ངས་འདི་ནས་མཁན་པོ་ཚུལ་ཁྲིམས་བློ་གྲོས་དང་མཁན་པོ་བསོད་དར་རྒྱས་གཉིས་ཀྱི་སྐུ་ཚེ་ཡུན་དུ་བརྟན་པའི་སྨོན་ལམ་འདེབས།

«རྫོང་སར་མཁྱེན་བརྩེ་རིན་པོ་ཆེས་གསུངས།»

ལོ་རིམ་དྲུག་པའི་སློབ་གཉེར་བ། ཀུན་བཟང་ཉི་མ།

ང་རང་སྟོན་པའི་ཞབས་རྗེས་འཚོལ་མཁན་ཞིག་གི་ངོས་ནས། ནང་བསྟན་གྱི་མ་འོངས་པ་ལ་སེམས་ཁྲལ་ཆེན་པོ་ཞིག་ཏན་ཏན་ཡོད། བོད་བརྒྱུད་ནང་བསྟན་གྱི་མི་རབས་རྗེས་མའི་ལོ་ན་ཆུང་བའི་མི་སྣ་དག་གིས། གལ་ཏེ་དངོས་གནས་འབྱུང་འགྱུར་ནང་བསྟན་ལ་ཞབས་ཕྱི་ཅུང་ཙམ་ཞིག་བསྒྲུབ་འདོད་ན། ངེས་པར་དུ་ད་ལྟའི་གནས་བབ་ལས་བཟང་བ་ཞིག་བྱ་དགོས།

བོད་བརྒྱུད་ནང་བསྟན་གྱི་ཁྱབ་ཁོངས་ལ་རྒྱང་ལྟ་ཞིག་བྱས་ན། གསེར་རྟ་བླ་རུང་སྒར་གྱི་མཁན་པོ་ཚུལ་ཁྲིམས་བློ་གྲོས་དང་མཁན་པོ་བསོད་དར་རྒྱས་གཉིས་ནི་དམིགས་བསལ་གྱིས་གཟེངས་སུ་ཐོན་པའི་མི་སྣ་གཉིས་རེད་འདུག ང་ཁོང་གཉིས་དང་མཉམ་དུ་འཚར་ལོངས་བྱུང་མ་མྱོང་ལ། ཆ་རྒྱུས་ཀྱང་གང་ཡང་མེད། ཡིན་ན་ཡང་ཉེ་བའི་ལོ་འདི་དག་ལ། ཁོང་རྣམ་པ་གཉིས་ཀྱིས་ང་ཡིད་འགུལ་ཐེབས་བཅུག་སྟེ་དམིགས་བསལ་གྱིས་ངས་དོ་སྣང་སྤྲད་དགོས་བྱུང་། དོན་དངོས་ཐོག་མཁན་པོ་ཁོང་རྣམ་གཉིས་གླེང་སྐབས། ང་སྒེར་ངོས་ཀྱི་ཆེས་གུ་དོག་པའི་ཕྱོགས་སུ་ལྷུང་བའི་ལྟ་ཚུལ་ཡིན་པའི་དབང་དུ་བཏང་ཡང་། མི་མང་པོ་ཞིག་ལ་སྔར་བཞིན་སྐུལ་སློང་དང་དོ་སྣང་ཅུང་ཙམ་ཡིན་ཡང་ར་སྤྲོད་ཐུབ་པའི་རེ་བ་ཡོད།

ང་ནི་ང་རྒྱལ་ཆེ་བ་མ་ཟད། ཕྲག་དོག་དང་གཞན་ལ་འགྲན་སེམས་ཆེ་བའི་མི་ཞིག་ཡིན་པས། ང་ལྟ་བུ་མི་འདི་འདྲ་ཞིག་གི་ངོས་ནས་ཀྱང་མཁན་ཆེན་ཁོང་གཉིས་ལ་བླ་ན་མེད་པའི་གུས་བཀུར་ཡོད་པ་འདི་ཆ་ཚང་གི་སེམས་ལ་གཟུང་འོས་པ་ཞིག་ཡིན། རྒྱུ་མཚན་ང་ནི་ལས་སླ་པོ་སྐད་ཆ་འདི་འདྲ་བཤད་སྤོབས་མཁན་ཞིག་མིན།

ད་ལྟའི་དུས་རབས་འདིའི་ནང་ང་ཚོར་རྒྱུན་དུ་གོ་ཐོས་ཡོད་པ། ལོ་ན་ཆུང་ཞིང་ནུས་པ་ཐོན་ས་རེད་སྙམ་པའི་སྤྲུལ་སྐུ་རྣམས་ལ་ཐོག་མར་རེ་བ་ཆེན་པོ་ཅི་འདྲ་བཅོལ་ཡང་། ཁོ་ཚོའི་རྗེས་ཀྱི་གནས་ཚུལ་འགའ་རེ་གོ་རྗེས། ཐ་ན་ཉེ་སར་གཅར་རྒྱུ་ཙམ་ཡང་མི་འདོད་པ་འབྱུང་གི་འདུག ཡིན་ན་ཡང་། མཁན་པོ་ཁོང་གཉིས་ཀྱི་མཛད་རྗེས་ལ་ནི། བརྩི་བཀུར་བྱ་འོས་པ་ཙམ་དུ་མ་ཟད་དུས་ལ་བབས་འདུག་ཅིང་། ཁོང་རྣམ་པ་གཉིས་ཀྱི་ད་ལྟའི་མཚན་སྙན་དང་རྗེས་འབྲངས་དག་གི་གྲངས་ཀ་སོགས་གང་གི་ཆ་ནས་བལྟས་ཀྱང་། མི་སུ་ཡང་གཡོ་འོག་ཏུ་ཚུད་ཆོག་ཆོག་དང་མགོ་སྐོར་གཏོང་ཆོག་ཆོག་ལྟ་བུ་ཡིན་མོད། དོན་དངོས་ཐོག་འདི་འདྲའི་གནས་ཚུལ་ཁྱོན་ནས་བྱུང་མ་མྱོང་བ་མ་ཟད། ཕྲག་དོག་ཅན་རེ་འགས་ཕྲག་དོག་གིས་བསླངས་པའི་གནས་ཚུལ་རྫུན་མ་དག་ཕུད། མཁན་པོ་འདི་གཉིས་ཀྱིས་ཚུལ་མིན་གྱི་ལས་ཀ་ཞིག་བསྒྲུབས་པ་ཕར་ཞོག་གཞན་གྱིས་བཤད་པ་ཙམ་ཡང་ཐོས་རྒྱུ་མེེད།

ཁོང་རྣམ་པའི་མཁྱེན་དཔྱོད་ནི་ཀུན་ཀྱིས་མཁྱེན་གསལ་ལྟར་ཡིན་ལ། ལྷག་ཏུ་ལག་ལེན་དངོས་ཀྱི་སྐབས་སུ་ཡང་མངོན་ལྐོག་མེད་པར་ཁ་ཞེ་གཉིས་མཐུན་དང་། གང་གསུངས་པ་དེ་ག་རང་ལག་བསྟར་བྱེད་ཐུབ་མཁན་གྱི་དཔེ་མཚོན་ཡིན།

དེ་བཞིན་ཁོང་རྣམ་པ་གཉིས་ལ་ཆོས་ཀྱི་རྒྱལ་པོ་དང་སྤྲུལ་སྐུའི་མཚན་གནས་མེད་པ་མ་ཟད། གདུང་རྒྱུད་དམ་ཁྱིམ་རྒྱུད་དམིགས་བསལ་བའི་དབང་ཚད་གང་ཡང་མེད་སྟབས། དེ་དག་ལས་ལྡོག་པའི་ཐོས་བསམ་སྒོམ་གསུམ་གྱིས་ནང་ཆོས་དར་སྤེལ་གྱི་རྨད་དུ་བྱུང་བའི་གྲུབ་འབྲས་ཀྱང་། ཆ་ཚང་ཁོང་གཉིས་ཀྱིས་བརྩོན་པ་ལྷོད་མེད་དང་ངལ་བ་འཛེམས་མེད་ཀྱི་འབད་པ་ཁོ་ན་ལ་བརྟེན་ནས་ཕུལ་པའི་ལེགས་སྐྱེས་ཡིན། དེར་བརྟེན་ངས་ལྷག་བསམ་ཟོལ་མེད་ཀྱིས་ཁོང་རྣམ་གཉིས་ཀྱི་སྐུ་ཚེ་ཡུན་དུ་བརྟན་པ་དང་། སྐུ་གཟུགས་བདེ་ཐང་། དེ་བཞིན་ཁོང་རྣམ་པའི་ནང་ཆོས་ཀྱི་མཛད་པ་རྒྱས་ཤིང་ཕྲིན་ལས་ཕུན་སུམ་ཚོགས་པ་ཡོང་བའི་སྨོན་ལམ་འདེབས།

ཁོང་རྣམ་པ་འདྲ་བའི་དམ་པ་ནི། མ་འོངས་པའི་ངན་པ་ལང་ཤོར་དང་། སློབ་གསོ་མ་འདང་མཁན། རྣམ་རིག་གྲུང་པོ་མེད་མཁན། ཆོས་ཀྱི་རྒྱལ་པོའི་ཞྭ་མོ་གོན་པའི་བྱ་སྤྱོད་གང་ཡང་མེད་པའི་སྤྲུལ་སྐུ་རྣམ་པའི་སེམས་གཏིང་ལ་ཡིད་སྨོན་དང་མིག་དཔེ་བསྐྱེད་དུ་འཇུག་མཁན་ཡིིན།

ཡིད་སྐྱོ་དགོས་པ་ཞིག་ལ། མཁན་པོ་རྣམ་གཉིས་ལ་ཡི་རང་དང་རྒྱབ་སྐྱོར་མཁོ་བའི་དུས་སྐབས་ལ། དཔེར་ན། ངས་ཉེ་ཆར་མཐོང་བའི་བོད་ཡིག་དྲྭ་ཚིགས་ཤིག་ཏུ། བླ་རུང་སྒར་གྱི་ཁང་པ་བཤིག་བཅུག་པར་ཁྲེལ་དགོད་དང་ཟུར་ཟས། “བླ་རུང་སྒར་གྱི་མཐུ་ཆེ་བའི་ཆོས་སྐྱོང་གེ་སར་ག་བ་བྲོས་བཞག་རེད། གསེར་སྐྱེམས་བཏང་བ་མང་དྲགས་པས་ར་བཟི་ནས་རོགས་པར་ཡོང་མ་ཐུབ་པ་རེད་དམ་”ཟེར་བ་ལྟ་བུ་མི་འགའ་རེས་ནམ་ཡིན་ཡང་བསམ་བཞིན་དུ་ཕྲག་དོག་དང་དགའ་བ་སྒོམ་གྱིན་འདུག

དེ་ལྟ་བུའི་ཕྲག་དོག་དང་ཁྲེལ་དགོད་ཀྱིས་གེ་སར་ལ་ཟུར་ཟ་བྱེད་མཁན་དང་མཁན་པོ་རྣམ་པ་གཉིས་ཀྱི་རྗེས་འཇུག་དག་ལ་ངས་འཆད་རྒྱུ། རྒྱུ་རྐྱེན་གང་ཞིག་གི་དབང་གིས། བླ་རུང་སྒར་ལ་གཏོར་བཤིག་ཐེབས་པའི་སྐབས། མཁན་པོ་ཚུལ་ཁྲིམས་བློ་གྲོས་དང་མཁན་པོ་བསོད་དར་རྒྱས་རྣམ་གཉིས་ཧ་ཅང་བབ་བརླིང་གིས་རྗེས་འཇུག་དག་ལ་ལན་གང་ཡང་གནང་མི་དགོས་པའི་རེ་སྐུལ་དང་གདམས་ངག་གནང་བ་དེས། གཏོར་བཤིག་ཁྱོན་ཡོངས་ཀྱི་གོ་རིམ་ཆ་ཚང་ཁྲོད། ང་ཚོས་ཞེ་སྡང་དང་ཁོང་ཁྲོའི་རྒོལ་ལན་གོ་རྒྱུ་མ་བྱུང་བ་མ་ཟད། རྣ་བར་གཟན་པའི་ཚིག་རྩུབ་ཙམ་ཡང་ཐོ་ས་རྒྱུ་མ་བྱུང་བ་འདི་ནི། སངས་རྒྱས་ཤཱཀྱ་ཐུབ་པ་ཟེར་བའི་སྟོན་པ་དེས་ང་ཚོར་གནང་བའི་“ཚིག་ངན་པ་སྤྱོས་པ་ལ་སླར་མི་སྤྱོ། བརྡེགས་པ་ལ་སླར་མི་རྡེག གཤེ་བ་ལ་སླར་མི་གཤེ ཁྲོས་པ་ལ་སླར་མི་ཁྲོ་”བའི་ལམ་སྟོན་དེ་དངོས་སུ་ཉམས་ལེན་གྱིས་ལག་བསྟར་བྱས་པ་ཞིག་རེད།

དེར་བརྟེན་ཤཱཀྱ་ཐུབ་པའི་རྗེས་འབྲང་བ་ཞིག་གི་ངོས་ནས། མཁན་པོ་ཚུལ་ཁྲིམས་བློ་གྲོས་དང་མཁན་པོ་བསོད་དར་རྒྱས་དེ་བཞིན་ཁོང་གཉིས་ཀྱི་རྗེས་འཇུག་པ་དག་གིས་བླ་རུང་སྒར་ནས་ལེགས་འགྲུབ་བྱུང་སོང་ལ། གལ་ཏེ་དེ་འདྲ་བའི་གྲུབ་འབྲས་དག་གེ་སར་གྱི་སྲུང་སྐྱོབ་ལ་མ་བརྩིས་ན། ངས་གང་འདྲ་ཞིག་ལ་སྲུང་སྐྱོབ་ཟེར་བ་མི་ཤེས་ཤིང་། ངས་བལྟས་ན། ལེགས་འགྲུབ་འདི་ནི་གེ་སར་གྱིས་སྲུང་མ་གཞན་ལས་ཀྱང་ཕུལ་དུ་སོན་པའི་ཆོས་སྐྱོང་སྟངས་ཤིག་ཏུ་བསམ་ཆོག

བསྒྱུར་གཞིའི་དྲྭ་ཚིགས།

https://freewechat.com/a/MzU1NDc1OTUyOQ==/2247508608/1
Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།