ལྷ་མོ་དབྱངས་ཅན་མའི་སྐུ་གསུང་ཐུགས་ལ་བསྟོད་པ་ཨིནྡྲ་ནཱི་ལའི་མགུལ་རྒྱན།

དར་ཐང་ཀུན་བཟང་ཉི་མ། (བོད་ནང་།)

པདྨ་རྒྱས་པའི་དཔལ་ལས་ལྷག་པའི་གཟུགས།།
རབ་དཀར་དྲི་མེད་འཇམ་པའི་ལང་ཚོ་ཅན།།
སྟོན་ཟླ་བཅོམ་པའི་ཡིད་འཕྲོག་ན་ཆུང་མ།།
སྒྲ་དབྱངས་ལྷ་མོ་མགྲིན་པའི་ཁབ་ཏུ་རོལ།།

བཅུ་དྲུག་ཆ་ཤས་རྫོགས་པའི་རི་དྭགས་མིག།
རཏྣའི་དོ་ཤལ་འཕྱང་བའི་ཡིད་འཕྲོག་མ།།
དྲི་ཟའི་ན་ཆུང་དབུས་ན་རབ་མཛེས་པའི།།
འགྲན་བྲལ་ངག་གི་ལྷ་མོ་ད་ཚུར་བྱོན།།

ལྷང་ལྷང་སྙན་པའི་གདངས་དབྱངས་དབུགས་དབྱུང་བས།།
ལྷ་ཆེན་ཚངས་པ་དགའ་བའི་དྲན་པ་འཐོར།།
མཚོ་བྱུང་དགྱེས་པས་གར་གྱི་འགྱིང་བག་ཅན།།
ཚངས་སྲས་ལྷ་མོས་ངག་གི་དངོས་གྲུབ་སྩོལ།།

གསུང་གི་གདངས་དབྱངས་སྙན་མོ་དཔག་དཀའ་བ།།
ཕྱག་གིས་ཏམ་བུ་དཀྲོལ་བའི་གོམ་འགྲོས་ཀྱིས།།
དབྱངས་ཀྱི་རྒྱ་མཚོ་འཕྱུར་བའི་མགྲིན་གླུ་ཅན།།
ངག་དབང་དབྱངས་ཅན་ལྷ་མོ་སྙིང་ལ་སིམས།།

འཇོ་སྒེག་གར་གྱིས་འགྱིང་བའི་མྱོས་བུམ་རྒྱས།།
ལྷན་སྐྱེས་དགའ་བ་སྟེར་བའི་ཌཱ་ཀི་མ།།
གནག་སྣུམ་རལ་བའི་རྩེ་ན་འོད་འཕྲོ་བའི།།
བདེ་སྟོང་བརྩེ་བའི་ལྷ་མོས་བདག་སྐྱོངས་ཤིག།

མ་ལྟར་འགྲོ་ལ་བརྩེ་བའི་ལྷུན་ཆགས་པས།། 
ཞལ་གྱི་པད་མོ་འཛུམ་ལ་ཟུར་མིག་གཡོ།།
ཤེས་བྱ་མཁྱེན་པའི་དཔལ་སྟེར་མཆོག་མངའ་བ།།
སྨྲ་བའི་ཐོགས་མེད་བློ་གྲོས་སྤོབས་པ་སྩོལ།།

རབ་གསལ་ཟླ་བའི་འོད་འཕྲོག་དུང་གི་བཞིན།།
རབ་སྙན་སྲིད་པའི་རྒྱལ་མོ་དབྱངས་ཅན་མ།།
རབ་འབྱམས་ཤེས་བྱའི་གནས་ཀུན་མཁྱེན་མཛད་པའི།།
རབ་མཛེས་མཚོ་བྱུང་ལྷ་མོ་འབྲལ་མེད་ཤོག།

ཅེས་ལྷ་མོ་དབྱངས་ཅན་མའི་སྐུ་གསུང་ཐུགས་ལ་བསྟོད་པ་ཨིནྜ་ནཱི་ལའི་མགུལ་རྒྱན་འདི་དར་ཐང་ཀུན་བཟང་ཉི་མ་ནས་
སྤོས་ལྡན་གྲོང་ཁྱེར་དུ་སྦྱར། ༢༠༢༡/༡༢/༡

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།