བརྩོན་འགྲུས་བསྐྱེད་དུ་འཇུག་པའི་སྙིང་གཏམ་བདུན།«7 TIPS TO MOTIVATE YOURSELE TO WORK HARD»

ལོ་རིམ་བརྒྱད་པའི་སློབ་གཉེར་བ། ཚེ་དབང་ལྷུན་གྲུབ།

ཁྱོད་རང་གཟའ་ཟླ་བའི་སྔ་དྲོར་ཉོབ་སྣང་དང་ཡང་ན་སྣང་མེད་ཤོར་བའི་རྐྱེན་གྱིས་ཆུ་ཚོད་བརྒྱད་དང་ཕྱེད་ཀར་བྲེལ་འཚུབ་ལངས་ཏེ་ལས་ཀར་ཕྱིན་མྱོང་ངམ། དེ་མིན་གཟའ་མཇུག་སྐྱིད་པོ་བྱུང་ཡང་དེ་ནས་ཕར་བརྩིས་པའི་ཉི་མ་ལྔ་པོ་དེས་ཁྱེད་ལ་བལྟས་ནས་ཡིད་མི་རངས་པའི་གད་མོ་ཤོར་ནས་ལྟ་བཞིན་འདུག་གམ། སོ་སོའི་ལས་འགན་ལ་སྐྱིད་སྣང་དང་ཚོར་བ་མེད་པར་ཁྲལ་ལས་ལྟ་བུ་ཞིག་ལ་བརྩིས་ནས་འགྲོ་བཞིན་འདུག་གམ། དགོང་མོའི་ཆུ་ཚོད་ལྔ་དང་ཕྱེད་ཀར་ལས་ཁུངས་ནང་གི་ལས་འཕྲོ་གཡུགས་ནས་ནང་ལ་ལོག་མྱོང་ངམ། གལ་ཏེ་དེ་འདྲ་བྱུང་མྱོང་ཡོད་ན། དེ་འདྲ་ཆགས་དགོས་དོན་གང་ལ་ཐུག་འདུག ང་ཚོའི་སེམས་ཤུགས་ཉམས་ཆག་བྱུང་དོན་གྱི་རྒྱུ་མཚན་ཅི་ཞིག་རེད་འདུག དེ་ལ་བསམ་བློ་གཏང་དགོས། ལས་ཀ་གང་ཞིག་ཡིན་ཡང་ཐོག་མར་འགོ་འཛུགས་དུས་ཀྱི་སེམས་ཤུགས་དང་། སྤྲོ་བ་སོགས་འཕེལ་བའི་ཆེད་ལས་དོན་དེ་མཇུག་མ་བསྡུས་བར་དུ་སྐྱིད་པོ་ཤ་སྟག་ཡིན་པར་བསམ་དགོས། ལ་ལས་ལས་ཀ་ལས་འདོད་ཡོད་ན་ཡང་དེ་ལ་དོ་སྣང་དང་ཚོར་བས་མ་ཟིན་པར་ལྷག་སྲིད། དེ་ལ་ཕན་པའི་གནད་འགག་འགའ་ཤས་ཡོད་པ་ནི། ཁྱོད་ཀྱི་སེམས་ལ་བརྩོན་འགྲུས་ཀྱི་མེ་སྤར་ནས་སོ་སོའི་ལས་དོན་ལ་དགའ་སྤྲོའི་འཛུམ་མདངས་འཆར་བར་བྱ་རྒྱུ་དེའོ།།

༡༽ སོ་སོས་བྱ་བ་གང་ཞིག་བྱས་ཀྱང་རང་ཉིད་ལ་སྤྲོ་སྣང་ལྡན་པར་བྱེད་དགོས།

ལས་སླ་པོར་བྱས་ནས་རང་ཉིད་ཀྱི་བྱ་གཞག་ལ་སེམས་ཤུགས་འཕར་འཇུག་རྒྱུ་དེ་གལ་གནད་ཆེན་པོ་ཞིག་ཡིན། དེ་ཡང་རང་ཉིད་ཀྱི་མདུན་ལ་ཡོད་པའི་འགན་དེ་ནི་དཀའ་ལས་ཅི་ཡང་མེད་སྙམ་ནས་རང་གི་སེམས་ལྷོད་ལྷོད་བྱ་དགོས། གྲུབ་འབྲས་ཐོན་དུས་ཀྱི་ཚོར་སྣང་སྐྱིད་པོ་དེ་ལ་དམིགས་པ་གཏོད་པ་ལས་དེའི་བར་གྱི་དཀའ་སྡུག་ལ་ནམ་ཡང་ཡ་ལན་ནམ་དོ་སྣང་བྱ་མི་རུང་། དེ་ནས་“ངས་ལས་ཀ་འདི་ལ་བཟོད་སྒོམ་དང་གདོང་ལེན་བྱེད་ཐུབ་ཀྱི་རེད།” ཅེས་དང་། “དེ་འདྲའི་གདོང་ལེན་བྱེད་མཁན་གྱི་མི་གཞན་རྣམས་ཅི་ནས་ཀྱང་ངའི་སེམས་ལ་འབབ་པོ་འབྱུང་གི་འདུག” ཅེས་རང་གིས་རང་ལ་སྤོབས་པ་བསྐྱེད་དུ་འཇུག་དགོས།

༢༽ རང་ཚོད་རང་གིས་ཟུང་།

སྤྱི་དང་སྒེར་གྱི་ལས་བྲེལ་དུ་མས་བཅིངས་པའི་ཟང་ཟིང་གི་དུས་ཚོད་འདིར། མ་མཐར་ཡང་རང་གི་སྤྱོད་པ་རང་ཉིད་ཀྱིས་སྟངས་འཛིན་བྱ་དགོས། དེའི་བདག་དབང་ཧྲིལ་པོ་སོ་སོ་ལ་ཡོད་པས་ན་རང་གི་ལག་མཐིལ་དུ་ཁང་པ་ཐོག་ཚད་རིང་ཤོས་ཤིག་བརྩིགས་ཀྱང་ཆོག་ལ་བཤིག་ཀྱང་ནུས་པའི་སྤོབས་པ་ངམ་ངམ་ཤུགས་ཀྱིས་རང་ལ་བསྐྱེད་དུ་འཇུག་དགོས།

༣༽ གཞན་དང་མཐུན་གྲོགས་བྱ་དགོས།

རང་རྐྱ་ཐུབ་པའི་མི་སུ་ཡང་མེད་པས་ཕན་ཚུན་གྱི་རོགས་རམ་ལ་བརྟེན་ནས་གནས་པ་ཤ་སྟག་ཡིན། རང་གི་དམིགས་ཡུལ་ཡོད་ཚད་བསྒྲུབ་སྙིང་འདོད་ན་ཉམས་མྱོང་དང་བརྩོན་འགྲུས་ཆེ་ཞིང་ཡོན་ཏན་ཅན་གྱི་མི་དང་འགྲོགས་ན་ཕན་པ་ཆེ། ཁྱོད་ལ་སུས་སེམས་ཤུགས་དང་སྤྲོ་བ་འཕར་དུ་འཇུག་གིན་འདུག དེ་དང་མཉམ་དུ་བསྡད་ན་རེ་བ་དང་ཞེ་འདོད་ལྟར་རང་གི་གྲུབ་འབྲས་ལ་ཉེ་བ་ཡིན། འཇིག་རྟེན་གྱི་གཏམ་དཔེར། “ཡིད་གཏད་གྱི་གྲོགས་པོ་ལྔ་ལས་ཁྱེད་རང་འབྲིང་པོ་ཡིན།” ཟེར་བ་ལྟར་རང་གིས་རང་ལ་ང་རྒྱལ་མི་བྱེད་པར་བརྩོན་འགྲུས་ཅན་གྱི་མི་དང་གྲོགས་པོ་བྱ་དགོས། ཁྱོད་ལ་ཆ་རྒྱུས་ཡོད་པའི་མི་བརྩོན་འགྲུས་ཅན་ཡོད་དམ། ཡོད་ན་ད་ལྟ་ཉིད་དུ་མཐུན་གྲོགས་བྱོས།

༤༽ ལས་དོན་དུམ་བུར་བགོ་དགོས།

ལས་ཀ་ཅི་འདྲ་ཞིག་ཡིན་ན་ཡང་དུས་བབ་དང་སོ་སོའི་ནུས་པ་ལ་ལྟོས་ནས་དུམ་བུར་བགོས་ན་སྐྱོན་དང་ཡོན་ཏན། འགྲིག་དང་མི་འགྲིག་པའི་གནད་འགག་མང་པོ་ཤེས་ངེས་པས་གྲིམ་ལྷོད་ཀྱི་ཚད་ཤེས་ཐུབ། སྤྱིར་ཆ་ཤས་ཆུང་ངུའམ་ལས་དོན་ཉུང་ཉུང་བཙལ་ནས་དེའི་དོན་གྲུབ་པ་ལ་དགེ་མཚན་ཆེན་པོ་མེད་ཀྱང་དེ་ལ་བརྟེན་ནས་སེམས་ཤུགས་འཕར་སྲིད། དེའི་ཉམས་མྱོང་དང་གྲུབ་འབྲས་ཀྱི་སེམས་ཚོར་ལ་བརྟེན་ནས་ལས་དོན་ཆེན་པོ་ལས་འདོད་དང་དཀའ་སྡུག་ལ་སྙིང་རུས་འབད་སྟངས་དུ་མ་ཞིག་རྙེད་ཡོང་ངེས་ཡིན། དེའི་ཕྱིར་ལས་དོན་ཉུང་ངུར་བགོས་རྗེས་ཉམས་མྱོང་གང་མང་བསགས་ནས་སྤྲོ་བ་བསྐྱེད་ན་ལས་དོན་མི་འགྲུབ་པའི་དཔེ་མི་སྲིད།

༥༽ རིག་པ་བསྒྲིམ་དགོས།

སྐབས་བབ་ཀྱི་ལས་དོན་ཆེ་ཕྲ་ལ་མ་ལྟོས་པར་གང་ཐུབ་ཀྱིས་དེ་ལ་དམིགས་པ་གཏད་དགོས། དེ་ལ་དབྱིངས་མ་ཞུགས་ན་དཀའ་ལས་དང་ཉོབ་སྣང་ཤར་ཏེ་ག་དུས་ཡིན་ནའང་བྲེལ་འཚུབ་ཀྱི་ངང་ནས་སྐབས་ཐོག་གི་བྱ་བ་ལས་གཞན་ལ་བག་གཡེང་སོགས་བྱེད་སྲིད། དེའི་ཕྱིར་ལས་དོན་མ་གྲུབ་བར་དུ་རྣམ་གཡེང་གི་བྱ་བ་ལ་འཛེམ་དགོས། གཉེན་ཉེ་སོགས་ཀྱི་འཕྲིན་ཐུང་དང་འཕྲིན་ཕྲན་སོགས་ལ་ལམ་སེང་ལན་སྤྲོད་པའི་དུས་ཚོད་མེད་པའི་གོ་བརྡ་སྤྲད་དགོས། རྒྱུ་མཚན་ནི་ཁོང་ཚོའི་སེམས་ནང་ལ་ཁྱོད་ཀྱི་དྲྭ་རྒྱ་བེད་སྤྱོད་གཏོང་སྟངས་ལ་དེ་སྔོན་དང་མི་འདྲ་བའི་འགྱུར་བ་ཐེབས་ཡོད་པའི་ཚོར་སྣང་སྤྲད་དགོས་པས་ཡིན།

༦༽ ཅིའི་ཕྱིར་ཞེས་ཡང་ཡང་དྲིས།

སྐབས་ཐོག་གི་ལས་དོན་དེ་རྒྱུ་མཚན་གང་གི་ཕྱིར་ལས་ཀྱི་ཡོད་པ་ཤེས་ཤིང་ངོ་འཕྲོད་པའི་ཐོག་ནས་ལས་ན་སེམས་ཤུགས་འཕར་བའི་ནུས་པ་དེ་ལས་གཞན་མེད། གལ་ཏེ་ཁྱོད་ཀྱིས་ཡིད་སྨོན་ཤོར་བའི་ལས་འགུལ་ཆེན་པོ། དཔེར་ན་ཁང་པ་སོགས་བརྩིགས་པ་དང་། ཡང་ན་ཆུང་ཤོས། དཔེར་ན་སོ་སོའི་ནང་གི་ཅོག་ཙེའི་ཐོག་ལ་ཁ་ལག་ཅིག་བཞག་པ་ཚུན་ཆད་ལའང་རྒྱུ་མཚན་ཤེས་པར་བྱ་དགོས་རྒྱུ་དེ་ཡང་གནད་འགག་ཅིག་ཡིན། དེ་མིན་གཞན་དམངས་དང་སྒེར་གྱི་ལས་དོན་སོགས་ལས་འགུལ་དེའི་དམིགས་ཡུལ་དང་རྒྱུ་མཚན་དུ་མས་གོ་བརྡ་སྤྲད་ནས་སྤྲོ་བ་བསྐྱེད་དུ་བཅུག་པ་དང་། དེ་དང་འདྲ་པོ་ཞིག་ཁྱེད་རང་ལ་ཡང་སོ་སོས་འཆར་གཞི་བརྩམས་ནས་སྤྲོ་བས་ལྷུར་ལེན་དགོས།

༧༽ སེམས་གཤིས་བརྟན་པོ་བྱོས།

གལ་ཏེ་གཞན་གྱིས་ཁྱོད་ལ་དོན་གོ་མ་ཆོད་པ་དང་། སྐྱོན་དང་འཕྱ་སྨོད་སོགས་བཤད་ན་དེའི་ཐོག་ལན་རྒྱག་ཐུབ་མི་ཐུབ་གལ་མི་ཆེ། གྲུབ་འབྲས་མ་ཐོན་ནའང་དེ་ལ་དང་ལེན་བྱེད་ཤེས་ན་གྲུབ་འབྲས་ཐོན་པ་ལ་ཕན་ཐོགས་ཆེ། གཞན་གྱི་ཁ་དང་ཚིག་ལ་མ་བལྟས་པར་རང་གི་དམིགས་ཡུལ་འགྲུབ་པའི་དོན་ལ་འབད་དགོས། གལ་སྲིད་རང་གི་ལས་དོན་དེ་མ་གྲུབ་ནའང་གཞན་གྱི་གྲུབ་འབྲས་ལ་བལྟས་ནས་སེམས་ཤུགས་མ་ཆག་པར་བརྩོན་འགྲུས་བསྐྱེད་རྒྱུ་གལ་ཆེ། དུས་རྒྱུན་རང་གི་སྐྱོན་ལ་དམིགས་ནས་སེམས་པ་སྐྱོ་བ་ལས། སོ་སོའི་ཡོན་ཏན་ལ་དམིགས་ནས་དགའ་བ་སྒོམས་དང་། ཡོན་ཏན་དེ་ཡར་རྒྱས་དང་གོང་འཕེལ་འགྲོ་བར་འབད་པ་གང་ཐུབ་ཐུབ་བྱས་ན་བཟང་པོའི་ཕྱོགས་ཤིག་ཡིན་པ་ལས་ཉེས་པའི་ཆ་ནམ་ཡང་ཡོང་མི་སྲིད་པ་ཡིན།

མཇུག་སྡོམ།

ད་ནི་སྙིང་གཏམ་བདུན་པོ་འདིས་རང་ཉིད་འཚོ་སྟངས་ཇི་ལྟར་ཡིན་པ་ཤེས་ངེས་ཡིན་པས་ཁོར་ཡུག་དང་གནས་སྟངས་ཐམས་ཅད་ལ་བཟང་ཕྱོགས་ནས་ལྟོས། སོ་སོ་སུ་ཡིན་པ་ལེགས་པར་ཧ་གོ་བར་བྱོས། ལམ་ལྷོང་ཅན་དང་གྲུབ་འབྲས་ཅན་གཞན་དང་མ་འགྲན། རང་གིས་རང་ཉིད་ལ་སྤོབས་པ་དང་ནུས་པ་ཡོད་པའི་ཡིད་ཆེས་བྱོས། དེ་ལྟར་སྙིང་གཏམ་བདུན་པོ་འདི་མི་རེ་ངོ་རེས་བྱ་བ་ཅི་འདྲ་ཞིག་བརྩམས་ཀྱང་སེམས་ཤུགས་དང་བརྩོན་འགྲུས་བསྐྱེད་པ་ལ་ཕན་ཐོགས་ཡོང་བའི་སྨོན་འདུན་ཞུ།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།