ཁྱིམ་ལ་ལོག་སླེབས། དེ་ནི་ཁོང་གི་གྲོགས་པོ་ཀོར་ནིཤིས་ཨོག་རེ་ (Cornish Ogre) སར་ཕྱིན་ནས་ལོ་བདུན་བར་དུ་ཕྱིར་ལོག་མ་ཐུབ་པར་ལྷག་ཡོད་པས་རེད། ཁོས་ཕྲུ་གུ་རྣམས་ལྡུམ་རའི་ནང་དུ་ཡོད་པ་མཐོང་བ་དང་“ཁྱོད་ཚོ་འདིར་ཅི་བྱེད་ཀྱི་ཡོད་”ཅེས་ཁྲོ་བོའི་རྣམ་འགྱུར་གྱིས་འདེད་གྲབས་བྱས་པས། ཕྲུ་གུ་རྣམས་དབུགས་འབྱུང་རྔུབ་གཉིས་ཀྱི་མཚམས་ནས་དྲན་རྒྱུ་གཞན་མེད་བཞིན་ནམ་མཁའི་སྐར་མདའ་ལས་ཀྱང་མྱུར་བར་བྲོས་ཕྱིན། “ངའི་ལྡུམ་ར་འདི་ནི་ང་རང་གི་ཡིན་”ཞེས་དང་“སུས་ཀྱང་མི་ཤེས་པ་མེད་ལ། ང་རང་མ་གཏོགས་གཞན་སུ་ཡང་འཛུལ་མི་ཆོག” ཅེས་བརྗོད། ཁོས་ལྡུམ་ར་དེར་ཕྱོགས་ཐམས་ཅད་ནས་ར་བས་བསྐོར་ཏེ་ནང་དུ་མི་དང་དུད་འགྲོ་གང་ཡང་ཐར་མི་ཐུབ་པར་བཟོས་ཤིང་“ཧམ་འཛུལ་བྱས་ན་ཁྲིམས་ལ་གཏུག་གི་ཡིན་”ཞེས་ཡི་གེ་ཡང་སྦྱར།

མི་ཆེན་དེ་གཤིས་རྒྱུད་རྩུབ་ལ་ཁོང་ཁྲོ་ཅན་ཞིག་ཡིན། ཕྲུ་གུ་རྣམས་སྤྲོ་འཁྱམ་བྱེད་ས་དང་ངལ་གསོ་ས་མེད་པས་ལམ་ཁར་རྩེད་གྲབས་བྱེད་ཀྱང་རྡོ་ཧྲུག་དང་ཐལ་རྡུལ་སོགས་ཀྱིས་གང་བས་རྩེད་ཐང་སྐྱིད་པོ་ཞིག་ག་ལ་ཡོད། རྒྱུན་དུ་ར་བའི་གཤམ་ནས་བསྐོར་ཞིང་“ང་ཚོ་སྐྱིད་པོ་ཞེ་དྲག་ཡོད་པ་”ཞེས་བརྗོད་པ་དང་། ར་བའི་ནང་ལ་བལྟས་ཏེ་རེ་བའི་མཚོ་མོ་འཁྱིལ་ནས་བསྡད་ཡོད།

དཔྱིད་ཀ་ཚེས་པས་གྲོང་སྡེ་ཡོངས་ལ་མེ་ཏོག་སྣ་ཚོགས་ཀྱིས་བརྒྱན་ཅིང་བྱ་རྣམས་གླུ་ལེན་གྱིན་ཡོད། འོན་ཀྱང་མི་ཆེན་སེར་སྣ་ཅན་གྱི་ལྡུམ་ར་ལ་ཕྲུ་གུ་རྣམས་ཀྱི་རྩེད་མོའི་དྲི་མ་མེད་པས་མེ་ཏོག་མ་ཤར་ཞིང་བྱ་རྣམས་ཀྱང་མི་འཁོར་ལ་དགུན་ཁའི་གྲང་ངར་ལས་མ་འདས། སྔ་དྲོ་ཞིག་སྤང་དཀྱིལ་ནས་མེ་ཏོག་སྙིང་རྗེ་མོ་ཞིག་མགོ་གནམ་ལ་འཁྱུག་ཙམ་བཏོན་ནས་ལྟ་ཙམ་བྱས། སྐབས་དེར་མེ་ཏོག་གི་ལྡུམ་རའི་ར་བར་སྦྱར་བའི་ཁྲིམས་གཏུག་བྱ་རྒྱུའི་ཡི་གེ་མཐོང་ནས་དེ་ཉིད་དུ་ཡལ། ཕྲུ་གུ་རྣམས་ཀྱིས་“ལྡུམ་ར་དེས་ང་ཚོ་བརྗེད་ཡོད་པ་འདྲ་”ཞེས་ངུ་ཞིང་གཡས་གཡོན་ལ་འཁྱམས། “ལོ་གཅིག་གི་རིང་འདི་རང་དུ་སྡོད་དགོས་”ཞེས་གྲོས་མཐུན་བྱས་ཏེ། མི་ཆེན་གྱི་བསམ་པ་དང་སྤྱོད་པ་ལ་འགྱུར་བ་མེད་པས་ཁོའི་གཤིས་སྤྱོད་ལ་འགྱུར་བ་ཞིག་གཏོང་དགོས་བསམས་ནས། ཕྲུ་གུ་རྣམས་ཀྱིས་བྱང་ཕྱོགས་ཀྱི་རླུང་འཚུབ་བོས་པས། རླུང་འཚུབ་ཀྱིས་ཕྱོགས་བཞིར་འཕག་འཚག་དང་། ངར་སྒྲ་དང་བཅས་ཏེ་མི་ཆེན་གྱི་ཁང་ཐོག་གི་དུ་ཁུང་རྩེའི་ལྕགས་མདའ་ཡང་ས་ལ་ལྷུང་དུ་བཅུག དེ་བཞིན་སེར་བ་ཡང་མགྲོན་དུ་བོས། ཆུ་ཚོད་གསུམ་གྱི་རིང་བར་མ་ཆད་པར་སེར་བ་བབས་ནས་མི་ཆེན་གྱི་ཁང་ཐོག་གི་རྡོ་ནག་ཕལ་ཆེར་གས་ནས་སེར་བ་ཁང་པའི་ནང་དུ་ལྷུང་། དེ་ནས་མི་ཆེན་ཞེ་སྡང་མེ་ལྟར་འབར་ཏེ་ལྡུམ་རར་ཅི་ནུས་ཀྱིས་ཚང་བཤེར་བྱས་ནས་ཁང་པའི་ནང་དུ་འཛུལ། སྒེའུ་ཁུང་གི་ནང་ནས་ཕྱིར་ལྟ་བཞིན་“དཔྱིད་ཀ་མགྱོགས་པོ་མི་ཡོང་དོན་ཅི་ཡིན་ནམ་”ཞེས་དང་། “གནམ་གཤིས་འགྱུར་བ་ཞིག་ཐེབས་ན་དགའ་བ་ལ་”ཞེས་བརྗོད། འོན་ཀྱང་དཔྱིད་ཀ་ཡོང་རྒྱུ་མེད་པ་མ་ཟད་དབྱར་ཁ་ཡང་དེ་བཞིན་ཡིན།

ཉིན་ཤས་རྗེས་སུ་སྟོན་ཁ་མགྲོན་དུ་འོངས། མི་གཞན་རྣམས་ཀྱི་ལྡུམ་རར་ལོ་ཏོག་དང་འབྲས་བུ་ཕུན་སུམ་ཚོགས་པས་དགའ་སྤྲོ་ཁེངས། མི་ཆེན་ནི་སེར་སྣ་ཅན་ཡིན་པས་ཁོའི་ལྡུམ་རར་ལོ་ཏོག་དང་འབྲས་བུ་སྐྱེས་མེད། སྔ་དྲོ་ཞིག་ལ་མི་ཆེན་མལ་ཆས་ནང་དུ་གཉིད་སད་ལ་མ་སད་ཀྱི་མཚམས་ནས་གླུ་དབྱངས་སྙན་པོ་ཞིག་ཐོས། ལྡུམ་རའི་ནང་ནས་གླུ་དབྱངས་གྲགས་པ་དང་སེར་བ་ཆད། རླུང་འཚུབ་ཀྱང་ཡལ། དྲི་ཞིམ་ས་གཞི་ཐམས་ཅད་ལ་ཁྱབ། “ད་ཡིན་ན་དཔྱིད་ཁ་སླེབས་སོང་”ཞེས་ཉལ་ཁྲི་ནས་ལངས་པ་དང་ཕྱི་ལོགས་ལ་བལྟས། ཁོའི་མིག་ལམ་དུ་ཕྲུ་གུ་རྣམས་ལྡུམ་རའི་ནང་དུ་འབྱོར་ཡོད་པ་མཐོང་ཞིང་། ཤིང་སྡོང་རེ་རེའི་ཡལ་གར་ཕྲུ་གུ་རྣམས་ཀྱིས་འཇུས་ཏེ་འཛེགས། ཤིང་རྣམས་ཀྱང་དགའ་ཞིང་རང་ཉིད་ཀྱི་མེ་ཏོག་ཕྲུ་གུ་ཚོར་འཐོར་བར་བྱེད། བྱ་བྱིའུ་རྣམས་ཀྱིས་གླུ་དབྱངས་ལེན། ས་འོག་གི་མེ་ཏོག་རྣམས་རང་མགོ་ནམ་མཁར་བཏོན་ཏེ་གད་མོ་ཤོར་ནས་འདུག འོན་ཀྱང་སྤང་ཟུར་གྱི་ཤིང་གཅིག་ལ་གངས་དང་དར་གྱིས་བཏུམས་ནས་དཀར་སིང་ངེར་གནས་ཡོད། ཤིང་དེའི་འོག་ན་ཕྲུ་གུ་ཆུང་ཆུང་ཞིག་ལག་པས་ཡལ་ག་སྙོབ་མ་ཐུབ་པར་ལྷག གཡས་དང་གཡོན་དུ་བསྐོར་ནས་ཤིང་ལ་ལག་པ་འཇུ་གྲབས་བྱས་ཀྱང་སྙོབ་མ་ཐུབ་ནས་ངུ་བཞིན་ལུས། “ཡར་འཛེགས་དང་བུ་ཆུང་”ཞེས་སྡོང་པོས་མར་ས་ལ་གུག་གུག་བྱས་ཀྱང་ཁོ་རང་ཆུང་དྲགས་ནས་ཡར་འཛེག་མ་ཐུབ།

མི་ཆེན་དེས་རང་ཉིད་ཀྱི་བྱ་བ་དང་བསམ་བློ་འཁོར་སྟངས་ལ་བློ་འགྱོད་དྲག་པོ་ཞིག་སྐྱེས་ཤིང་“ང་ཅི་འདྲའི་མི་ངན་”ཞེས་སྨད་ཅིང་“དཔྱིད་ཁ་མི་སླེབ་པའི་རྒྱུ་མཚན་ངས་ཤེས་སོང་།” ཞེས་ཕྲུ་གུ་ཆུང་ཆུང་དེ་ཡར་ཤིང་གི་སྒང་ལ་འཛེག་ཏུ་བཅུག། ར་བ་དེ་ཡང་རྨང་མེད་དུ་བཤིགས། ཉི་མ་དེ་ནས་བཟུང་སྟེ་“ལྡུམ་ར་དེ་ནི་ཕྲུ་གུ་རྣམས་ཀྱི་རྩེད་ཐང་སྐྱིད་ཤོས་ཤིག་ཏུ་བཟོ་རྒྱུ་ཡིན་”ཞེས་བློ་ཐག་ངང་གིས་བཅད་ནས་འོག་ཐོག་ལ་མར་བབས། སྒོ་དལ་གྱིས་ཕྱེ་ནས་ལྡུམ་རའི་ནང་དུ་ཕྱིན། དེའི་ཚེ་སྔར་བཞིན་ཕྲུ་གུ་རྣམས་སྐྲག་ནས་ཕྱིར་བྲོས་པ་དང་ལྡུམ་རར་གནམ་གཤིས་ལོག་ནས་དགུན་ཁར་གྱུར། འོན་ཀྱང་བུ་ཆུང་ཤོས་དེ་ནི་འབྲོས་མི་ཤེས་ལ་མིག་མཐར་མིག་ཆུས་ཁེངས་ནས་ལྷག་ཡོད་པས་མི་ཆེན་གྱིས་ཡར་བཏེག་པས་ཤིང་སྒང་ལ་འཛེགས། ལམ་སང་ཤིང་དེ་ཡང་མེ་ཏོག་གི་བརྒྱན་ཅིང་བྱ་རྣམས་ངང་གིས་འཁོར། བུ་ཆུང་མི་ཆེན་ལ་འཐམས་ཏེ་འགྲམ་པར་འོ་གཅིག་སྦྱར་ནས་གད་མོ་ཤོར་རེས་བྱས་པ་ན། ཕྲུ་གུ་གཞན་རྣམས་མི་ཆེན་ལ་སྐྲག་པའི་ཚོར་བ་དེ་འཇའ་ལྟར་ཡལ་ཞིང་ལྡུམ་རའི་ནང་དུ་ཚུར་ལོག་པས། དཔྱིད་ཁའི་དཔལ་ཡོན་བཞད་པར་གྱུར།

“ཕྲུ་གུ་ཆུང་ཆུང་ཚོ། འདི་ཁྱེད་རང་ཚོ་ཡི་ཡིན།” ཞེས་མི་ཆེན་གྱིས་དེ་ལྟར་བརྗོད་བཞིན་ར་བ་དེ་ཡང་དུམ་བུར་བཏང། ཕྲུ་གུ་དང་མཉམ་དུ་ཉིན་གང་པོར་དགའ་དགའ་སྤྲོ་སྤྲོའི་ངང་ནས་རྩེ་བཞིན་འདུག དགོང་མོའི་ཉི་མ་ནུབ་ཁར་“བུ་ཆུང་དེ་ག་བ་འདུག” ཅེས་འཚོལ་ཞིང་མི་ཆེན་ལ་དམིགས་བསལ་གྱི་བརྩེ་སེམས་ཤིག་མངོན་འོང་། དེ་ནི་བུ་ཆུང་དེས་ཁོ་ལ་འོ་དང་འཐམ་འཁྱུད་ཅིག་བྱས་པས་ཡིན། “སང་ཉིན་ཁོ་ངེེས་པར་དུ་སླེབས་ཐུབ་པ་བྱོས་ཤིག” ཅེས་རེ་སྐུལ་བྱས་པས། ཕྲུ་གུ་གཞན་པ་ཚོས་“གང་ཤེས། ཁོ་མི་འདུག འགྲོ་ཚར་འདུག” ཅེས་བརྗོད། དུས་ཡུན་རིང་མོ་ཞིག་གི་རིང་ལ་ཉིན་རྟག་པར་ཕྲུ་གུ་ཚོ་འབྱོར་བའི་ཚེ་ན། མི་ཆེན་གྱིས་དགའ་ཤོས་བྱེད་སའི་ཕྲུ་གུ་ཆུང་ཆུང་དེ་མིག་ལམ་དུ་མཐོང་སར་མེད་པས་སེམས་ཀྱི་དཀྱིལ་དུ་རྨ་ཁ་ཞིག་བཟོས།
ཁོ་ཕྲུ་གུ་ཚང་མ་ལ་བརྩེ་བ་ཡོད་ཀྱང་ཆུང་ཤོས་ལ་ལྷག་པར་དུ་བརྩེ་བས་“ངས་ཁོ་ག་བར་ཐུག་ཐུབ་བམ་”ཞེས་ཉིན་གཅིག་ཀྱང་མ་ཆད་པར་འདྲི་ཡི་ཡོད་ཀྱང་ཐུག་པའི་དུས་མ་བྱུང་། ལོ་གཅིག་ནས་གཅིག་ཏུ་མཐུད་དེ་མི་ལོ་བཅུ་ཕྲག་ལྷག་བརྒལ་བས་ལོ་ཡང་བགྲེས། ཁོའི་མིག་དང་རྣ་བ་མི་གསལ་ཞིང་རྐང་པས་རང་གི་གཟུགས་ཀྱང་མི་ཐེག་པས་འཁར་བར་བརྟེན་ནས་འགྲོ་དགོས། དུས་ཚོད་མང་ཤོས་རྐུུབ་སྟེགས་ཀྱི་སྟེང་དུ་རྫོགས་བཞིན་ཕྲུ་གུ་ཚོའི་རྣམ་འགྱུར་དང་རྩེད་མོའི་སྒྱུ་རྩལ་ལ་བལྟས་ནས་“ང་ལ་མེ་ཏོག་སྙིང་རྗེ་མོ་དུ་མ་ཞིག་ཡོད། དེའི་ནང་ནས་ཕྲུ་གུ་ཚོ་ནི་མེ་ཏོག་སྙིང་རྗེ་ཤོས་དེ་ཡིན་”ཞེས་བརྗོད།
དགུན་ཁ་སླེབས་ནས་སྤང་དང་མེ་ཏོག ཤིང་སོགས་ཐམས་ཅད་ཁ་བས་གཡོགས་ཤིང་འཁྱག་པས་བསྡམས་ནས་གྲང་ངར་དང་ལྡན་པའི་དུས་རེད། འོན་ཀྱང་སྔ་དྲོ་ཞིག་ལ་ནམ་རྒྱུན་ལྟར་མིག་ལག་པས་དལ་གྱིས་འབྱིད་བཞིན་ཕྱི་ལོགས་ལ་བལྟས་ཚེ་སྤང་ཁའི་ཟུར་ལ་མེ་ཏོག་དཀར་པོ་ཡལ་ག་ཐམས་ཅད་གསེར་དུ་གྱུར་ཅིང་དངུལ་གྱི་འབྲས་བུ་གྲངས་ལས་འདས་པ་ཞིག་འབྱིན་བཞིན་འདུག དེའི་འོག་ན་ཡུན་རིང་མོ་ཞིག་ལ་བསྒུགས་ནས་ཐུག་འདོད་ཡོད་པའི་ཕྲུ་གུ་ཆུང་ངུ་དེ་ལངས་ནས་བསྡད་ཡོད་པ་མཐོང་། མི་ཆེན་ནི་བྲེལ་འཚུབ་ཀྱིས་ལམ་སེང་ལྡུམ་རའི་ནང་དུ་མགྱོགས་པོར་ཕྱིན་ནས་གཅེས་ཕྲུག་ཆུང་ཆུང་དེའི་སར་འབྱོར། ཁོས་ཕྲུ་གུ་ཆུང་ཆུང་གི་ལག་པ་དང་རྐང་པར་རྨ་ཡོད་པར་མཐོང་ནས་“ཁྱོད་ལ་སྡུག་པོ་གཏོང་མཁན་སུ་ཡིན་”ཞེས་སྤྲོ་ལང་བཞིན་“སྡུག་པོ་གཏོང་མཁན་ཁོ་ལ་གྲི་འཛུགས་དགོས་ཀྱང་ང་ལ་འགྱོད་པ་མེད།” ཅེས་བརྗོད་བཞིན་ཁོ་ལ་འཐམས་ནས་ཅང་མི་སྨྲ་བར་བསྡད། ཕྲུ་གུ་ཆུང་ཆུང་གིས་“ང་ལ་སྡུག་པོ་བཏང་ནས་བཟོས་པའི་རྨ་ཁ་མིན། བརྩེ་བའི་རྨ་ཁ་ཡིན་”ཞེས་བརྗོད། ཡང་མི་ཆེན་གྱིས་“མ་གཞི་སུ་ཡིན་པ་”ཞེས་དྲིས་པས། ཕྲུ་གུ་ཆུང་ཆུང་གིས་ཁོ་ལ་ལན་མི་རྒྱག་པར་འཛུམ་ཞིག་བསྟན་ནས། ཧ་ཅང་འཇམ་ལ་བརྩེ་བའི་རྣམ་པའི་ཐོག་ནས་“མི་ཆེན་ལགས། ཁྱེད་ཀྱི་ལྡུམ་རའི་ནང་དུ་རོལ་བའི་གོ་སྐབས་གནང་ཡོད་པ་ངའི་སེམས་ལས་ནམ་ཡང་མི་བརྗེད་”ཅེས་སྨྲས། མི་ཆེན་གྱིས་“དེ་རིང་ཉིན་མོར་ཁྱེད་རང་ངའི་ལྡུམ་རར་ངེས་པར་དུ་ཕེབས་དགོས་རེད། ངའི་ལྡུམ་ར་ནི་ཞིང་ཁམས་ཡིན།” ཞེས་སྨྲས། དེའི་ཉིན་རྒྱབ་ལ་ཕྲུ་གུ་ཚོ་སློབ་གྲྭ་གྲོལ་ནས་ལྡུམ་རར་འབྱོར་ཚེ། མི་ཆེན་དེ་ཁམ་བུའི་ཤིང་སྡོང་གི་འོག་ན་མེ་ཏོག་གི་དྲི་ངད་དང་ཁ་དོག་མཛེས་ཤིང་ཡིད་དུ་འོང་བ་དུ་མས་གཡོགས་ནས་ཕྱི་མའི་ལམ་དུ་སོང་ཡོད་པ་མཐོང་ངོ་།།

བརྗོད་དོན་སྙིང་པོ།
རང་གི་ཀུན་སློང་དང་མདུན་ལམ་མཚོན།

བསྒྱུར་གཞི།
“The selfish gaint” by Oscar Wilde ཞེས་པའི་སྒྲུང་ལས་བསྒྱུར།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།