འདུལ་ལུང་སྡེ་བཞིའི་མེ་ལྕེ།

ལོ་རིམ་དང་པོའི་སློབ་གཉེར་བ། པདྨ་རྒྱ་མཚོ།

བཀོད་ལེགས་དཀྱེལ་ཁ་ཡངས་པའི་འདུ་ཁང་ནང་།།
མགྲིན་འགྱུར་སྙན་མོའི་བསྟོད་ཚིག་ཆུན་པོ་རེར།།
མ་བགྲོས་གཅིག་གྱུར་དལ་ཕྱག་ཕུལ་པའི་མོད།།
དད་གསུམ་སྙིང་གི་རི་མོ་རྡོ་རུ་བརྐོས།།

ཞི་འཛུམ་མདངས་ཀྱི་བྱད་བཞིན་ཡོངས་བཀང་སྟེ།།
ཁ་དཀར་ངོ་བཟང་གུས་གུས་ཞུམ་ཞུམ་གྱིས།།
དམ་ཆོས་བདུད་རྩིའི་ལྷུང་ལྷུང་འབབ་རྒྱུན་ལ།།
ངོམས་མེད་དབྱར་ཟླའི་མངར་ཁ་ལྡག་བཞིན་འདུག།

མཁས་རྒུའི་རྣམ་ཤེས་བརྒྱ་ཕྲག་འཁོར་བའི་ཡུལ།།
སྣ་མང་ཤེས་བྱའི་ལོ་འབྲས་སྨིན་པའི་ཞིང་།།
རྒྱལ་བསྟན་བླ་སྲོག་བཞུར་རྒྱུན་གཙང་པོའི་རླབས།།
འདུལ་ལུང་སྡེ་བཞིའི་མེ་ལྕེ་ལྷབ་ལྷུབ་གཡོ།།

མཛེས་སྡུག་ལང་ཚོ་བཀྲ་བའི་གུར་གུམ་ཡང་།།
སྐྱི་སེར་རླུང་བུར་བཅིབས་ཏེ་སྲིད་གསུམ་ན།།
སྙིང་སྟོབས་མཁའ་ལ་བཏགས་ཏེ་བསྟན་པའི་རྒྱན།།
དམར་སེར་ཉི་མ་འདི་རུ་སྦྲུམ་པ་མཚར།།

ཐན་ལྟས་སྨག་རུམ་འཐིབས་པའི་གདུལ་ཞིང་འདིར།།
ཏ་ཐཱ་ག་ཏའི་གདུང་རྒྱུད་ངུར་སྨྲིག་སྡེར།།
འབྱོར་ལྡན་ཚེ་བསོད་དབང་ཐང་རླུང་རྟ་སོགས།།
ཉ་གང་ཟླ་བའི་འོད་ལྟར་ལྷམ་མེར་གཏམས།།

བསྟན་པའི་ཉི་མ་ལ་ཁར་བཞུད་པའི་དུས།།
འཁོར་བའི་ནད་ཀྱིས་བཏབ་པའི་དགེ་སྦྱོང་རྣམས།།
དུག་ལྔ་བང་སོ་མཐོན་པོའི་མཁར་བརྩིགས་ནས།།
འདུལ་ཁྲིམས་རི་ལས་ལྕི་བ་བཏེགས་ན་རྨད།།

སྙིགས་ལྔ་ལྗན་ལྗིན་རི་ལྟར་བདོ་བའི་དུས།།
འདུལ་ལུང་སྡེ་བཞིའི་མེ་ལྕེའི་མཁའ་དབུགས་ཁྲོད།།
དམར་སེར་གུར་གུམ་ཚོས་གཞི་ས་རུ་བརྡལ།།
རྒྱལ་བསྟན་ཉིན་བྱེད་སྣང་བ་རྒྱས་པར་ཤོག།

ལྷོ་མཐའི་སྒང་གཤོང་འདི་ནས་དྲང་གཏམ་ཞིག།
དབྱར་མཚམས་བཅད་པའི་མྱོང་ཚོར་ཐོར་བུ་འགའ།།
ངུར་སྨྲིག་རྟགས་སུ་ལེན་པའི་དགེ་སྦྱོང་ཁོས།།
ཐུན་གཅིག་རྨི་ལམ་གྲོང་ནས་འདི་རུ་བཀོད།།
༢༠༢༣/༠༩/༣༠

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།